གངས་དཀར་ཕྱོགས་ལས་རྣམ་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རི་བོ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད། གངས་དཀར་ཕྱོགས་ལས་འདི་ལ་རྣམ་རྒྱལ་ཟེར་དོན་ནི། ཕྱོགས་གང་ནས་བལྟས་ན་འདིའི་མཐོ་ཞིག་མེད་པ་དང་། ཤེལ་དཀར་གྱི་མཆོད་རྟེན་བཞེངས་པ་ལྟ་བུ་གང་ནས་ཀྱང་མཐོང་ཐུབ་པ་མ་ཟད། གངས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ན་གངས་དཀར་ཕྱོགས་ལས་རྣམ་རྒྱལ་བཏགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岗格尔肖合力南杰山
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
རིགས་དབྱེ།
རི་བོ།
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་སུ་རུ་ཡུལ་ཚོ་དང་ལུང་དམར་ཡུལ་ཚོའི་ས་མཚམས།
མཚོ་འཕགས།
རྨིད5291ཡོད།
ཡུལ་སྐོར་དུས་ཚིགས།
དབྱར་ཀ།
1 མིང་ཐོགས་ཚུལ།

སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས།  ས་ཁ་སྟོད་ཀྱི་བོད་བྱང་ཐང་གི་ཕྱོགས།   འཇུ་ལག་གཙང་བོའི་མགོ་ཁུངས་འདི་ནས།   གངས་དཀར་བོ་གླང་ཆེན་གྱི་ཁྱུ་བཙུགས་འདྲ་ཡིན་ཟེར་བ་དེའི་ཡ་གྱལ་ཞིག་ཡིན།   སྟོད་ན་གངས་དཀར་ཕྱོགས་ལས་རྣམ་རྒྱལ།   སྨད་ན་གངས་དཀར་ཡིད་བཞིན་ནོར་བུ(ཨ་མྱེས་དཀར་པོ་ཡང་ཟེར)།   དེང་སང་རྒྱ་སྐད་ཀྱིས(玛雅雪山)དཔའ་རིས་ས་ཆ་ན་ཡོད་པ་དང་།   གངས་དཀར་ཕྱོགས་ལས་འདི་ལ་རྣམ་རྒྱལ་ཟེར་དོན་ནི།   ཕྱོགས་གང་ནས་བལྟས་ན་འདིའི་མཐོ་ཞིག་མེད་པ་དང་།  ཤེལ་དཀར་གྱི་མཆོད་རྟེན་བཞེངས་པ་ལྟ་བུ་གང་ནས་ཀྱང་མཐོང་ཐུབ་པ་མ་ཟད། གངས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ན་གངས་དཀར་ཕྱོགས་ལས་རྣམ་རྒྱལ་བཏགས།

2 འབྲེལ་ཡོད་ངག་རྒྱུན་གྱི་སྐོར།
2_1 འབྲེལ་ཡོད་ངག་རྒྱུན་དང་པོ།

གངས་རིའི་རྒྱལ་བོ་གངས་དཀར་ཏི་སེའི་ཁོར་ཡུག་དང་ཧ་ཅང་མཚུངས་བར་བཤད།   གངས་རིའི་རྒྱལ་བོ་གངས་དཀར་ཏི་སེའི་ཕྱོགས་བཞི་ན་རྨ་བྱ་ཁ་འབབ།  རྟ་མཆོག་ཁ་འབབ།   སེང་གེ་ཁ་འབབ།  གླང་ཆེན་ཁ་འབབ་བཅས་ཆུ་ཆེན་བཞི་རྒྱལ་ཁབ་ཕྱི་ནང་ལ་བཞུར་གྱིན་ཡོད་ལ།   རྒྱ་གར་གྱི་ཆུ་བོ་གངྒཱ་དང་ཡར་ཀླུང་གཙང་བོ།   ལི་ཡུལ་ཏེ་དེང་སང(新疆)ཟེར་བ་སོགས་ལ་བཞུར་གྱིན་ཡོད།  གངས་ཏི་སེའི་མཐའ་འཁོར་ན་ཆུ་ཕྲན་ལྔ་བརྒྱ་ཡོད་ལ་དེ་དག་ནི་དགྲ་བཅོམ་པ་ལྔ་བརྒྱའི་མཚོན་བྱེད་ཡིན་ཟེར།   དཔེ་དེ་དང་འདྲ་བར་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ཤར་ཕྱོགས་སུ་འཇུ་ལག་གཙང་བོ་སྟེ་བོང་སྟག་ས་གནས་སུ་མེ་རིའི་ཆུ་དང་ཐང་དམར་ཆུ་ཟེར་བ་དེ་ཡོད།   དཔའ་རིས་ས་ཆ་ནས་འདི་ལ་འཇུ་ལག་གཙང་བོ་ཟེར་ཞིང་།  སྔོན་ཆད་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་ནང་དུ་ཏཱ་ཐོང་ཆུ་བོ་ཟེར་བ་དེ་ཡིན་ལ། རྒྱ་སྐད་དུ (大通河)  ཞེས་ཟེར། དཔའ་རིས་མཆོད་རྟེན་ཐང་བརྒྱུད་དེ་ལན་གྲུ་ལ་ཐོན་ལ་ཉེ་དུས་རྨ་ཆུ་དང་འདྲེས་ཡོད། རྨ་ཆུ་ནི་ཞིང་ཆེན་ཕྱི་ནང་མང་བོ་བརྒྱུད་ནས་ཕྱིའི་རྒྱ་མཚོའི་ནང་དུ་བཞིར་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། འདི་འདྲའི་ཆུ་རྔ་རིང་ལ་ཆུ་བོ་མིང་ཆེན་ལ་འདྲེས་ནས་ཕྱིའི་རྒྱ་མཚོའི་ནང་དུ་ཐོན་ཐུབ་པའི་ཆུ་བོ་བོང་སྟག་ས་ཆ་ནས་ཕལ་ཆེར་འཇུ་ལག་གཙང་བོའམ་མེ་རིའི་ཆུ་བོ་འདི་ལས་མེད་པར་བསམས།  གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ལྷོ་ཕྱོགས་ན་ཤེའུ་དཀར་ཆུ་བོ་ཟེར་བ་ཡོད་ཅིང་།   དེའང་ལུང་དམར་ནས་གཡག་འཁེངས་དང་མཁར་དམར་བརྒྱུད་ནས་བེའུ་ཧ་ཆུ་བོར་འདྲེས་ཏེ།   མཚོ་རྒན་མ་ཁྲི་གཤོག་རྒྱལ་མོར་འདྲེས་ཡོད།   དེང་སང་གཡག་འཁེངས་ཟེར་ལ་སྔོན་ཆད(གཡང་ཁང)ཟེར་བ་དེ་ནས་བཞུར་བའི་གཡག་ལུང་ཆུ་དང་རྡོ་རྒྱུ་ཆུ་སོགས་ཀྱང་མར་བེའུ་ཧ་ཆུ་བོར་འདྲེས་ནས་མཚོ་སྔོན་པོར་འདྲེས་ཡོད།    བྱང་ཕྱོགས་ཀྱི་ཆུ་ནི་སྨན་ཐང་ཆུ་ཡིན་ཞིང་།   འདི་སུ་རུའི་ཆུ་ལ་འདྲེས་ནས་ཀན་སུའུ་ཕྱོགས་སུ་བཞུར་ཡོད།  གཞན་ད་དུང་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་མཐའ་འཁོར་ན་ཆུ་ཕྲན་ལྔ་བརྒྱ་ལྷག་ཡོད་ཟེར་ལ།   དེ་དག་ཀྱང་དགྲ་བཅོམ་པ་ལྔ་བརྒྱའི་མཚོན་བྱེད་ཡིན་པ་འདི་དག་གིས་གངས་རིའི་རྒྱལ་བོ་གངས་དཀར་ཏི་སེའི་མཚོན་བྱེད་ཡོད་ཚད་ཚང་བར་བཤད་པ་རེད།   ཁྱད་པར་དུ་མདུན་ངོས་ན་གངས་དཀར་ཏི་སེ་དང་ཆ་འདྲ་བར་མ་ཕམ་གཡུ་མཚོའི་མཚོན་བྱེད་དུ་མཚོ་ཁ་ཕོར་ཡོད་པའི་གནས་རི་ཁྱད་པར་ཅན་ཞིག་རེད།   ས་ཆ་འདིའི་ཆུ་དགུན་ཁར་འཐུང་ན་ཕོ་ཚད་ཀྱི་རང་བཞིན་འཇོམས་འགྲོ་ཟེར་བ་དང་།   དབྱར་ཁར་འཐུང་ན་མེ་དྲོད་གསོ་ཐུབ་པ་དང་མེ་དྲོད་འཕེལ་ཐུབ་ཟེར།   ཁ་ངོ་བཀྲུས་ན་སྡིག་སྒྲུབ་ཐམས་ཅད་འཇོམས་ཤིང་གྲིབ་ཐམས་ཅད་སེལ་ཐུབ་ཟེར་སྲོལ་ཡོད། གངས་དཀར་ཆུ་བོ་འདིའི་ཆུ་རྔ་རི་རྒན་བཅས་ལ་བཞུར་ཡོད་པས།    དེ་དག་གིས་ཀྱང་དབྱར་ཁ་བལ་བྲེགས་རྗེས་ལུག་གངས་ཆུར་འཕངས་ནས་ཁྲུས་བྱེད་དུ་འཇུག་པའི་ལོ་རྒྱུས་ཡ་མཚན་ཡོད།   ཡར་གངས་འདབས་ལ་ཐོན་མི་ཐུབ་པའི་མི་རྣམས་ཀྱིས་ཀྱང་རི་རྒན་ལྕགས་ཀྱི་ཡན་ནས་ནམ་ཡང་གངས་ཆུས་ཁྲུས་བྱེད་སྲོལ་ཡོད་ལ་གནས་དེར་ད་དུང་ཞལ་དཀར་ཚོགས་དྲུག་རང་གྲོལ་ཚང་གིས་རབ་གནས་བྱས་ཤིང་རྐང་ལག་གི་དྲག་གྲུམ། པགས་ནད་སོགས་ལ་ཕན་པའི་ཆུ་ཚན་ཞིག་ཡོད།  རིག་གསར་རྗེས་སུ་བྲག་དཀར་སྔགས་རམས་པ་ཚང་གིས་ཀྱང་རབ་གནས་བྱས་ཏེ་ཁོང་ཚང་ཆུ་ཚན་ལ་བསྡད་པའི་ལོ་རྒྱུས་ཡོད། 

2_2 འབྲེལ་ཡོད་ངག་རྒྱུན་གཉིས་པ།

གནས་འདིར་པཎ་ཆེན་ན་རོ་པ་ཚང་གི་སྐུ་གདུང་བཞུགས་ཡོད་ཟེར།  འདི་ནི་སྔོན་ཆད་རྒྱ་གར་གྲུབ་ཆེན་ཏེ་ལོ་པ་ཚང་ལ་རྡོ་རྗེ་འཆང་གིས་ཞལ་གཟིགས་ཟེར།  ཞལ་གཟིགས་དུས་ཁོང་གིས་གསེར་དམར་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་ཞིག་བཞེངས་ཐུབ་ན་བཟང་སྙམ་པའི་ཐུགས་དགོངས་སྨོན་ལམ་ཡོད་ཅིང་།   ཁོང་ཚང་ལ་དེ་འདྲའི་ཐུགས་དགོངས་ཞིག་སྐྱེས་ནའང་ཆ་རྐྱེན་དང་རྒྱུ་རྐྱེན་གང་རུང་གིས་འགྲུབ་རྒྱུ་མ་རེད་བསམ་མ་ཐག   ནམ་མཁའ་ནས་གསེར་དམར་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་རང་བྱོན་ཞིག་ཁོང་གི་ཕྱག་ལ་བབས།   དེའི་རྗེས་ནས་སྒྲ་བསྒྱུར་མར་བ་ལོ་ཙཱ་ཚང་རྒྱ་གར་ནས་བོད་ལ་ཕེབས་དུས་ཕལ་ཆེར་རྒྱ་ཡིས་བཤད་སྲོལ་ལྟར་ན་ཡོན་རྒྱལ་རབས(元朝)ཀྱི་སྐབས་ལོས་ཡིན་འདོད།   རྗེ་བདག་ཉིད་ཆེན་པོའི་སྐབས་རེད་ཟེར་བ་ཡང་ཡོད།   རྗེ་བདག་ཉིད་ཆེན་པོ་ཡིས་གསང་སྔགས་ཀྱི་བསྟན་པ་ཁྱད་པར་དུ་སྔགས་ཀྱི་བསྟན་པ་འདིའི་མགོ་ཁུངས་གཏུགས་ས་དེ་སྒྲ་བསྒྱུར་མར་བ་ལོ་ཙཱ་བ་ཡིན་ཟེར་བའི་སྲོལ་ཡོད་པ་ལ་བལྟས་ན་སྐབས་དེ་ཞིག་ལོས་ཡིན་འདོད།   སྐབས་དེར་ན་རོ་བའི་སྐུ་གདུང་རུས་བརྒྱན་རྡོ་རྗེ་འཆང་གི་སྐུ་ཐམས་ཅད་བོད་ལ་གདན་དྲངས།   བོད་ལ་གདན་དྲངས་ནས་ལྷོ་གྲོ་བོའི་ལུང་ཟེར་བ་དེང་སང་བོད་ལྗོངས་ཀྱི་ལྷོ་ཁ་ས་ཆ་དེ་ནས་བཞུགས།   དེ་རྗེས་དཔལ་ན་ལེནྡྲ་དང་བོད་ལྗོངས་ཀྱི་བྱང་ཕྱོགས་ཕལ་ཆེར་རྭ་སྒྲེང་ཡོད་པའིས་ཆ་ན་སྔ་རྗེས་སུ་བཞུགས། ཧོར་ཆ་ཧར་རྒྱལ་བོའི་སྐབས་སུ་བོད་ཡོད་ཚད་དབང་བསྒྱུར་བྱས་རྗེས། ཕལ་ཆེར་ཡོན་རྒྱལ་རབས(元朝)སྐབས་ཤིག་ཡིན་པར་འདོད། ན་རོ་བའི་སྐུ་གདུང་མར་རྒྱ་ནག་དང་སོག་ཡུལ་གང་རུང་ཞིག་ལ་གདན་འདྲེན་ཞུས་རྩིས་བྱས།   བྲག་དགོན་པ་བསྟན་པ་རབ་རྒྱས་ཚང་གི་མདོ་སྨད་ཆོས་འབྱུང་ལས་དེ་ལྟར་གསུངས་ཡོད།   དེ་ནས་གདན་དྲངས་ནས་ཡོང་དུས་ན། དམངས་ཁྲོད་ངག་རྒྱུན་ལྟར་ན།  བྲག་ཆོས་བརྩིགས་ཀྱི་མཚོ་སྔོན་པོའི་མཚོ་ཁ་ཟེར་ལ་ད་ལྟའི་ཆོས་བརྩིགས་དགོན་ཡོད་སའི་གནས་དེར་ཐོན་དུས་ཁ་བ་ཆེན་པོ་བབས་ནས་དགོང་མོར་དེར་འདུག་དུས། ཧོར་ཆ་ཧར་རྒྱལ་བོའི་འཁོར་འབངས་ཐམས་ཅད་ཀྱིས་རྨི་ལམ་ཞིག་རྨིས།    གཡག་ཞོན་མང་བོ་ཞིག་གིས་དཔལ་ན་རོ་པའི་སྐུ་གདུང་འཕྲོག་སོང་བ་ཞིག་རྨིས།    ནམ་ལངས་ནས་འགྲོ་རྩིས་བྱེད་དུས་སྐུ་གདུང་མཐོང་རྒྱུ་མ་བྱུང་།  དེའི་མཐའ་འཁོར་ནས་གཡག་རྗེས་སམ་འབྲོང་རྗེས་མང་བོ་མཐོང་བྱུང་།    དེ་ནས་རྨི་ལམ་དང་མཐུན་པོ་བྱུང་བས་རྗེས་དེད་དེ་སོང་བ་ན་ཕྱོགས་ལས་ཀྱི་གངས་འདབས་ལ་གཏུགས་ཡོད་པར་གྱུར།    དེ་ནས་བཟུང་ན་རོ་བའི་སྐུ་གདུང་ཕྱོགས་ལས་ལ་འཐིམས་སོང་ཟེར་བ་ཡིན་ལ།  པཎ་ཆེན་ན་རོ་བའི་སྐུ་གདུང་གངས་དཀར་ཕྱོགས་ལས་ན་བཞུགས་ཟེར་དོན་ཡང་དེ་ཡིན། དེ་བས་རྒྱལ་ནང་དུ་འདྲེན་མ་ཐུབ་པར་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དུ་འཐིམས་སོང་ཟེར།

3 ཁ་འབབ་ཆུ་བོ་བཞི།

མདོ་སྨད་དུ་གྲགས་ཆེ་བའི་གནས་རིའི་གྲས་ཀྱི་གཅིག་ཡིན་ལ། དེའང་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་དུའང་བྱང་གི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ཞེས་བྱུང་མྱོང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་།  མཚོ་འཕགས་རྨིད4500ནས་རྨ་ིད5500ཡོད་ཅིང་། རི་རྒྱུད་ཕྲེང་བར་སྤྲེལ་ནས་ཀན་སུའུ་དང་མཚོ་སྔོན་གཉིས་ཀྱི་ས་ཆར་བསླེབས་ཅིང་། གངས་རྩེ་བརྒྱད་དང་། གངས་ཞོ་བླུགས་སོགས་གངས་རི་མཐོན་པོ་དུ་མས་བསྐོར་ཡོད།   ཕྱི་རབས་དགྱེས་པའི་དགའ་ཚལ་དུ། ཐེམ་ཆེན་རྫོང་གི་ནུབ་ཕྱོགས་སུ་གྲུབ་ཆེན་ས་ར་ཧ་ཡིས་ཐུགས་སྤྲུལ་མེ་རིའི་གངས་དཀར་ཕྱོགས་རྣམ་རྒྱལ་གྱི་རི་རྒྱུད་ནས་མངར་བ་དང་བསིལ་བ། འཇམ་པ། ཡང་བ། དྭངས་པ། གཙང་པ། འཐུང་ན་ལྟོ་བར་ཕན་པ། མགྲིན་པ་མི་གནོད་པའི་དྭངས་ཤིང་གཙང་པའི་ཡན་ལྡན་བརྒྱད་ལྡན་གྱིས་ཕྱུག་པའི་ཆུ་བོ་ཆེན་པོ་བཞི་ཕྱོགས་བཞིར་འབབ་བཞིན་ཡོད་ཅེས་དང་། ཡང་དེ་ལས།  གངས་རིའི་ནུབ་ཕྱོགས་སུ་སུ་རུའི་ཆུ་ཆུ་བོས་མདོ་ལ་རིང་མོའི་རི་རྒྱུད་འཕྲེད་དུ་བཅད་ནས་ཀན་སུའུ་ཞིང་ཆེན་སུའུ་པེའི་སོག་རིགས་རང་སྐྱོང་རྫོང་གི་ཁྲང་མ་ཡུལ་མ་ཡུལ་ཚོ་དང་ཡུའེ་མིན་གྲོང་རྡལ་བརྒྱུད་ནས་ནུབ་ཕྱོགས་སུ་ཉལ་འགྲོའི་རལ་བའི་གཟེགས་མ་འཐོར་བཞིན་བབས་ཏེ།  ཉིན་མཚན་དུས་དྲུག་ཏུ་སྐྱེ་འགྲོ་ཁྲི་ཕྲག་མང་པོར་སྐོམ་པས་གདུང་བ་སེལ་བཞིན་ཡོད་ཅེས་དང་། གངས་རིའི་ཤར་ཕྱོགས་སུ་ཐང་དམར་ཆུ་དང་།  རྡོ་སོལ་ཆུ།  ཝ་ཚིགས་ཆུ།  སྤྱང་ཚང་ཆུ་སོགས་ལྷན་དུ་འདུས་པའི་འཇུ་ལག་ཆུ་བོ་འདི་ཉིད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བརྒྱུད་ནས་རྨ་ཆུ་དང་འདྲེས་ཏེ་རྒྱ་མཚོ་ཆེན་པོར་འབབ་བཞིན་པ་དང་།  གངས་རིའི་ལྷོ་ཕྱོགས་སུ་ཤད་ཀྱི་ཆུ་བོ་དང་། ཤེའུ་དཀར་ཆུ་བོ།  གཡག་ཁེངས་ཆུ་བོ།  ཤྰ་རག་ཀ་ཆུ་བོ།  ཅོང་ཆུ།  ཀླུ་མང་ཆུ་བོ་སོགས་ཆུ་བོ་བརྒྱ་ཕྲག་དུ་མ་ཕྱོགས་གཅིག་ཏུ་འདུས་པའི་བེའུ་ཧ་ཆུ་བོ་དེ་ཉིད་ཁྲི་ཤོར་རྒྱལ་མོར་འབབ་བཞིན་ཡོད། གངས་རིའི་བྱང་ཕྱོགས་སུ་བྰ་ཝོལ་སུའི་ཆུ་དང་ན་དཀར་ལྡང་ཆུ།  གཡང་ལུང་ཆུ།  འགག་སྔོན་ཆུ་སོགས་ལྷན་དུ་འདུས་པའི་ཐོ་ལིས་ཆུ་བོ་འདི་ཉིན་ཀན་སུའུ་ཞིང་ཆེན་གྱི་སུའུ་ནན་ཤ་ར་དབྱི་ཝོར་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་མདོང་ནག་གམ་ཆུ་ཆེན་ཡུལ་ཚོ་དང་རྨ་ནུབ་ཚོང་ལམ་མམ་ལང་ཇུ་སྡེ་བཞིའི་ཕྱོགས་སུ་འབབ་བཞིན་ཡོད། མདུན་ངོས་ན་གངས་དཀར་ཏི་སེ་དང་ཆ་འདྲ་བར་མ་ཕམ་གཡུ་མཚོའི་མཚོན་བྱེད་དུ་མཚོ་ཁ་ཕོར་ཡོད་པས་དམངས་ཁྲོད་དུ་འང་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ལ་གནས་བསྐོར་དང་ཕྱག་སྐོར་བྱས་ན་གངས་རིན་པོ་ཆེར་མཇལ་བ་ཁྱད་མེད་པར་བཤད་སྲོལ་ཡོད།    གཞན་ཡང་ས་ཆ་འདིའི་ཆུ་དགུན་ཁར་འཐུང་ན་ཕོ་ཚད་ཀྱི་རང་བཞིན་འཇོམས་འགྲོ་ཟེར་བ་དང་།   དབྱར་ཁ་འཐུང་ན་མེ་དྲོད་གསོ་ཐུབ་པ་དང་མེ་དྲོད་འཕེལ་ཐུབ་ཟེར།   ཁ་ངོ་བཀྲུས་ན་སྡིག་སྒྲུབ་ཐམས་ཅད་འཇོམས་ཤིང་གྲིབ་ཐམས་ཅད་སེལ་ཐུབ་ཟེར་སྲོལ་ཡོད། གངས་དཀར་ཆུ་བོ་འདིའི་ཆུ་རྔ་རི་རྒན་བཅས་ལ་བཞུར་ཡོད་པས།    དེ་དག་གིས་ཀྱང་དབྱར་ཁ་བལ་བྲེགས་རྗེས་ལུག་གངས་ཆུར་འཕངས་ནས་ཁྲུས་བྱེད་དུ་འཇུག་པའི་ལོ་རྒྱུས་ཡ་མཚན་ཡོད།   ཡར་གངས་འདབས་ལ་ཐོན་མི་ཐུབ་པའི་མི་རྣམས་ཀྱིས་ཀྱང་རི་རྒན་ལྕགས་ཀྱི་ཡན་ནས་ནམ་ཡང་གངས་ཆུས་ཁྲུས་བྱེད་སྲོལ་ཡོད་ལ་གནས་དེར་ད་དུང་ཞལ་དཀར་ཚོགས་དྲུག་རང་གྲོལ་ཚང་གིས་རབ་གནས་བྱས་ཤིང་རྐང་ལག་གི་དྲག་གྲུམ། པགས་ནད་སོགས་ལ་ཕན་པའི་ཆུ་ཚན་ཞིག་ཡོད།  རིག་གསར་རྗེས་སུ་བྲག་དཀར་སྔགས་རམས་པ་ཚང་གིས་ཀྱང་རབ་གནས་བྱས་ཏེ་ཁོང་ཚང་ཆུ་ཚན་ལ་བསྡད་པའི་ལོ་རྒྱུས་ཡོད། 

4 སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཚུལ།

སྙན་པའི་གྲགས་པ་འབར་བའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ཕྱོགས་དང་ཕྱོགས་སུ་མཁས་ཆེན་བླ་ཆེན་མང་པོའི་སྔ་ཕྱིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱི་བརླབས་མྱོངས་སྟེ།  བོང་སྟག་སྡེ་བ་འདི་ས་ཆ་འདིར་ཡོང་བའི་བར་སྐབས་དེར་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་གཉིས་པས་གངས་དཀར་ཕྱོགས་ལས་ཀྱི་མཐའ་འཁོར་འདི་ནས་རྣམ་རྒྱལ་མ་དཀར་མོའི་དབང་གསུང་མྱོང་བ་ལོ་རྒྱུས་སྟེང་དུ་ཡོད།   སྤྱི་ལོ1800ནང་ལ་སྐུ་ཕྱོགས་དགུ་རོང་ཆོས་དབྱངས་འཇིགས་བྲལ་རྡོ་རྗེ་ཚང་ས་ཆ་འདིར་ཕེབས་ནས་ཕྱོགས་ལས་ལབ་ཙེ་བསྟད།  མོག་ཆེན་ཨ་ཕ་ཚང་གི་སྐུ་རིང་ལ་བསྟོད་མགོ་བརྩམས།   དེའི་རྗེས་ནས་ལོ་རབས50ཡི་ཡར་སྔོན་ལ་རྭ་རྒྱའི་སྐུ་ཕྱོགས་རྒྱ་ལུ་རྡོ་རྗེ་འཆང་དགེ་འདུན་བློ་བཟང་ཡེ་ཤེས་བསྟན་དར་སྐུ་ཕྲེང་བཅུ་གཉིས་པས་མེ་རིའི་ཕྱོགས་ནས་བཙུན་མོའི་ལབ་ཙེ་བསྟད།   ལོ་རབས་ལྔ་བཅུའི་ཡར་སྔོན་ནམ་ང་བརྒྱད་ཀྱི་ཡར་སྔོན་དེར་ཨ་ལགས་གྲུབ་ཆེན་ཚང་ཟེར་བའི་བླ་མ་གྲུབ་ཆེན་ཚང་ཟེར་བ་དེ་བཤད་ཚུལ་ལ་མཚོ་ལྷོ་མང་རྫོང་གི་ཀླུ་ཚང་དགོན་པའི་གྲུབ་ཆེན་པ་ཞིག་ཡིན་ཟེར་བ་ཞིག་ཡང་ས་ཆ་འདིར་ཕེབས་ནས་བོང་སྟག་ཡིད་བཞིན་སོགས་ཀྱིས་སྣེ་ཁྲིད་འོག་སྤྱི་ལོ1954ལོར་གངས་སྐོར་ལ་འགྲོ་བའི་སྲོལ་དར།   དེའི་སྔོན་ལའང་རྟའི་ལོ་ལ་གངས་སྐོར་ལ་འགྲོ་མཁན་རེ་འགའ་ཡོད་ནའང་སྡེ་བ་ཡོངས་གངས་སྐོར་ལ་འགྲོ་བའི་སྲོལ་མེད། གཞན་མོག་གི་བླ་མ་ཡང་ཆུང་ལྷ་རམས་པའང་ཕེབས་མྱོང་། ད་ལྟ་སྐུ་ཕྲེང་བདུན་པ་ཡིན་ཞིང་།   དེའི་སྐུ་ཕྲེང་དྲུག་པ་མཚན་ལ་དགེ་འདུན་བློ་བཟང་བསྟན་འཛིན་རྒྱ་མཚོ་ཟེར།  ལཱ་མོ་བདེ་ཆེན་གྱི་བླ་མའི་ཚོགས་ཀྱི་རེད།                                                  

5 གནས་སྐོར་དང་ལབ་ཙེའི་སྐོར།

གནས་འདི་ལ་ཕྱི་སྐོར་བར་སྐོར་ནང་སྐོར་གསུམ་ཡོད་དེ།   དང་པོ།    ཕྱི་སྐོར་ནི་གནམ་མཚོ་ཕྱུག་མོ་ནས་སྐོར་བ་དང་།  གཉིས་པ།  བར་སྐོར་ནི་གཡག་ལམ་ཁྲ་རྭ་ཟེར་བ་དེ་ནས་བཙུན་མོའི་ཕར་རྒྱབ་བརྒྱུད་ནས་ཡོང་བ་དེར་བར་སྐོར་ཟེར།   གསུམ་པ།  ནང་སྐོར་ནི་གཡག་ལམ་ཁྲ་རྭ་ནས་ཕྱོགས་ལས་རྭ་བར་དོག་པོ་ནས་ཡོང་བ་དེར་ནང་སྐོར་ཟེར།   མོག་གི་བླ་མ་ཡང་ཆུང་ལྷ་རམས་པའང་ཕེབས་མྱོང་། ད་ལྟ་སྐུ་ཕྲེང་བདུན་པ་ཡིན་ཞིང་།   དེའི་སྐུ་ཕྲེང་དྲུག་པ་མཚན་ལ་དགེ་འདུན་བློ་བཟང་བསྟན་འཛིན་རྒྱ་མཚོ་ཟེར།  ལཱ་མོ་བདེ་ཆེན་གྱི་བླ་མའི་ཚོགས་ཀྱི་རེད། ཁོང་ཚང་གིས་ཀྱང་གནས་འདི་ནས་བསང་སོགས་ཕུལ།   སྤྱི་ཚོགས་རྙིང་བའང་གནས་འགང་ཆེན་ཡིན་པ་སོགས་དེ་ལྟར་བཤད་ཀྱིན་འདུག   དེའི་ཕན་ཆད་ནས་མོག་གི་བླ་མ་རྡོ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཚང་ཡང་འཇིག་རྟེན་རྙིང་བར་གནས་འདིར་ཕེབས་མྱོང་ཡོད།   དེའི་རྗེས་ཀྱི་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་སུ་ལབ་ཙེ་དེ་གཉིས་མེད་བརླགས་ཏུ་སོང་ཡང་།   དེའི་རྗེས་ནས་ས་ཐོབ་དགོན་པའི་བླ་མ་སྐལ་ལྡན་དུ་མ་རང་གྲོལ་ཡར་ཕེབས་ནས་ཕྱོགས་ལས་ལབ་ཙེ་བསྐྱར་བསྟོད་བྱས། ད་ལྟའི་གྲུབ་དབང་སྐུ་ལོ་ཀ་ཏེ་ཚང་གིས་བཙུན་མོའི་ལབ་ཙེ་བསྐྱར་བསྟོད་བྱས་ཤིང་།     ད་ལྟ་མོག་ནག་སྟོད་གསུམ་གཙོ་བྱས་པའི་མཐའ་འཁོར་གྱི་ཡུལ་མི་ཚོས་ལོ་རེའི་ཟླ་དྲུག་པའིཚེས15ནས16ཉིན་དུས་རྒྱུན་ལབ་ཙེ་བསྟོད་པའི་སྲོལ་ཡོད། གཞན་ཡང་གངས་ཕྱོགས་ལས་རྣམ་རྒྱལ་གྱི་ཉེ་འགྲམ་དུ་ཆུ་ནག་པོ་དང་སེར་པོ་དཀར་པོ་སོགས་ཆུ་སྣ་ཁ་དོག་ལྔ་འབབ་བཞིན་ཡོད།

.jpg

མོག་ནག་སྟོད་གསུམ་གྱིས་ལབ་ཙེ་བསྟོད་ཀྱིན་པ།

6 བསང་ཡིག་གི་སྐོར།
6_1 བསང་ཡིག་ཁག་དང་པོ།

༄༅། །ལྷ་མཆོག་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་བསང་མཆོད་དབྱར་རྔའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ། 

༄༅། ། ཨོཾ་སྭཱ་སྟི། ལྷ་མཆོག་དགྲ་ལྷ་ཕྱོགས་ལས་རྣམ་རྒྱལ་ལ། །ལྷ་བསང་གཏོང་ཚུལ་དབྱར་རྔའི་སྒྲ་དབྱངས་འདི། །ལྷ་མཆོག་ཉིད་ལ་དད་པའི་བྲི་བ་ལ། །ལྷ་མཆོག་དགྱེས་བའི་བདག་ལ་གནང་བ་སྩོལ།། དེ་ལ་འདིར་བདག་ཅག་གི་སྐྱེས་ལྷ་གཉན་པོ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་འཁོར་བཅས་ལ་བསང་མཆོད་འབུལ་བར་འདིར་སའི་གང་ཟག་གི་དཀར་གཏོར་འདབ་བཞི་ལ་བཤོས་བུ་བརྒྱད་ཀྱིས་བསྐོར། རིལ་བུ་དང་མཐེབ་སྐྱུའི་ཁམས་རྣམས་ཀྱི་བསྐོར།    བསང་རྫས་དཀར་གསུམ་མངར་གསུམ་བཅས་བཤམ་ནས་རོལ་མོའི་དབྱངས་དང་བཅས་འདི་སྐད་དོ།།  

ཀྱེེ༔བཀྲ་ཤིས་གཡང་ཆགས་ས་ཡི་གོང་བུ་རུ།། ངོ་མཚར་རྨད་བྱུང་གནས་རི་ཁྱད་འཕགས་པ།།    མཛེས་བརྗིད་རྔམས་པའི་ཀེེ་ལ་ཤ་ཡི་རི།། དུང་གི་མདོག་ལྡན་གྲགས་གཡེར་ཆེ་བ་ཡི།། མངོན་པར་མཐོ་བའི་གངས་རི་དཀར་ཡག་དབུས།། རིན་ཆེན་ཆུ་ཤེལ་ཁང་བཟང་དགུ་བརྩེགས་པ།། མུ་མེན་གཡུ་ཡི་ཐེམ་སྐས་རབ་མཛེས་ལྡན།། གསེར་དངུལ་པ་ཏྲ་ངོམས་པའི་རབ་གསལ་མཛེས།། གསེར་གྱི་རྒྱ་ཕུབ་གསེར་འཕྲུ་གཟི་འོད་འབར།། དེ་འདྲའི་གཞལ་མེད་ཁང་བཟང་སྟེང་ཤོད་དུ།། གདོང་ལྔའི་བཏགས་པའི་དྲུག་འཇུག་ཁྲི་སྟེང་དུ།། གསེར་ནག་མཆོད་རྟེན་གཟི་འབར་བུམ་པའི་ནང་།། གྲུབ་དབང་ཆེན་པོ་པཎ་ཆེན་ནཱ་རོ་བ།། ལྔ་བརྒྱའི་གཙུག་རྒྱན་རྒྱལ་དབང་ལྔ་བའི་མཚན།། དམ་པ་རྣམ་གཉིས་གདུང་རྟེན་ལྷམ་མེད་བཞུགས།། ཞིང་གི་མཆོག་གྱུར་དག་པའི་ཞིང་དང་མཚུངས།། གཞལ་མེད་ཁང་བཟང་དེ་ཡི་བར་ཤོད་དུ།། གདོང་ལྔའི་བཏགས་པའི་གསེར་ཁྲི་འབར་བའི་སྟེང་།། ཟ་འོག་འབོལ་གདན་གུང་པགས་དཀར་མོའི་སྟེང་།། སྲིད་པའི་ལྷ་ཆེན་རྨ་རྒྱལ་སྦོམ་རིའི་སྲས།། དཔལ་ལྡན་ས་ར་ཧ་ཡི་ཐུགས་སྤྲུལ་མཆོག། ས་བརྒྱད་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེ།། ངོ་མཚར་རྨད་བྱུང་བསྟན་བསྲུང་དགྲ་ལྷའི་གཙོ།། བདག་གི་སྐྱེས་ལྷ་གཉན་པོ་མཐུ་རྩལ་ཅན།། རྣལ་འབྱོར་དགྲ་ལྷ་ཕྱོགས་ལས་རྣམ་རྒྱལ་ནི།། སྐུ་མདོག་རབ་དཀར་ཞི་འཛུམ་སྒེག་པའི་ཚུལ།། ཕྱག་གཡས་ཡིད་བཞིན་ནོར་བུ་བསམ་འཕེལ་བསྣམས།། གཡོན་པའི་ཤེལ་དཀར་ཕྲེང་བ་བརྒྱ་རྩ་འདྲེན།། སྐུ་ལ་ཟ་འོག་བེར་ཆེན་ན་བཟའ་གསོལ།། དབུ་ལ་རིན་ཆེན་པྲོག་ཞུ་མཛེས་པར་གསོལ།། ཞབས་ལ་སག་ལྷམ་པ་ཏྲ་འཇའ་རིས་གསོལ།། ཞབས་གཉིས་རྒྱལ་བོ་རོལ་བའི་སྟབས་ཀྱིས་བཞུགས།། རྩ་རྒྱུད་བླ་མའི་ཐ་ཚིག་ཉེར་དགོངས་ལ། །རྣལ་འབྱོར་མཆོད་པའི་མགྲོན་དུ་དབྱིངས་ནས་བཞེང། །ཕ་རྒྱུད་མི་རབས་བརྒྱུད་པའི་བསྲུང་མ་མཆོག །ཁྱེད་ཐུགས་བརྩེ་བའི་ངང་ནས་བཞེང་སུ་གསོལ། །དེ་ནས་སྤྱན་འདྲེན་པ་ནི།

ཀྱེེ༔ས་བརྒྱད་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ཆེ།།སྐུ་མདོག་དཀར་པོ་གངས་ལ་ཉི་ཤར་འདྲ།། ཕྱག་གཡས་རྣོ་ངར་མདུང་དར་དགུང་ལ་ཕྱར།། གཡོན་པའི་རིན་ཆེན་ནོར་གཞོང་ཤེལ་ཕྲེང་     བསྣམས། །སྐུ་ལ་ཟ་འོག་དར་ཟབ་ན་བཟའི་སྟེང་།། རིན་ཆེན་གསེར་གྱི་ཁྲབ་ཆེན་མཛེས་བར་      གསོལ།། སྣ་ཚོགས་མདངས་ལྡན་ནོར་བུའི་སྐ་རགས་བཅིངས།། མདོག་ལྡན་དར་དམར་རྒྱལ་དར་  རླུང་གིས་བསྐྱོད།། དབུ་ལ་གསེར་རྨོག་གླིང་བརྒྱད་རབ་མཛེས་ལ།། ཐང་དཀར་སྒྲོ་ཡི་ཐེའུ་ཕྲན་     བཙུགས་པའི་སྟེང་།། མདོག་ལྡན་དར་སྣ་ལྔ་ཡི་རུ་དར་གཡོ།། ཝེར་མ་ཐང་དཀར་རྒོད་པོས་ལྡིང་    འཁོར་བྱེད།། སྟག་དོང་ཁྲ་མོ་གསེར་གྱི་མདའ་མོས་བཀང་།། གཟིག་ཤུབས་ཐིག་ལེ་དངུལ་དཀར་   གཞུ་མོ་བཅུག། གནམ་ལྕགས་ངར་མའི་རལ་གྲི་སྐེད་ལ་བཏགས།། ཞབས་ལ་སག་ལྷམ་པ་ཏྲ་འཇའ་རིས་གསོལ།། རིག་ལྡན་དྲག་པོའི་རྣམ་སྤྲུལ་བསམ་ལས་འདས།། རབ་བརྗིད་གར་དགུའི་རོལ་གར་འགྱིང་སྟབས་ཚུལ།། གསེར་གཡུའི་སྲབ་མཐུར་གསེར་སྒ་ཉི་ཤར་ལ།། གཡུ་བྱུར་ཕྲ་བཀོད་ནོར་བུའི་ཤམ་བུ་གཡོ།། གསེར་གྱི་ཏོག་བརྒྱན་ཐུང་སྡོམ་དྲིལ་གཡེར་འཁྲོལ།། དངུལ་དཀར་ཡོབ་ཆེན་དར་ཟབ་གོང་རྨེད་བྱས།། ལྷ་རྟ་ངང་དཀར་རླུང་གཤོག་འཕུར་ཤེས་ལ།། དགྲ་ལྷའི་རྒྱལ་བོ་དགྱེས་པའི་གར་གྱིས་བཅིབས།། ལྷ་མཆོག་ཕྱོགས་ལས་རྣམ་རྒྱལ་འཁོར་བཅས་ཀྱིས།། རྩ་རྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ།། རྣལ་འབྱོར་ཏིང་འཛིན་ཆེན་པོའི་དཀྱིས་འཁོར་འདིར།། སྙན་བརྗིད་རོལ་མོའི་དབྱངས་ཀྱིས་སྤྱན་འདྲེན་ན།། སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས།།  དེ་ནས་ལྷ་མཆོག་ཉིད་ཀྱིས་བཀའ་འཁོར་ཡུམ་སྲས་དང་བཅས་སྤྱན་འདྲེན་པ་ནི། 

ཨོཾ། ལྷ་ཡི་མདུན་ངོས་ཡིད་ཙམ་འདས་བ་ན།། ཁམས་ཆེན་མཚོ་མོ་ཁ་དམར་གནས་མཆོག་ནས།། མུ་ཏིག་ཁང་བཟང་གདན་ཁྲི་མཛེས་པའི་སྟེང་།། གསང་བའི་ཡུམ་ཆེན་ཨུ་མ་ཆོས་སྒྲོལ་ནི།། སྐུ་མདོག་དཀར་དམར་ཞི་འཛུམ་ཆགས་པའི་ཉམས།། ཕྱག་གཡས་མདའ་དར་མེ་ལོང་རྒྱན་ལྡན་བསྣམས།།  གཡོན་པས་འཆི་མེད་ཚེ་ཡི་བུམ་པ་འཛིན།། ཟ་འོག་རིན་ཆེན་དར་ཟབ་ན་བཟའ་གསོལ།།མུ་མེན་   ཨིནྡྲ་ནཱི་ལའི་མགྲིན་རྒྱན་དང་།། པདྨ་རཱ་གའི་ཏོག་ལྡན་དབུ་བརྒྱན་མཛེས།། རིན་ཆེན་ཕྲ་བཀོད་    གསེར་ནག་སྙན་ཆ་དང་།། གསེར་གྱི་གདུ་བུ་ཕྱག་ཞབས་དྲ་བའི་བརྒྱན།། གཡུ་བྱུར་གཟི་མཆོང་མུ་  ཏིག་དོ་ཤལ་འཆང།། དར་མཚོན་སྣ་ལྔ་འཇའ་རིའི་སྐ་རགས་བཅིངས།། སག་ལྷམ་པ་ཏྲ་རབ་མཛེས་ཞབས་ལ་གསོལ།། ཞི་འཛུམ་སྒེག་པའི་ལྷ་ཡི་རོལ་གར་གྱིས།། མཛེས་པའི་རྒྱན་ལྡན་ཤྭ་བ་རྭ་བཅུ་    བཅིབས།། ནང་འཁོར་ལྷ་མོ་མཛེས་མའི་ཚོགས་རྣམས་ཀྱིས།། རང་རང་ཕྱག་མཚན་རྒྱན་ཆས་ཡོངས་སུ་རྫོགས།། དགྱེས་པའི་གླུ་གར་རོལ་མོ་འཁྲབ་བཞིན་དུ།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས།།

ཀྱེེ༔མདུན་དུ་སྲས་མཆོག་འབུམ་པ་རྩེ་བརྒྱད་ནི།། སྐུ་མདོག་རབ་དཀར་གངས་རིའི་ལྷུན་པོ་འདྲ།། ཕྱག་གཡས་མདུང་དར་གཡོན་པས་དུང་ཞགས་འཛིན།། སྐུ་ལ་དུང་ཁྲབ་དབུ་ལ་དུང་རྨོག་གསོལ།། ཁ་ཏོག་སྣ་ལྔའི་རུ་དར་རྒོད་འཕྲུ་མཛེས།། སྟག་རལ་གཡས་ལ་གཟིག་ཤུབས་གཡོན་ན་བཀྲ།། རྣོ་ངར་ལྡན་པའི་རལ་གྲི་སྐེད་ལ་བཏགས།། དུང་ལྷམ་ཡུ་རིང་གསོལ་ནས་འགྱིང་གར་གྱིས།། རིན་ཆེན་རྒྱན་ལྡན་རྟ་དཀར་དུང་མདོག་བཅིབས།། ནང་འཁོར་འབུམ་པ་སུམ་བརྒྱའི་ཚོགས་དང་ བཅས།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་བའི་གདན་ལ་བཞུགས།།

ཀྱེེ༔ གཡས་སུ་ནོར་བདག་དབང་གྲགས་མཐུ་ཆེན་ནི།། སྐུ་མདོག་རབ་མཛེས་གསེར་ལ་ཉི་ཤར་འདྲ།། གསེར་ཁྲབ་གསེར་རྨོག་རྒོད་འཕྲུ་རུ་དར་གཡོ།། ཕྱག་གཡས་ལྕགས་ཀྱུ་གཡོན་པས་ནེའུ་ལེ་འཛིན།། སྟག་རལ་གཟིག་ཤུབས་རྩེ་གྲི་རྣོ་ངར་བཏགས།། གསེར་གྱི་ལྷམ་གྱོན་དགོས་འདོད་སྩོལ་མཛད་པ།། མཆེ་སྡེར་སྤྲད་པའི་གཟིག་ཆུང་ངར་མ་བཅིབས།། ནང་འཁོར་ནོར་ལྷ་སུམ་བརྒྱ་དང་བཅས་པ།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་བའི་གདན་ལ་བཞུགས།།

ཀྱེེ༔ རྒྱབ་དུ་བཙན་དམར་ཐོག་རྒོད་རབ་འབར་ནི།། སྐུ་མདོག་དམར་སྨུག་བྱུ་རུའི་ལྷུན་པོ་འདྲ།། ཟངས་ཁྲབ་ཟངས་རྨོག་རུ་དར་རྒོད་འཕྲུ་མཛེས།། ཕྱག་གཡས་བཙན་མདུང་གཡོན་པས་བཙན་ཞགས་འཛིན།། སྟག་རལ་གཟིག་ཤུབས་བཙན་གྲི་ངར་མ་བཏགས།། ཟངས་ལྷམ་གྱོན་ནས་བགེགས་དཔུང་འཛོམས་མཛད་པ།། དཔའ་ངར་ཆེ་བའི་རྒྱ་སྟག་དམར་པོ་བཅིབས།། ནང་འཁོར་བཙན་དམག་སུམ་བརྒྱ་དང་བཅས་པ།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས། ། 

ཀྱེེ༔ གཡོན་དུ་བདུད་མགོན་ནག་པོ་མཐུ་རྩལ་ཅན།། སྐུ་མདོག་སྨུག་ནག་འཇིགས་རུང་སྲིན་པོའི་གཟུགས།། ལྕགས་ཁྲབ་ལྕགས་རྨོག་དར་འཕྲུ་རུ་དར་གཡོ།། ཕྱག་གཡས་བདུད་གྲི་གཡོན་པའི་སྤྲུལ་ ཞགས་འཛིན།། སྟག་རལ་གཟིག་ཤུབས་དུག་གྲི་ངར་མ་བཏགས།། ལྕགས་ལྷམ་གྱོན་ནས་དགྲ་དཔུང་འཇོམས་མཛད་པ།། གནམ་ལྕགས་རྭ་རྩེ་གདེང་པའི་འབྲོང་རྒོད་བཅིབས།། ནང་འཁོར་བདུད་      དམག་སུམ་བརྒྱའི་དམག་ཚོགས་བཅས།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས།།

ཀྱེེ༔མདུན་གྱི་བྲག་དམར་རྩེ་བརྒྱད་གནས་མཆོག་ནས།། ལྷ་ཡི་ཐུགས་སྲས་བཙན་དམར་གློག་   འཁྱུགས་རྩལ།། སྐུ་མདོག་དམར་སྨུག་གཟི་བརྗིད་རབ་འབར་བ།། ཕྱག་གཡས་ཟངས་གྲི་ངར་མས་དགྲ་སྲོག་གཅོད།། གཡོན་པས་བཙན་ཞགས་དམར་པོ་བགེགས་ལ་འདེབས།། བསེ་ཁྲབ་བསེ་རྨོག་རུ་དར་རྒོད་འཕྲུ་མཛེས།། སྟག་རལ་གཟིག་ཤུབས་བཙན་གྲི་ངར་མ་བཏགས།། ཟངས་ལྷམ་གྱོན་ཏེ་བཙན་ཆས་ཡོངས་སུ་རྫོགས།། བཙན་རྟ་དམར་པོ་རླུང་གཤོག་རྒྱན་ལྡན་བཅིབས།། བཙན་དམར་དམག་ཚོགས་དང་བཅས་འཁོར་ཚོགས་རྣམས།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས།།  

ཕཻཾ། ལྷ་ཡི་གཡས་ཕྱོགས་མཁའ་འགྲོའི་ཚོགས་ཁང་ནི།། མརྒད་མདངས་ལྡན་ས་འཛིན་སུམ་རིམ་  ནང་།། རིན་ཆེན་མུ་ཏིག་ཁང་བཟང་གསུམ་ཐོག་ནང་།། སྣ་ཚོགས་གདན་ཁྲི་འབར་བའི་ཡང་སྟེང་ན།། དབུས་སུ་བུདྔྷ་ཌཱ་ཀིའི་གཙོ་མོ་ནི།། སྐུ་མདོག་དཀར་མོ་རུས་པའི་རྒྱན་དྲུག་གསོལ།། ཤར་དུ་བཛྲ་ཌཱ་ཀིའི་གཙོ་མོ་ནི།། སྐུ་མདོག་སྔོན་མོ་རུས་པའི་རྒྱན་དྲུག་གསོལ།།ལྷོ་རུ་རཏྣ་ཌཱ་ཀིའི་གཙོ་མོ་ནི།། སྐུ་   མདོག་སེར་མོ་རུས་པའི་རྒྱན་དྲུག་གསོལ།། ནུབ་དུ་པདྨ་ཌཱ་ཀིའི་གཙོ་མོ་ནི།། སྐུ་མདོག་དམར་མོ་རུས་པའི་རྒྱན་དྲུག་གསོལ།། བྱང་དུ་ཀརྨ་ཌཱ་ཀིའི་གཙོ་མོ་ནི།། སྐུ་མདོག་ལྗང་མོ་རུས་པའི་རྒྱན་དྲུག་      གསོལ།། ཐམས་ཅད་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག། གཡས་བསྐུམས་གཡོན་བརྐྱངས་གར་   སྟབས་ཤིག་སེ་ཤིག།། དབུ་བརྒྱན་དར་དཔྱངས་ཅོད་པཎ་བུ་རུ་རུ།། ཊཱ་མ་རུ་དང་མི་རྐང་གླིང་བུ་   དང་།། དྲིལ་བུ་གཡེར་ཁའི་སྒྲ་སྙན་ཁྲོལ་ལོ་ལོ།།མཁའ་འགྲོའི་བྲོ་གར་གླུ་དབྱངས་ཤ་ར་ར།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས། །  

ཨོཾ། ལྷ་ཡི་གཡོན་ངོས་གཡུ་མཚོ་སྔོན་མོའི་ནང་།། རིན་ཆེན་གཡུ་མཁར་མཛེས་པའི་སྐུ་མཁར་ནང་།། ལྷ་ཡི་ཐུགས་སྲས་ཡིད་འོང་སྨན་མོ་ནི།། སྲས་མོ་དར་ལྗང་སྒྲོལ་མའི་མཚན་གསོལ་མ།། སྐུ་མདོག་དཀར་དམར་ལང་ཚོའི་དཔལ་མངའ་མ།། ཕྱག་གཡས་དགོས་འདོད་དཔུང་འཇོམས་ནོར་བུ་      བསྣམས།། གཡོན་པས་ཕྱག་གི་དོན་ཡོད་ཞགས་པ་འཛིན།། གསེར་གྱི་དབུ་བརྒྱན་ཨིནྡྲ་ནཱི་ལའི་ཏོག། གཡུ་བྱུར་མུ་ཏིག་མགྲིན་རྒྱན་དོ་ཤལ་གསོལ།། གསེར་གྱི་སྙན་ཆ་ཕྱག་ཞབས་དྲ་བའི་གཡོགས།། དར་ཟབ་ཟ་འོག་ན་བཟའ་འཇའ་རིས་གསོལ།། ནོར་བུ་རིན་ཆེན་འབར་བའི་སྐེ་རགས་བཅིངས།། གཡུང་དྲུང་འཇའ་རིའི་ངོམ་པའི་ལྷམ་ཆུང་གསོལ།། འཛུམ་པའི་མདངས་ལྡན་རོལ་པའི་གར་སྟབས་ཀྱིས།། རིན་ཆེན་རྒྱན་ལྡན་ཆུ་རྟ་སྔོན་པོ་བཅིབས།། ཡིད་འཕྲོག་མཛེས་མའི་འཁོར་གཡོག་དང་བཅས་པ།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས།། 

ཀྱེེ༔གཞན་ཡང་ལྷ་ཡི་རྒྱབ་མདུན་གཡས་གཡོན་དུ།། གངས་དཀར་ཞོ་བླུགས་རྩེ་ལྷ་སྤུན་གསུམ་  དང་།། སུ་རུའི་བདེ་ཆེན་རིན་ཆེན་རི་སྤུངས་དང་།། མོན་པ་དགྲ་འདུལ་མེ་རིའི་རི་རྒན་དང་།། ཨུའུ་ལེན་རྫ་དམར་མཛོད་ལུང་རྫ་ཏང་དམར།། གངས་དཀར་ཡིད་བཞིན་ནོར་བུ་རི་སྙིང་སོགས།། མེ་རི་སུ་རུའི་སྟོད་སྨད་ལ་གནས་བའི།། ལྷ་ཀླུ་བཞི་བདག་ལྷ་སྲིན་སྡེ་བརྒྱད་དང་།། ས་ཡི་ལྷ་མོ་ས་བདག་གནས་བདག་སོགས།། མགོན་སྐྱབས་བྱེད་པའི་དགྲ་ལྷ་ཝེར་མའི་ཚོགས།། བདག་གི་ད་དུང་མོས་པས་སྤྱན་འདྲེན་ན།། ཐོགས་མེད་མྱུར་བྱོན་དགྱེས་པའི་གདན་ལ་བཞུགས།།

དེ་ལྟར་སྤྱན་དྲངས་ནས་བསང་དངོས་སུ་འབུལ་བ་ནི།

ཀྱེེ༔བཀྲ་ཤིས་དུས་བཟང་ལྷ་ཉིན་དཀར་བོ་ལ།། ལྷ་མཆོག་འཁོར་བཅས་མཆོད་སྤྲིན་འབུལ་བ་ནི།། རིན་ཆེན་སྣ་ལྔ་ཕྱེ་མར་ཟས་ཕུད་དང་།། ཙན་དན་དཀར་དམར་དྲི་ལྡན་ཨ་ཀ་རུ།། དུང་ཤིང་བ་ལི་སྟག་པ་སྤེན་དཀར་དང་།། འོམ་བུ་སྦ་སྨྱུག་ཉྭ་རུབ་གསེར་མགོ་ཅན།། བཟང་དྲུག་སྨན་དང་ཤིང་མཆོག་ཁུ་བའི་བཅུད།། དཀར་གསུམ་མངར་གསུམ་གསེར་སྐྱེམས་ཆང་ཕུད་སོགས།། མཐུན་པའི་བསང་རྫས་མ་ཚང་མེད་པ་འདི།། རབ་འབར་ཡེ་ཤེས་མེ་ལ་བསྲེག་པ་ཡིས།། དྲི་བཟང་སྨན་གྱི་དྲི་ངད་རབ་འཐུལ་བའི།། དུད་པའི་སྤྲིན་དཀར་ལྷ་ལམ་འགེངས་པ་འདིས།། རྩ་རྒྱུད་བླ་མ་བསླུ་མེད་དཀོན་མཆོག་གསུམ།། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ལ།། གུས་པས་ཟག་མེད་བསང་གི་མཆོད་པ་འབུལ།།བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ།། ས་བཅུ་ཐོབ་པའི་སྲིད་པའི་ལྷ་ཆེན་པོ།། ལྷ་མཆོག་དགྲ་ལྷ་རྨ་ཆེན་སྦོམ་ར་ལ།། ཟག་མེད་བདུད་རྩི་བསང་གི་མཆོད་པ་འབུལ།། མགོན་སྐྱབས་དཔུང་གཉེན་དགྲ་ལྷ་གཉན་པོ་མཛོད།། གྲུབ་དབང་ཟླ་མེད་དཔལ་ལྡན་ས་ར་ཧའི།། སྤྲུལ་བའི་གར་བསྒྱུར་སྲིད་པའི་དགྲ་ལྷ་ཆེ།། བདག་གི་ལྷ་སྐལ་སྐྱེས་ལྷ་གཉན་པོ་མཆོག། དགྲ་ལྷ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ལ།། ཟག་མེད་བདུད་རྩི་བསང་གི་མཆོད་པ་འབུལ།། ཆོས་སྲིད་ལེགས་ཚོགས་དར་པའི་མགོན་སྐྱབས་མཛོད།། ཡུམ་ཆེན་ཨུ་མ་ཆོས་སྒྲོལ་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་རྨ་གཡང་དངོས་གྲུབ་སྩོལ།། ལྷ་སྲས་འབུམ་པ་རྩེ་བརྒྱད་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་དགྲ་ལྷ་ཝེར་མ་མཛོད།། ནོར་བདག་དབང་གྲགས་མཐུ་ཆེན་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་ནོར་གྱི་དངོས་གྲུབ་སྩོལ།། བཙན་དམར་ཐོག་རྒོད་འབར་བ་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་བཙན་ཕྱུག་དངོས་གྲུབ་སྩོལ།། བདུད་མགོན་ནག་པོ་དགྲ་ལྷ་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་དགྲ་བགེགས་ཐལ་བར་རློགས།། ལྷ་སྲས་བཙན་དམར་གློག་འཁྱུགས་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་ཚེ་བསོད་དངོས་གྲུབ་སྩོལ།། མཁའ་འགྲོ་ཌཱ་ཀི་སྡེ་ལྔ་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་མཁའ་གསང་དངོས་གྲུབ་སྩོལ།། སྲས་མོ་དར་ལྗང་སྒྲོལ་མ་འཁོར་བཅས་ལ།། གསོལ་ལོ་མཆོད་དོ་དབང་ཐང་དངོས་གྲུབ་སྩོལ།། གཞན་ཡང་ལྷ་ཡི་བཀའ་འཁོར་ལ་སོགས་པའི།། གངས་དཀར་ཞོ་བླུགས་སུ་རུའི་བདེ་ཆེན་སོགས།། རིན་ཆེན་རི་སྤུངས་མོན་པ་དགྲ་འདུལ་དང་།། ཨུ་ལེན་རྫ་དམར་མཛོད་ལུང་རྫ་ཏང་དམར།། མེ་རིའི་རི་རྒན་གངས་དཀར་ཡིད་བཞིན་ནོར།། མེ་རི་སུ་རུའི་སྟོད་སྨད་ལ་གནས་པའི།། ལྷ་ཀླུ་གཞི་བདག་ལྷ་སྲིན་སྡེ་བརྒྱད་ལ།། གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ། །

བསྭོ། ལྷ་མཆོག་ཕྱོགས་ལས་རྣམ་རྒྱལ་འཁོར་བཅས་ཀྱིས།། གཙང་མའི་བསང་མཆོད་རྒྱ་མཚོ་འདི་བཞེས་ལ།། དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་ལ་བསྟོད།། སངས་རྒྱས་བསྟན་པའི་བ་དན་མཁའ་ལ་ཕྱོར།། བསྟན་འཛིན་མགོན་པོའི་ཆོས་དབྱིངས་བདེན་པའི་མཐུས།། བསྟན་འཛིན་དམ་པའི་ཐུགས་བསྐྱེད་མཛད་འཕྲིན་ལྟར།། བསྟན་བསྲུང་རྣམས་ཀྱིས་གཡེལ་མེད་གྲོགས་མཛད་དེ།། བསྟན་པའི་ཉི་མ་མྱུར་ཏུ་གསལ་བར་མཛོད།། དཀར་ཕྱོགས་སྐྱོང་བའི་དགྲ་ལྷ་ཁྱེད་རྣམས་ཀྱིས།། དཀར་ཕྱོགས་རྒྱལ་བའི་རུ་མཚོན་དགུང་ལ་ཕྱོར།། དཀར་ཕྱོགས་རྒྱལ་ཞིང་ནག་ཕྱོགས་ཆམས་ཕབ་པའི།། དཀར་ཕྱོགས་བ་དན་སྲིད་རྩེར་བསྒྲེངས་པར་མཛོད།། ཐུབ་པའི་བསྟན་པ་རིན་ཆེན་སྒོར་ཞུགས་པའི།། ཐུབ་བསྟན་སྔ་འགྱུར་བསྟན་པའི་སྡེ་རྣམས་དང་།། ཐུབ་བསྟན་དགེ་ལྡན་རང་ལུགས་སྡེ་རྣམས་ཀྱིས།། ཐུབ་བསྟན་གེགས་མེད་དར་ཞིང་རྒྱས་པར་མཛོད།། ལྷ་མཆོག་ཐུགས་རྗེའི་ཉི་མའི་འོད་ཟེར་གྱིས།། བདག་ཅག་རྒུད་པའི་སྨག་རུམ་རབ་གསལ་ནས།། འདོད་པའི་བདེ་སྐྱིད་པདྨོའི་ལོ་འདབ་དེ།། མྱུར་དུ་བཞད་པའི་གཡང་གི་དངོས་གྲུབ་སྩོལ།། ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ།།

བསྭོ། གངས་དཀར་ཕྱོགས་ལས་རྣམ་རྒྱལ་མཐུ་རྩལ་གྱིས།། གངས་རི་ར་བའི་བསྟན་འགྲོའི་དོན་ཆེད་དུ།། གངས་ཅན་མགོན་པོའི་བཀའ་དྲིན་མཛད་འཕྲིན་གྱིས།། གངས་ལྗོངས་སྙན་པའི་དབྱར་རྔ་    སྒྲོགས་པར་མཛོད།། ལྷ་ཁྱོད་སྙིང་ནས་གསོལ་བ་བཏབ་པའི་མཐུས།། ལྷ་ཁྱོད་ལུས་དང་གྲིབ་མ་ལྟར་འགྲོག་ནས།། ལྷ་ཡི་མགོན་སྐྱབས་དཔུང་གཉེན་མཛད་པ་ཡིས།། ལྷ་མཆོག་ཉིད་ཀྱིས་བཀའ་དྲིན་   བསྩལ་དུ་གསོལ།། ལྷ་མཆོག་དགྲ་ལྷ་གཉན་པོའི་མཐུ་སྟོབས་ཀྱིས།། རྣལ་འབྱོར་བདག་ཅག་མི་ནོར་ བཅས་བ་ཡིས།། མི་མཐུན་འགལ་རྐྱེན་བར་ཆད་དབྱིངས་སུ་བཟློག། མཐུན་རྐྱེན་བསམ་པའི་དོན་  རྣམས་འགྲུབ་པར་མཛོད།། ལྷ་མཆོག་བསྟེན་པའི་ཚེ་ན་རྒྱང་མ་རིང།། ལྷ་མཆོག་བོས་པའི་ཚེ་ན་སྙན་མ་གཡེང་།། ལྷ་མཆོག་གཡབ་པའི་ཚེ་ན་སྤྱན་མ་རྡུལ།། ལྷ་མཆོག་རྦད་པའི་ཚེ་ན་མཐུ་མ་ཆུང་།། དགྲ་ལྷ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་གྱིས།། ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་མ་མཛོད།། རྒྱབ་ཀྱི་བསྟེན་ས་མདུན་གྱི་མཁར་ཁང་མཛོད།། གཞི་ལམ་བྱས་གསུམ་ཀུན་ཏུ་མགོན་སྐྱབས་མཛོད།། རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ།། བསམ་ངན་འཆིང་དང་སྤྱོད་ངན་རྩོམ་པ་ཡིས།། ཕ་རོལ་བྱད་མ་རྦོད་གཏོང་མ་ལུས་ཀུན།། ལྷ་མཆོག་དགྲ་ལྷའི་དམིགས་མེད་དབྱིངས་སུ་བཟློག། དགྲ་ལྷ་ཝེར་མའི་ཐུགས་རྗེའི་མཐུ་རྩལ་གྱིས།། བདག་ཅག་དཔོན་སློབ་འཁོར་དང་བཅས་བ་ཡིས།། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་།། ཁ་རྗེ་དབང་ཐང་རླུང་རྟ་དར་བར་མཛོད།། རྒྱ་སྟག་དམར་བོ་ནགས་ལ་མཆོང་བ་ལྟར།། མཆོང་རྩལ་ལྡན་པའི་རླུང་རྟ་ཡར་ལ་བསྐྱེད།། སེང་གེ་དཀར་མོ་གངས་ནས་འགྱིང་བ་ལྟར།། འགྱིང་རྩལ་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད།། གཡུ་འབྲུག་སྔོན་མོའི་སྒྲ་དབྱངས་སྒྲོགས་པ་ལྟར།།སྙན་གྲགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད།། ཁྱུང་ཆེན་རྒྱལ་བོ་མཁའ་ལ་ལྡིང་བ་ལྟར།། ལྡིང་རྩལ་འཛོམས་པའི་རླུང་རྟ་ཡར་ལ་བསྐྱེད།། དེ་ལྟར་རླུང་རྟ་ཡར་ལ་རབ་བསྐྱེད་ནས།། རླུང་རྟའི་དར་ལྕོག་རི་རྩེར་བསྒྲེངས་པ་ཡིས།། བདག་ཅག་རླུང་རྟ་རྒུད་པའི་སྐྱོན་བསལ་ཏེ།། ཡར་ངོའི་ཟླ་ལྟར་རླུང་རྟ་ཡར་ལ་བསྐྱེད།། དགྲ་ལྷ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་གྱིས།། དགྲ་ལྷའི་བ་དན་རུ་མཚོན་དགུང་ལ་ཕྱར།། དགྲ་བགེགས་བདག་འཛིན་འགོང་བོའི་དཔུང་ཚོགས་ཆོམས།། དགྲ་ལྷའི་ལྷ་རྒྱལ་ཀི་བསྭོ་དགུང་ནས་སྒྲོགས།། གང་ཐུགས་ཆུ་འཛིན་སྟུག་པོའི་ཀློང་རིམ་ནས།། གང་གསུང་དབྱར་རྔའི་སྒྲ་དབྱངས་ལྷང་ལྷང་སྒྲོགས།། གང་སྐུའི་རིན་ཆེན་ནོར་བུའི་ཆར་ཕབས་པའི།། གང་འདོད་གཡང་གི་མཚོ་མོ་མེ་རེ་རེ།།བཀྲ་ཤིས་ཡུལ་ཕྱོགས་ལོ་ལེགས་འབྲུ་བཅུད་འཕེལ།། བཀྲ་ཤིས་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག། གང་གིས་ལྷ་ཁྱོད་གསོལ་བ་བཏབ་པ་ན།། གང་ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་སྟེ།། གང་འདོད་ཡིད་ཀྱི་དོན་འབྲས་མ་ལུས་པ།། གང་བསམ་མཐའ་རུ་ཕྱིན་པའི་དགེ་ལེགས་སྩོལ།།  ཅེས་སྔོན་རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་ནང་ཚན་དཔལ་ལྡན་ས་ར་ཧ་ཆེན་པོའི་ཐུགས་ཀྱི་སྤྲུལ་བ་ཆེན་པོ་ས་བརྒྱད་ཐོབ་པའི་སེམས་དཔའ་ཡུལ་ལྷ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ཞེས་སྙན་པའི་གྲགས་པའི་ས་སྟེང་ཁྱབ་པ་།  བདག་གི་ཕ་རབས་བརྒྱུད་པའི་བསྲུང་མ་དང་། བདག་རང་ཉིད་ཀྱི་སྐྱེས་ལྷ་གཉན་པོའི་ལྷ་སྐལ་ཡིན་པས་ལྷ་མཆོག་ཉིད་ལ་བསང་མཆོད་འབུལ་ཚུལ་དབྱར་རྔའི་སྒྲ་དབྱངས་ནོར་བུའི་ཕྲེང་པ་ཞེས་བྱ་བ་ནི་ཆོས་མེད་སྤྲང་པོ་བསྟན་འཛིན་རྡོ་རྗེའམ་མིང་གཞན་ལ་བསྟན་པའི་རྒྱལ་མཚན་གྱིས་རང་གཞན་ལ་མཁོ་ཤེས་ཆེ་སྟབས་ལྷ་མཆོག་འདི་ཉིད་ལ་གསོལ་འདྲེན་སྟེ་ཡིད་ལ་གང་ཤར་ལྟར་བྲིས་པའི་ལྷ་མཆོག་ཉིད་ཀྱི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཅིག    བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།