«སྒྲ་སྦྱོར་བམ་གཉིས»ཀྱི་ལོ་ཙཱའི་རྩ་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོ་ཙཱའི་གཞུང་ལུགས་ཀྱི་ཕྱི་མོ་འདིའི་ནང་དོན་གྱི་ཐད་ལའང་སྔོན་གྱི་མཁས་དབང་མང་པོས་རང་ཉིད་ཀྱི་ལས་ཀ་དང་འབྲེལ་ནས་དགོངས་ཚུལ་མི་འདྲ་བ་རེ་རྒྱུན་འཁྱོངས་བྱས་ཡོད་ལ། ལྷག་པར་གཞུང་ལུགས་འདིའི་མཚན་ལ་བསྟན་བཅོས་རང་དུ་བྱེ་བྲག་རྟོགས་བྱེད་འབྲིང་པོ་ཞེས་དངོས་སུ་མི་སྣང་ཡང་། «དཀར་ཆག་འཕང་ཐང་མ་སྒྲ་སྦྱོར་བམ་པོ་གཉིས་པ»ཡི་ནང་དུ“བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ། བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ་། སྐད་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ”ཞེས་པ་ལས་ཤེས་ཐུབ། ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་པའི་གཉིས་པ་ལ། འགའ་ཞིག་གིས་བྱེ་བྲག་རྟོགས་བྱེད་ལ་ཆེ་འབྲིང་ཆུང་གསུམ་ཡོད་པ་ལས། འདི་གཉིས་པ་ཡིན་པས་སྒྲ་སྦྱོར་བམ་པོ་གཉིས་པར་བཏགས་པར་འདོད་མོད། དོན་ལ་སྒྲ་སྦྱོར་བམ་པོ་གཉིས་པར་ནང་དོན་ལེའུ་སྔ་ཕྱི་ཁག་གཉིས་ཡོད་པས་བམ་གཉིས་ཞེས་བཏགས་པ་ཡིན།
1 ​《སྒྲ་སྦྱོམ་བམ་གཉིས》ངོ་སྤྲོད་མདོར་བསྡུས།

ལོ་ཙཱའི་གཞུང་ལུགས་ཀྱི་ཕྱི་མོ་འདིའི་ནང་དོན་གྱི་ཐད་ལའང་སྔོན་གྱི་མཁས་དབང་མང་པོས་རང་ཉིད་ཀྱི་ལས་ཀ་དང་འབྲེལ་ནས་དགོངས་ཚུལ་མི་འདྲ་བ་རེ་རྒྱུན་འཁྱོངས་བྱས་ཡོད་ལ། ལྷག་པར་གཞུང་ལུགས་འདིའི་མཚན་ལ་བསྟན་བཅོས་རང་དུ་བྱེ་བྲག་རྟོགས་བྱེད་འབྲིང་པོ་ཞེས་དངོས་སུ་མི་སྣང་ཡང་། དཀར་ཆག་འཕང་ཐང་མ་སྒྲ་སྦྱོར་བམ་པོ་གཉིས་པ་ཡི་ནང་དུ“བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ། བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ་། སྐད་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ”ཞེས་པ་ལས་ཤེས་ཐུབ། ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་པའི་གཉིས་པ་ལ། འགའ་ཞིག་གིས་བྱེ་བྲག་རྟོགས་བྱེད་ལ་ཆེ་འབྲིང་ཆུང་གསུམ་ཡོད་པ་ལས། འདི་གཉིས་པ་ཡིན་པས་སྒྲ་སྦྱོར་བམ་པོ་གཉིས་པར་བཏགས་པར་འདོད་མོད། དོན་ལ་སྒྲ་སྦྱོར་བམ་པོ་གཉིས་པར་ནང་དོན་ལེའུ་སྔ་ཕྱི་ཁག་གཉིས་ཡོད་པས་བམ་གཉིས་ཞེས་བཏགས་པ་ཡིན་ཏེ།  《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》ཞེས་པར།  “ལོ་ཙཱའི་གཞུང་ལུགས་ཆ་ཚང་ཞིང་ཆེས་སྔ་བའི་སྒྲ་སྦྱོར་བམ་པོ་གཉིས་པའམ་སྒྲ་སྦྱོར་བམ་གཉིས་ཞེས་བྱ་བར་བམ་པོ་གཉིས་ཡོད་པ་བསྟན་བཅོས་ཀྱི་མཚན་ལས་གོ་ཐུབ། སྤྱིར་བམ་པོ་རེར་ཚིགས་བཅད་ཤོ་ལོ་ཀ་དང་ཚེག་བར་གྱི་གྲངས་ངེས་ན་ཡང་འདིར་དེའི་གྲངས་མ་ངེས་པར་གཞུང་གི་བརྗོད་བྱ་མི་འདྲ་བར་གོ་ན་འགྲིག་སྙམ”ཞེས་དང་། ཡང་ཨ་ལགས་དུང་དཀར་ཚང་གིས།  “སྒྲ་སྦྱོར་བམ་གཉིས་ལ་ལེའུ་གཉིས་ཡོད་དེ། ལེའུ་དང་པོ་ནི་ཡིག་བསྒྱུར་གྱི་རྩ་དོན་གསུམ་དང་། བྱ་ཐབས་བཞི། དོ་སྣང་བྱེད་དགོས་པ་བཞི་བཅས་ཀྱི་བཀས་བཅད་ཡིན་པ་དང་། ལེའུ་གཉིས་པ་ནི། སྐབས་དེར་བཀས་བཅད་མཛད་ཟིན་པའི་མིང་ཚིག་གི་དཀར་ཆག་ཡིན”ཞེས་གསུངས་ཡོད་པས་ཕྱིར་རོ། །

སྒྲ་སྦྱོར་བམ་གཉིས་ཀྱི་ཁྲོད་དུ་གཏན་ལ་ཕབ་པའི་ཚད་གཞི་ལ། གཞུང་རང་དུ་རྩ་དོན་གསུམ་དང་སྒྱུར་བའི་ཐབས་དམ་པ་བཞི། ཞེས་གཞུང་འདི་ཧྲིལ་བོ་ལོ་ཙཱའི་ཚད་གཞི་ཞིག་ལ་ངོས་འཛིན་བྱས་ཏེ། ལོ་ཙཱའི་རྩ་དོན་ཆེན་པོ་གསུམ་གཏན་ལ་ཕབ་འདུག་སྟེ། “(༡) སྒྲ་རིག་པའི་གཞུང་དང་མཐུན་དགོས་པ།  (༢) ཆོས་ཀྱི་གཞུང་དང་མཐུན་དགོས་པ། (༣) བོད་མི་རང་ཉིད་ཀྱིས་གོ་བདེ་བ་ཞིག་ཡིན་དགོས་པ”བཅས་སོ། །  དེ་ལ“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་པ་ལྟར། སྐབས་དེའི་ལོ་པཎ་རྣམས་ཀྱིས་ལོ་ཙཱའི་རྩ་དོན་འདི་གསུམ་གཞིར་བཟུང་སྟེ་བསྒྱུར་བྱའི་དོན་གང་ཡིན་པ་དེ་ངོ་བོ་གཞན་དུ་མ་འགྱུར་བར་བྱེད་པ་དང་། སྐད་ཆའི་སྦྱོར་བ་བོད་སྐད་ཀྱི་ལུགས་བཞིན་གང་བདེར་བྱེད། 

2 ལོ་ཙཱའི་རྩ་དོན་ཆེན་པོ་གསུམ།
2_1 བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་པ།

དེ་ཡང་བོད་རང་གི་སུམ་རྟགས་ཀྱི་བརྡ་སྤྲོད་པའི་ལུགས་དང་མཐུན་པར་བྱས་ཏེ་བོད་མིས་གོ་བདེ་བ་ཞིག་ཡིན་དགོས་ཞེས་པའི་དོན་དེ། ཡིག་སྒྱུར་ལ་འཇུག་པའི་སྐབས་སུ་བསྒྱུར་བྱའི་མ་ཡིག་གི་ནང་དོན་གསལ་ཐག་ཆོད་པ་ཞིག་ངེས་རྗེས། རྗོད་བྱེད་ཚིག་གི་གོ་རིམ་གཙོར་མི་འཛིན་པར་འགྱུར་བྱའི་སྐད་ཡིག་གང་དེར་ཐུན་མིན་གྱི་བརྡ་སྤྲོད་པའི་ལུགས་ཤིག་ཡོད་པ་དེ་དང་མཐུན་པར་བསྒྱུར་དགོས་ལ། དེ་ལས་ལྡོག་ན་ཡི་གེ་ཕན་ཚུན་བསྒྱུར་བ་ཙམ་ལས་གནད་ཀྱི་དོན་པོ་སྟེ། སྐད་ཡིག་གཉིས་དབར་གྱི་ནང་དོན་དེ་གཅིག་གཅིག་ལ་ངེས་ཤེས་སམ་གོ་བརྡ་སྤྲད་མེད་པར་མ་ཟད་ལོ་ཙཱའི་དམིགས་ཡུལ་དང་ཡང་ན་སྙིང་བོ་དེ་ཕྱིར་མངོན་ཐུབ་མེད། དེ་ལྟར་བྱས་ན་ནང་དོན་གྱི་ཐད་ར་མགོ་ལུག་སྦྱར་ལྟ་བུའི་བཞད་གད་ཀྱི་ཆ་འབྱུང་སྲིད་པས། དེ་ནི་རང་མི་རིགས་ཀྱི་ཡི་གེ་དང་ཐ་སྙད་སྤྱོད་སྟངས་ལ་རྨོངས་པའི་སྐྱོན་དུ་ཟད། དེ་བས་ལོ་ཙཱ་བ་དག་གིས་སླད་ཕྱིན་བརྡ་སྤྲོད་གྱི་གཞུང་ལ་སྦྱོང་བ་དཔྱིས་ཕྱིན་པ་ཞིག་བྱས་ཏེ། བོད་རང་གི་ཐུན་མོང་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་མཐུན་པར་ལོ་ཙཱར་འཇུག་རྒྱུ་དེ་ནི་གནད་ཀྱི་དམ་པའོ། །

2_2  ཆོས་ཀྱི་གཞུང་ལས་བརྗོད་བྱའི་དོན་དང་འགལ་མི་རུང་བ།

འདི་ནི་ཡོངས་གྲགས་སུ་ལོ་ཙཱའི་ལས་ལ་འཇུག་སྐབས་དོན་དང་རྣམ་པ་གཉིས་ལས་དོན་གཙིགས་སུ་བཟུང་དགོས་ཞེས་པའི་བཞེད་དགོངས་ཏེ། ལོ་ཙཱ་ཞེས་པ་མ་གཞི་ནས་སྐད་རིགས་གཉིས་དབར་གྱི་རིག་གནས་སྤེལ་རེས་ཀྱི་ལག་ཆ་དང་། བརྒྱུད་བསྒྲགས་བྱེད་སྤྱད་ཀྱི་འདྲེན་དངོས(载体)ལྟ་བུའི་དཔེར་འགོད་པས་ན་ནང་དོན་གཙོར་འཛིན་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དོན་འདི་ལ་རྒྱ་ནག་གི་མཁས་པའི་དབང་བོ་ལུའུ་ཞུན་གྱིས་དོན་དང་བསྟུན་ཕྱིར་རྗོད་པ་མ་བདེ་ནའང་རུང་། ཞེས་གསུངས་པ་ལས་ཀྱང་དོན་གཙོ་བ་རྟོགས་ནུས། རང་རེའི་ཆོས་རྒྱལ་གོང་མ་རྣམས་ཀྱིས་དམ་པའི་ཆོས་གཞུང་བོད་དུ་བསྒྱུར་བའི་དམིགས་ཡུལ་གཙོ་བོ་ཡང་། སངས་རྒྱས་ཆོས་ལུགས་ཀྱི་གཏིང་ཟབ་པའི་བརྗོད་བྱའི་དོན་དེ་བོད་རིགས་དད་ལྡན་རྣམས་ལ་ཤེས་སུ་བཅུག་སྟེ། འབངས་མི་སེར་རྣམས་དགེ་བཅུའི་ལམ་ལ་འགོད་ཕྱིར་ཡིན་ལ། དེང་གི་ལོ་ཙཱའི་གནས་བབ་ལ་མཚོན་ནའང་། འགྱུར་ལེགས་ཉེས་ཀྱི་ཚད་གཞི་དེ་ཡང་གཙོ་བོ་ནང་དོན་དང་འགལ་ཡོད་མེད་ཀྱི་སྟེང་ནས་འཇོག་པས་ན། བརྗོད་བྱའི་དོན་དང་འགལ་མི་རུང་ཞེས་གདམ་པའོ། །

2_3  བོད་མི་རང་གིས་གོ་བདེ་བ་ཞིག་ཡིན་དགོས།

འདི་ཡང་བོད་མི་རང་གིས་གོ་བདེ་བ་ཞེས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྐད་ཡིག་སྟེ། བོད་སྐད་རྣལ་མ་ཞིག་བྱུང་ན། བོད་མི་སུས་ཉན་ཡང་གོ་བདེ་ལ་ཐོས་པ་ཙམ་གྱིས་འདིའི་དོན་ནི་འདིའོ་སྙམ་པའི་ངེས་ཤེས་འདྲོང་ཐུབ་པའི་ནུས་པ་དང་ལྡན་པ་ཞིག་ཅིས་ཀྱང་ཡོང་བར་བྱ་དགོས་པ་ལས། བསྒྱུར་གཞུང་གཙོར་བཟུང་སྟེ་མཛེས་པའི་ཆེད་དུ་སྙན་ངག་དང་མངོན་བརྗོད་སོགས་ཀྱིས་སྤུད་གང་ཐུབ་བྱེད་པའམ་ཡུལ་སྐད་ཀྱིས་ལྷད་མང་དུ་ཞུགས་ཚེ། བསྒྱུར་བའི་གཞུང་གང་གི་དོན་དེ་མི་གོ་བའམ་ལོག་པར་གོ་ཉེན་ཆེ་བས། བོད་རང་གི་སྐད་ཡིག་གི་ཡིག་རྩ་ངེས་ཅན་ཞིག་ཡོད་པ་གཞིར་བཞག་སྟེ་ལོ་ཙཱའི་ལས་ལ་འཇུག་དགོས་པ་ནན་གྱིས་བསྟན་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-18

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།