རུའོ་མན.ཡ་ཁུ་པུའུ་སུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུའོ་མན.ཡ་ཁུ་པུའུ་སུང་།
རུའོ་མན.ཡ་ཁུ་པུའུ་སུང་། ཁོང་ནི་སྤྱི་ལོ1896ལོར་ཨུ་རུ་སུའི་མོ་སི་ཁོ་རུ་སྐུ་འཁྲུངས། ཨུ་རུ་སུའི་ཕུལ་དུ་བྱུང་བའི་སྐད་བརྡ་རིག་པ་བ། སྙན་ངག་དཔྱད་བརྗོད་པ། མོ་སི་ཁོའི་སྐད་བརྡ་ཚན་ཆུང་གི་མགོ་གཙོ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རུའོ་མན.ཡ་ཁུ་པུའུ་སུང་།
རྒྱ་ཡིག་གི་མིང་།
罗曼·雅各布森
ཕྱི་ཡིག་གི་མིང་།
Roman Jakobson
འཁྲུངས་འདས་ལོ།
1896-1982
1 ​ངོ་སྤྲོད་མདོར་བསྡུས།

རུའོ་མན.ཡ་ཁུ་པུའུ་སུང་།  ཁོང་ནི་སྤྱི་ལོ1896ལོར་ཨུ་རུ་སུའི་མོ་སི་ཁོ་རུ་སྐུ་འཁྲུངས།  ཨུ་རུ་སུའི་ཕུལ་དུ་བྱུང་བའི་སྐད་བརྡ་རིག་པ་བ། སྙན་ངག་དཔྱད་བརྗོད་པ།  མོ་སི་ཁོའི་སྐད་བརྡ་ཚན་ཆུང་གི་མགོ་གཙོ་ཡིན།  ཐོག་མར་ཁོང་གིས་ལཱ་ཙཱ་ལེ་ཧྥུ་ཤར་ཕྱོགས་སྐད་བརྡ་རིག་པའི་ཆེད་སྦྱོང་སློབ་གླིང་དུ་སློབ་སྦྱོང་བྱས།  དེ་རྗེས་སུ་མོ་སི་ཁོ་སློབ་ཆེན་འགྲིམས། 1915ལོར་ལོ་ན་བཅུ་དགུ་ལས་མེད་པའི་ཡ་ཁུ་པུའུ་སུང་གིས་སྣེ་ཁྲིད་བྱས་ནས་“མོ་སི་ཁོའི་སྐད་བརྡ་ཚན་ཆུང”ཞེས་པ་བཙུགས། ཚན་ཆུང་དེས་རྒྱུན་པར་བྱ་འགུལ་སྣ་ཚོགས་སྤེལ་ནས་རྩོམ་རིག་དང་སྐད་བརྡ་རིག་པའི་གནད་དོན་ལ་ཞིབ་འཇུག་བྱེད། 1918ལོར་ཁོ་རང་མོ་སི་ཁོ་སློབ་ཆེན་ནས་མཐར་ཕྱིན་པ་དང་ལོ་གཉིས་ཀྱི་རྗེས་སུ་མོ་སི་ཁོའི་ཟློས་གར་སློབ་གླིང་དུ་ཨུ་རུ་སུའི་སྐད་ཡིག་དགེ་རྒན་བྱས། 1993ལོར་ཅེ་ཁེ་མ་ས་ལེ་ཁུ་སློབ་ཆེན་དུ་ཨུ་རུ་སུའི་སྐད་ཡིག་རྩོམ་རིག་དང་ཅེ་ཁེའི་དུས་རབས་བར་མའི་རྩོམ་རིག་དགེ་རྒན་བྱས།  འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཨ་རིར་གཏན་སྡོད་བྱས།  སྔ་ཕྱིར་ཁི་ལོམ་པིའི་སློབ་ཆེན་ཧ་ཕོ་སློབ་ཆེན་སོགས་ནས་དགེ་རྒན་བྱས།1982ལོར་ཨ་རིའི་ཕོའོ་ཧྲི་ཏོན་གྲོང་ཁྱེར་དུ་སྐུ་གཤེགས།

2 ལོ་ཙཱའི་དགོངས་དོན།

རུའོ་མན.ཡ་ཁོ་པུའུ་སུང་ལགས་ནི་ཨ་རིའི་མིང་དུ་གྲགས་པའི་སྐད་བརྡ་རིག་པ་སྨྲ་བ་དང་ལོ་ཙཱའི་གཞུང་ལུགས་སྨྲ་མཁན་ཞིག་སྟེ། ཁོང་གིས་<<ལོ་ཙཱའི་སྐད་བརྡ་རིག་པའི་གནད་དོན་སྐོར་གླེང་བ>>ཞེས་པ་བརྩམས་ཏེ། སྐད་བརྡ་རིག་པའི་ཐད་ནས་ལོ་ཙཱ་དང་སྐད་ཡིག་གཉིས་བར་གྱི་འབྲེལ་བ་དང་། ལོ་ཙཱའི་གལ་ཆེན་རང་བཞིན།  ལོ་ཙཱའི་ཁྲོད་གནས་པའི་གནད་དོན་སོགས་པར་དབྱེ་ཞིབ་དང་རྒྱས་འགྲེལ་མང་དུ་མཛད། དེས་ན་ཁོང་གི་ལོ་ཙཱའི་གཞུང་ལུགས་གཙོ་བོ་རྣམས་ཕྱོགས་ལྔ་རུ་བསྡུ་རུང་སྟེ།

1.ལོ་ཙཱ་ལ་ཆེ་ཕྱོགས་ནས་རིགས་གསུམ་ཡོད་པར་འདོད་དེ་། དང་པོ་ནི་སྐད་ནང་ལོ་ཙཱ(语内翻译)སྟེ། སྐད་ཡིག་གཞི་མཐུན་གཅིག་གི་ནང་དུ་སྐད་ཡིག་དེའི་བརྡ་རྟགས་རེ་འགའ་སྤྱད་དེ་བརྡ་རྟགས་གཞན་འགའི་དོན་འགྲེལ་བ་ལ་བྱ་ཞིང་། ང་ཚོས་རྒྱུན་དུ་བརྗོད་པའི“བཤད་སྟངས་སྒྱུར་བ”ཞེས་པ་དེའོ།། གཉིས་པ་ནི་སྐད་གཉིས་ལོ་ཙཱ(语际翻译)སྟེ། འདི་ནི་སྐད་རིགས་གཉིས་ཏེ་སྐད་ཡིག་ཅིག་གི་བརྡ་རྟགས་སྤྱད་དེ་སྐད་ཡིག་གཞན་ཞིག་གི་བརྡ་རྟགས་མཚོན་དོན་འབྲེལ་བ་ལ་བྱ་ཞིང་། འདི་ནི་དོན་སྙིང་ངོ་མའི་སྟེང་གི་ལོ་ཙཱའོ།། གསུམ་པ་ནི་རྟགས་མཚོན་ལོ་ཙཱ(符际翻译)སྟེ།སྐད་ཡིག་མ་ཡིན་པའི་བརྡ་རྟགས་མ་ལག་ལ་བརྟེན་ནས་སྐད་ཡིག་བརྡ་རྟགས་འབྲེལ་བ་དང་། ཡང་ན་སྐད་ཡིག་བརྡ་རྟགས་མ་ལག་ལ་བརྟེན་ནས་སྐད་ཡིག་མ་ཡིན་པའི་བརྡ་རྟགས་མ་ལག་གི་དོན་འགྲེལ་བ་ལ་བྱ།དཔེར་ན་ལག་བརྡའི་མཚོན་དོན་སྐད་ཡིག་གི་བརྗོད་པ་ལྟ་བུ།

2.ཚིག་དོན་ལ་གོ་བ་ལེན་རྒྱུ་དེ་ལོ་ཙཱར་རག་ལས་ཏེ། སྐད་ཡིག་སྦྱོང་བ་དང་སྐད་ཡིག་ལ་གོ་བ་ལེན་དུས་ལོ་ཙཱ་ཡི་ཐག་གཅོད་ཀྱི་ནུས་པ་འདོན་བཞིན་ཡོད།

3.ལོ་ཙཱ་ཡང་དག་པ་ཞིག་བྱ་ན་བརྡ་འཕྲིན་དོ་མཉམ་པ་ཡིན་དགོས་ཏེ། ལོ་ཙཱ་ནི་སྐད་ཡིག་བརྡ་རྟགས་མི་འདྲ་བ་གཉིས་བར་གྱི་བརྡ་འཕྲིན་དོ་མཉམ་ཡིན་མིན་ལ་རག་ལས་པ་ཡིན།

4.སྐད་ཡིག་ཐམས་ཅད་ལ་མཚོན་ནུས་འདྲ་མཚུངས་ལྡན་ཏེ། གལ་ཏེ་རང་སྐད་ཡིག་ཁྲོད་མིང་བརྡས་མི་འདང་བ་དུས་རྒྱུན་གཞན་ནས་གཡོར་བ་དང་། ཡང་ན་མིང་བརྡ་གསར་དུ་བཟོ་བ། དོན་འགྲེལ་བ་བཅས་ལ་བརྟེན་ནས་ཐག་གཅོད་བྱ་དགོས།

5.བརྡ་སྤྲོད་ཁྱབ་ཁོངས་ནི་ལོ་ཙཱ་བྱ་བའི་ཁྲོད་ཆེས་རྙོག་འཛིང་ཅན་གྱི་གནད་དོན་ཡིན་ལ། གནས་དང་དུས། གྲངས་དང་རང་བཞིན་སོགས་སྟོན་པར་བརྡ་སྤྲོད་རྣམ་པ་འགྱུར་བའི་སྐད་ཡིག་ལ་མཚོན་ན་དེ་བས་ཀྱང་རྙོག་འཛིང་ཆེའོ།།

3 གྲུབ་འབྲས་གལ་ཆེན།

ཁོང་ནི་ཚན་རིག་ཁང9ཡི་གླིང་མི་ཡིན་པ་དང་འབུམ་རིམ་པའི་བསླབ་གནས25ཡོད་ལ། གྲགས་ཆེ་བའི་བརྩམས་ཆོས་ལ<<སྙིང་བོ་མེད་པའི་དེབ>>   <<ཅེ་ཁེའི་སྙན་ངག་ལ་དཔྱད་པ>>  <<མ་འོངས་པའི་ཕྱོགས་ཁག>>  <<སྐད་བརྡ་རིག་པ་དང་སྙན་ངག་རིག་པ>> སོགས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-17

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།