འཛམ་ཐང་ཟློས་གར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛམ་ཐང་ཟློས་གར།
འཛམ་ཐང་ཟློས་གར་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་ཕྱོགས་ལ་དར་ཁྱབ་ཆེ་བའི་ཟློས་གར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འཛམ་ཐང་ཟློས་གར།
རྒྱ་ཡིག་གི་མིང་།
壤塘藏戏
སྤེལ་མཁན།
རིག་འཛིན་འཇའ་ལུས་རྡོ་རྗེ།
1 ངོ་སྤྲོད་རགས་བསྡུས།

འདིར་བརྗོད་བྱ་གཙོ་བོ་ཨ་མདོའི་བོད་ཀྱི་ཟློས་གར་ཡིན། དེའི་ཁུངས་ནི་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ་ཟློས་གར་རིག་པ་ཡིན། ལོ་རྒྱུས་སུ་འཁོད་ཡོད་པ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བསྐྲུན་ཅིང་དེའི་འགྲོ་སོང་ལ་ཉིད་ཀྱིས་སྨན་བཅོས་དང་གྲུ་བཟོ་བ། ལྷག་པར་བུ་མོ་བདུན་སོགས་བསྡུས་ནས་གོར་གོར་རམ་མེ་ཕུང་གི་མཐའ་བསྐོར་ནས་འཆམ་པ་དེ་ནས་དར་ཟེར། དེ་ལ་ཨ་ཅེ་ལྷ་མོ་ཡང་ཟེར། གཙོ་བོ་དབུས་གཙང་དང་ཁམས་ཕྱོགས་སུ་དར་བའི་ཟླུམ་གོར་ཟློས་གར་ཞེས་ཡོངས་སུ་གྲགས་ཤིང་མ་མཐའ་ཡང་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། འཛམ་ཐང་དུ་དར་བའི་ཟློས་གར་ནི་ཨ་མདོའི་བྱང་ཕྱོགས་བླ་བྲང་བཀྲ་ཤིས་འཁྱིལ་ནས་འཇམ་དབྱང་བཞད་པ་སྐུ་འཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན(1916-1947)གྱིས་སྐབས་དེར་དར་བའི་ཨ་མདོའི་གར་སྟེགས་ཟློས་གར་ལ་ཁུངས་གཏུགས་ཡོད། རྡོ་གྲུབ་ཆེན་དགོན་པའི་རྡོ་གྲུབ་སྐུ་ཕྲེང་བཞི་པ་རིག་འཛིན་འཇའ་ལུས་རྡོ་རྗེ(1927-1961)མཆོག་གིས་སྤྱི་ལོ1948ལོར་བླ་གྲྭ་ཉི་ཤུ་ལྷག་ཁྲིད་ནས་བླ་བྲང་དུ་ཉིན་བརྒྱ་དང་ལྔའི་རིང་ལ་རྣམ་ཐར་སྦྱངས། དེ་ནས་བླ་གྲྭ་རྣམས་ཕྱིར་ཕེབས་ལམ་དུ་རྨེ་བ་དགོན་དང་རྔ་བ་རྫོང་གི་བསེ་དགོན་པ་བཅས་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་འཁྲབ་པས་རྒྱ་ཆེའི་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོའི་དགའ་བསུ་ཐོབ། རྡོ་གྲུབ་ཆེན་དགོན་དུ་ལོ་དུ་མའི་རིང་ལ་དྲི་མེད་ཀུན་ལྡན་དང་འགྲོ་བ་བཟང་མོ། སྲོང་བཙན་སྒམ་པོ་འཁྲབ་པར་ལྟད་མོ་བ་མང་པོ་ཉིན་ཞག་འགའི་ལམ་ལ་ཕེབས་ཏེ་བོད་ཀྱི་ཟློས་གར་ལ་གཟིགས་ཤིང་། གྲུབ་ཆེན་དགོན་དེ་ཟློས་གར་འཁྲབ་པའི་ལྟེ་གནས་སུ་གྱུར་ཅིང་རྒྱུད་ལེགས་པར་འཛིན་ཡོད། སྤྱི་ལོ1953ལོར་མགོ་ལོག་གི་གླིང་འབུད་དགོན་གྱིས་བླ་སེར་བཅུ་གཉིས་རྣམ་ཐར་སྦྱོང་བར་སོང་ནས་གླིང་འབུད་དགོན་པ་རུ་དར། ལོ་རབས་དྲུག་ཅུ་པའི་ནང་མཚམས་འཇོག་དགོས་བྱུང་།

2 ཛམ་བྷ་ལ་བོད་ཀྱི་ཟློས་གར་ཚོགས་པ། 

ཁུལ་དང་རྫོང་གི་རྒྱབ་སྐྱོར་འོག་སྤྱི་ལོ2012ལོའི་ཟླ11ཚེས29ཉིན་འཛམ་བྷ་ལ་བོད་ཀྱི་ཟློས་གར་ཚོགས་པ་ཚུགས། སྤྱི་ཕན་ཅན་གྱི་ན་གཞོན་འཁྲབ་མཁན་བཞི་བཅུ་ཙམ་བསྡུས་ཏེ་རང་སྐྱོང་ཁུལ་གཙོར་བྱས། ཧུང་ཡོན་རྫོང་། མཛོད་དགེ་རྫོང་། ཆུ་ཆེན་རྫོང་། ཟུང་ཆུ་རྫོང་སོགས་སུ་འཁྲབ་སྟོན་གནང་བར་མི་དམངས་མང་ཚོགས་ནས་དགའ་སྤྲོ་གཏིང་ནས་སྐྱེ། མང་ཚོགས་ཀྱིས་གཙོ་བོ་འཁྲབ་མཁན་རྣམས་ཀྱི་ངག་སྙན་མིན། ཉམས་འགྱུར་ལྡན་མིན། འཁྲབ་རྩལ་བཟང་མིན་སོགས་ལ་གཟིགས། མདོར་ན་འཁྲབ་རྩལ་ལེགས་པས་གཞན་ལ་མིག་གི་ལྟད་མོ་གནང་། ཕུལ་བྱུང་འཁྲབ་བྱའི་སྒྱུ་རྩལ་ཉམས་འགྱུར་འབུམ་དང་ལྡན་པས་མང་ཚོགས་ལ་ལྟ་འདོད་ལྷག་པར་སྐྱེས། ཟློས་གར་དེ་དག་འཁྲབ་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱ་ཆེའི་མང་ཚོགས་དང་ལྟད་མོ་བ་ཤིན་ཏུ་མང་པོ་འདུས་ནས་གཟིགས་ཤིང་དགའ་བསུ་གྱ་ནོམ་པ་བྱས། 


བརྡ་འགྲེལ་གདོང་འཛར།

ཟློས་གར། ཨ་མདོ། གར་སྟེགས་ཟློས་གར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-21

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།