གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོར་ཕུལ་བའི་ཡིག་ལན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོར་ཕུལ་བའི་ཡིག་ལན་ཞེས་པ་འདི་ནི་གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོས་འབུལ་བ་ཕུན་སུམ་ཚོགས་པ་དང་བཅས་ཏེ་གདན་འདྲེན་པའི་ཞུ་ཡིག་ནན་ཆེན་པོས་ཕུལ་བའི་ལན་དུ། མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས་སྨྲས་པའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
མཁས་གྲུབ་དགེ་ལེགས་དཔལ་བཟང་།
1 ​མ་ཡིག

གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོར་ཕུལ་བའི་ཡིག་ལན།

ཨོཾ་བདེ་ལེགས་སུ་གྱུར་ཅིག རྒྱལ་བ་ཀུན་གྱི་ཐུགས་རྗེའི་འོད་དཀར་ཅན། ། འཇིག་རྟེན་དབང་ཕྱུག1ས་བཅུའི2ཟླ་བ་དེས། ། བོད་ཡུལ་མུན་པ་སེལ་སླད་མི་དབང་གི། ། རྣམ་རོལ་སྤྲུལ་པའི་ཟློས་གར་མང་ཞིག་མཛད། ། དེ་དག་རིགས་ལ་དུས་ཀྱི་ཐ་མར་ཡང་། ། གྲགས་པའི་འོད་དཀར་ཉམས་པ་མེད་པ་ཅན། ། གངས་ཅན་སྟོད3ཀྱི་ས་འཛིན་གདུགས་གཅིག་པུ། ། ཁྱེད་ཀྱི་ལྷག་བསམ་དོན་ཀུན་འབྱོར་གྱུར་ཅིག ། དཔལ་ལྡན་ས་ཡི་བརྒྱ་བྱིན་སྙན་ཤལ་ལ། ། འཁྱུད་པར་འོས་པའི་ཚིག་གི་མེ་ཏོག་ཕྲེང་། ། རྙོག་བྲལ་དྭངས་པའི་ཡིད་མཚོ་ལས་འཁྲུངས་པ། ། དོན་བཟང་དྲི་བསུང་རྫོགས་འདི་བདག་གིས་འབུལ། ། ཁེངས་ལྡན་སྐྱེ་བོ་དུ་མའི་ཅོད་པན་གྱིས། ། ཞབས་མཐིལ་པདྨོའི་ངོས་ལ་ངལ་གསོ་བ། ། ཁྱོད་ཀྱི་གཙུག་ཕུད4དཀོན་མཆོག་རིན་ཆེན་གྱི། ། ཞབས་སྐྱེས་མཆོད་ལ་བསྙེལ་བར5མ་གྱུར་ཏམ། ། བདག་ཀྱང་བླ་མའི་ལེགས་བཤད་ཀྱིས་འཚོ་ཞིང་། ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་དོན། ། བཤད་སྒྲུབ6བསྟན་པའི་བྱ་བ་མ་དོར་ཙམ། ། མ་རུངས་སྐྱེ་བོའི་ཁྲོད་ན་སྤྱོད་ཅིང་མཆིས། ། ཞེས་གསོལ་ནས། སླར་ཡང་བརྗོད་པར་བྱ་བ་ནི། གུར་ཀུམ་མེ་ཏོག་དྲི་ལ་སྲེད་ལྡན་པའི། ། བཀའ་ཡིག་བུང་བའི་ཕྲེང་བ་རིངས་འོངས་ནས། ། ཁྱོད་ཐུགས་དགེ་བ་སྒྲོགས་པ་ལྷུར་བླངས་ཏེ། ། སོར་མོའི་འདབ་ཕྲེང་རྩེ་ལ་ལྡིང་ཞིང་ཆགས། ། དེ་ཚེ་མིག་དང་རྣ་བའི་དགའ་སྟོན་མྱོང་། ། ཡིད་ལ་ཁྱོད་སྐུ་མངོན་སུམ་ཇི་བཞིན་དུ། ། ཡང་ཡང་བྲིས་ནས་དེ་དོན་བསམས་པ་ན། ། བདག་ཡིད་ཁྱོགས་ལ་ཤིན་ཏུ་འཕྱང་བར་གྱུར། ། ཅི་སླད་ཅེ་ན་ཐུབ་བསྟན་ཉིན་མོར་བྱེད། ། ནུབ་རིའི་མལ་སྟན་ངོས་ལ་གོས་དམར་འཛིན། ། སྐྱེ་དགུ་ཕན་བདེའི་པད་ཚལ་ལྷག་མ་ཙམ། ། སྡིག་སྤྱོད་བ་མོས་ཉིན་རེ་བཞིན་དུ་འཇོམས། ། གངས་ཅན་སྐྱེ་བོ་ཕལ་ཆེར་ལེགས་ཉེས་ཀྱི། ། བླང་དོར་འབྱེད་ལ་ཤིན་ཏུ་འཐོམས་གྱུར་པས། ། ཁ་གསག་དཔུང་དང་ལོངས་སྤྱོད་ཕྱིར་འབྲང་གི། ། ཐུབ་པའི་གསུང་བཞིན་བསྒྲུབ་རྣམས་རྩྭ་ལྟར་འདོར། ། དེ་ཕྱིར་རིགས་པའི་སྐྱ་བ་འཛིན་མཁས་པ། ། བཤེས་གཉེན་དེད་དཔོན་མཆོག་ཀྱང་མ་རུངས་པའི། ། རླུང་ཆེན་ནང་དུ་ཡང་ཡང་གྲུ་སྦྱར་བས། ། ཡང་ཡང་སྒྱུད་ལུག7འགྱུར་བར་གདོན་མི་འཚལ། ། འོན་ཀྱང་བོད་འབངས་སྐྱེ་དགུ་མཐའ་དག་གི། ། དགེ་ལེགས་སྲོག་ནི་ཡང་ཡང་གསོས་གྱུར་པ། ། བསྟན་པའི་རྩ་བ་འཇིག་རྟེན་ཀུན་གྱི་མིག ། སྔོན་གྱི་ཆོས་རྒྱལ་སེམས་དཔའ་ཆེ་རྣམས་ཀྱི། ། རླབས་ཆེན་སྤྱོད་པའི་རྗེས་འགྲོ་ཕན་བདེའི་ཁུར། ། ད་ལྟ་ཁྱོད་ཀྱི་ཟུར་ཕུད་ངོས་དག་ལ། ། མེ་ཏོག་ཕོན་པོ་བཞིན་དུ་རབ་ཏུ་འཛིན། ། དགུན་གྱི་པད་དཀར་ཡ་མཚན་ཅི་ཡང་བསྐྱེད། དེ་ཡི་དྲི་བཟང་ཕྱོགས་ཀུན་དྲི་ལེན8གྱིས། ། ནོར་འཛིན་བུ་མོའི་འགྲམ་པའི་ངོས་དག་ལ། ། ལན་ཅིག་མིན་པར་བསྒོས་པ་ལ་སྲེད་པའི། ། མཁས་རྣམས་ཡིད་ནི་ཞགས་པ་མེད་པར་འཛིན། ། དེ་སླད་ཁྱོད་ཐུགས་དགེ་བའི་ལྕགས་ཀྱུ་ཡིས། ། བདག་གི་སྙིང་ནི་ཀུན་ཏུ་དྲངས་མོད་ཀྱི། ། ད་དུང་བྱ་བ་དུ་མས་གཡེངས9གྱུར་ཅིང་། ། བདག་ཡིད་ལྷག་དང་བཅས་པའི་གནས་སྐབས་བསྟེན། ། སྐྱེ་བོ་འཇུངས་པ་ནོར་གྱིས་ལྷག་པར་ཚིམ། ། ང་རྒྱལ་འཛིན་རྣམས་གཅམ་བུའི་ངག་གིས་མགུ། ། དམ་པ་ལེགས་བཤད་རོ་ལ་ལྷག་པར་ཆགས། ། དེ་ཕྱིར་སླར་ཡང་ཆོས་ཀྱི་སྐྱེས་འདི་འབུལ། ། བདེ་ལེགས་རྩ་བ་ཐུབ་བསྟན་ལོ་ཐོག་ནི། ། བཤེས་གཉེན་ཆུ་འཛིན་དབང་པོའི10ལེགས་བཤད་ཀྱི། ། ཆུ་ཆར་དུས་སུ་འབེབས་ལ་རག་ལས་པས། ། མི་དབང་མདུན་ས་མཁས་པས་བརྒྱན་པར་མཛོད། ། ཚིག་གི་ཡལ་འདབ་མང་དུ་རྒྱས་ན་ཡང་། ། རྣམ་དག་ཚུལ་ཁྲིམས་སྙིང་པོ་མ་མཆིས་ན། ། བླུན་པོའི་བྱ་ཚོགས་འདྲིད་པ་ལྷུར་ལེན་པའི། ། ཁོང་རུལ་ལྗོན་ཤིང་བཞིན་དུ་མཁྱེན་པར་མཛོད། ། སྐྱེ་དགུའི་བདེ་སྐྱིད་བསྟན་ལ་རག་ལས་ཤིང་། ། དེ་ཡང་ལུང་རྟོགས་དམ་ཆོས11རྒྱས་པ་ལ། ། རག་ལས་དེ་ཡི་སླད་དུ་ཁྱེད་ཀྱིས་ནི། ། རྟག་ཏུ་ལྷོད་པ་མེད་པའི་བློ་གྲོས་མཛོད། ། ཚོང་འདུས་ཁ་དོག་བསྒྱུར་པའི་ཟས་བཞིན་དུ། ། འཇིག་རྟེན་འདི་ན་ཆོས་ལྟར་བཅོས་པ་མང་། ། དེ་ཕྱིར་ཡངས་པའི་བློ་ཅན་ཁྱོད་ཀྱི་ཐུགས། ། ལེགས་པའི་ལམ་བཟང་ཀུན་ཏུ་བསྟེན་པར་འཚལ། ། རྣམ་དག་ཚུལ་ཁྲིམས་རྒྱན་གྱིས་རབ་མཛེས་ཤིང་། ། ས་ཕྱོགས་སྐྱེ་བོའི་བསོད་ནམས་ཚོགས་གྱི་གཞི། ། བག་ཡོད་དུལ་བའི་གོས་འཆང་རབ་བྱུང་གིས། ། ས་ཡི་ཁྱོན་རྣམས་ཀུན་ཏུ་གང་བར་མཛོད། ། འབངས་རྣམས་སྐྱེ་བོའི་བདེ་ལེགས་ཇི་སྙེད་པ། ། དེ་ཀུན་ས་སྐྱོང་མཛད་པའི་རྗེས་སུ་འཇུག ། དེ་ཕྱིར་ཉིད་ཀྱི་སྲས་ལ་ཇི་ལྟ་བར། ། བྱམས་པའི་ཐུགས་ཀྱིས་ཆོས་ཀྱི་རྒྱལ་སྲིད་མཛོད། ། ཕན་ཚུན་གནོད་པའི་ལས་ལས་རབ་བཟློག་ནས། ། ཀུན་ཀྱང་འཚེ་བ་མེད་པའི་ཆོས་ལ་བརྟེན། ། དགེ་བའི་ཁྲིམས་ཀྱིས་ཉིད་ཀྱི་ཆབ་སྲིད་ནི། ། རྫོགས་ལྡན་དུས་བཞིན་ཀུན་ཏུ་དགའ་བར་མཛོད། ། རྐང་དྲུག་ལྡན་པ་ཁོ་བོའང་ལེགས་བཤད་ཀྱི། ། འཕུར་ལྡིང་སྙན་པའི་སྒྲ་དབྱངས་ལྷུར་ལེན་ཅིང་། ། དད་པ་སྦྲང་རྩིའི་བཅུད་ཀྱིས་ཡོངས་གཏམས་པའི། ། འདབ་བརྒྱའི་ཚལ་དེར་འཇུག་པའི་སྨོན་ལམ་བགྱིད། ། ཁྱོད་ཐུགས་དགེ་བ་རྒྱས་པའི་འོད་དཀར་ཅན། ། བདུད་སྡེ་མུན་ཅན་གཟའ་ལས་རྣམ་རྒྱལ་ནས། ། ཁོར་ཡུག་རི་བོའི་ཁོངས་ཀྱི་ནོར་འཛིན་བཞིན། ། ཐུབ་བསྟན་ཀུ་མུད་དགོད་པའི་གཉེན་གྱུར་ཅིག ། ཅེས་པའི་ཞུ་ཡིག་གཟིགས་པའི་རྟེན་མཚོན་པར། ། ལྷག་བསམ་དྲི་མ་མེད་པ་ལྟར་རབ་ཏུ་དཀར་བའི་ཁ་བཏགས་གཅིག་མཆིས། ཟླ་གསུམ་པའི་ཉེར་བདུན་ལ་རི་བོ་མདངས་ཅན་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག

ཅེས་པ་འདི་ནི་གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོས་འབུལ་བ་ཕུན་སུམ་ཚོགས་པ་དང་བཅས་ཏེ་གདན་འདྲེན་པའི་ཞུ་ཡིག་ནན་ཆེན་པོས་ཕུལ་བའི་ལན་དུ། མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས་སྨྲས་པའོ། །

2 མཆན་འགྲེལ།

1.འཇིག་རྟེན་དབང་ཕྱུག འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །

2.ས་བཅུ། བྱང་ཆུབ་སེམས་དཔའི་ས་བཅུ་སྟེ། ངོར་ཆེན་ཀུན་དགའ་བཟང་པོའི《ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལ་བསྟོད་པ》ཞེས་བྱ་བའི་མཆན་རྟགས་ཨང18ལ་གཟིགས།

3.གངས་ཅན་སྟོད། བོད་གངས་ཅན་གྱི་སྟོད་ཀྱི་ཡུལ་ཕྱོགས་ཏེ། འདིར་མངའ་རིས་གུ་གེའི་ཡུལ་ཁམས།

4.གཙུག་ཕུད། སྐྲའི་ཐོར་ཅོག་གི་རྩེ་དང་རལ་བ་མདུད་པའི་ཟུར་ཕུད།

5.བསྙེལ་བ། ངལ་བའི་ཞེ་ས་སྟེ་སྐུ་བསྙེལ་བ་ཞེས་པ་ལྟ་བུ།

6.བཤད་སྒྲུབ། ཆོས་འཆད་ཉན་དང་། མང་དུ་ཐོས་ཤིང་གདམས་པར་ཤར་བའི་ཆོས་དོན་ཉམས་སུ་ལེན་པ། 

7.སྒྱིད་ལུག ལེ་ལོ་སྟེ། དབྱངས་ཅན་དགའ་བློས། སྒྱིད་ལུག་པ་ནི་དགེ་བའི་བྱ་བ་ལ་སེམས་བཟློག་པའམ་ཡིད་བསང་པའོ་ཞེས་གསུངས། 

8.དྲི་ལེན། སྣ་དང་རླུང་གཉིས་ཀར་འཇུག་ལ་འདིར་སྣའོ། །

9.གཡེངས་པ། འདོད་པའི་ཡོན་ཏན་སོགས་ལ་རྣམ་པར་འཕྲོ་བའི་སེམས་གཡེང་བ་དྲུག་གང་རུང་།

10.ཆུ་འཛིན་དབང་པོ། ཆུ་འཛིན་ནི་རྒྱ་མཚོ་ལ་འཇུག་པས། ཆུ་འཛིན་དབང་པོ་ནི་རྒྱ་མཚོའི་དབང་པོ་སྟེ་ཀླུ་རྒྱལ་པོའོ། ། ཡང་ན་ནམ་མཁའི་སྤྲིན་ཕུང་ལ་གོ་ནའང་ཆོག

11.ལུང་རྟོགས་དམ་ཆོས། ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་ཏེ། ལུང་གི་ཆོས་ནི་མདོའི་སྡེ། དབྱངས་ཀྱིས་བསྟོད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། གླེང་གཞིའི་སྡེ། རྟོགས་པ་བརྗོད་པའི་སྡེ། དེ་ལྟ་བུ་བྱུང་བའི་སྡེ། སྐྱེས་པའི་རབས་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བའི་སྡེ། གཏན་ལ་ཕབ་པའི་སྡེ་གསུང་རབ་ཡན་ལག་བཅུ་གཉིས་དང་། རྟོགས་པའི་ཆོས་ནི། གང་གི་ཆགས་པ་དང་འབྲལ་བར་བྱེད་པའི་ལམ་བདེན་པའི་ཆོས་དང་། གང་ཞིག་ཆགས་པ་དང་འགོག་བདེན་གཉིས་བསྡུས་པའི་ཆོས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-24

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།