ཤོང་གཟིམ་ཆུང་འགག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། སྲིད་སྐྱོང་རིམ་ཅན་དང༌། སྲིད་བློན་བཅས་པས་དབང་སྒྱུར་བཀོད་གཏོང་བྱེད་སའི་ཤོད་འགག་ཅེས་པ་དེ་ཡིན།
1 རྒྱས་འགྲེལ།

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། སྲིད་སྐྱོང་རིམ་ཅན་དང༌། སྲིད་བློན་བཅས་པས་དབང་སྒྱུར་བཀོད་གཏོང་བྱེད་སའི་ཤོད་འགག་ཅེས་པ་དེ་ཡིན། དེ་ཡང་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(1642)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྲིད་དབང་བཟུང་རྗེས་སྡེ་སྲིད་དང་པོ་བསོད་ནམས་རབ་བརྟན་བསྐོ་གཞག་བྱས་པ་ནས་ཕོ་ལྷ་ཐའི་ཇིའི་བུ་ཝང་འགྱུར་མེད་རྣམ་རྒྱལ་བར་སྡེ་སྲིད་རིམ་པས་དབང་ལུང་བཀོད་གཏོང་ཕལ་ཆེ་བ་བྱ་ཡུལ་རྩེ་རང་ལ་ཡིན་པར་འདུག་ཀྱང་དེ་སྐབས་ཤོད་འགག་ཅེས་པའི་ཐ་སྙད་དངོས་སུ་མ་བྱུང་ཞིང་རབ་བྱུང་བཅུ་གཅིག་པའི་མེ་གླང(1757)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་གཤེགས་རྗེས་གོང་མ་ཆན་ལུང་གིས་དེ་མོ་བདེ་ལེགས་རྒྱ་མཚོ་རྒྱལ་ཚབ་ཏུ་བསྐོས། དེ་ནས་བཟུང་ཤོད་འགག་ཅེས་པ་གསར་དུ་ཆགས། འདིའི་འགོ་ཁྲིད་སྣེ་མགྲོན་མཁན་ཆུང་གཅིག་ཤོད་མགྲོན་བཞི(རིམ་པ་ལྔ་པ)གཟིམ་འགག་གཉིས་བཅས་ཡོད། དེ་དག་གི་ལས་འགན་ནི་རྩེ་འགག་གི་ལམ་ལྟར་གཅིག་མཚུངས་ཡིན། འདིར་ཤོད་འགག་གི་སྒྲིག་གཞི་དང་འབྲེལ་བའི་རྒྱལ་ཚབ་དང༌། སྲིད་སྐྱོང༌། སྲིད་བློན་བཅས་ཀྱི་བྱུང་ཚུལ་ཅུང་ཟད་འགོད་པར་བྱ་བ་ལ། རྒྱལ་ཚབ་དང་སྲིད་སྐྱོང་ནི། ཏཱ་ལའི་བླ་མའི་ཡང་སྲིད་མ་བྱུང་བའི་བར་དུ་ཆོས་སྲིད་གཉིས་ཀའི་ཚབ་བྱེད་པོར་རྒྱལ་ཚབ་ཅེས་བརྗོད་པ་དང༌། ཏཱ་ལའི་བླ་མའི་ཡང་སྲིད་ཁྲིར་འཁོད་ཚུན་སྲིད་འགན་བྱེད་པོར་སྲིད་སྐྱོང་ཟེར་ཞིང༌། རྒྱལ་ཚབ་དང་སྲིད་སྐྱོང་སུ་ཡིན་རུང་ཏཱ་ལའི་བླ་མ་ལྟར་བོད་ཡོངས་ལ་ཆོས་སྲིད་ཀྱི་དབང་སྒྱུར་བྱེད། རྒྱལ་ཚབ་སྲིད་སྐྱོང་གཉིས་ཀ་ལས་འཁུར་བྱེད་རིང་སྲིད་གཞུང་དང་འདོད་པ་གཅིག་ཡིན་ཁུལ་གྱིས་བྱུང་སོང་ཚང་མ་སྲིད་གཞུང་གི་རྩེ་ཤོད་ཕྱག་མཛོད་ནས་ནར་གཏོང་བྱེད་སྲོལ་ཡང་དབང་ཆ་བྱུང་རྗེས་འབུལ། ཡོངས་རྫོགས་སྒེར་ནས་ལེན་པ་དང༌། ད་དུང་ས་ཁང་མི་གསུམ་ཁྱོན་ཆེ་ཐུགས་རྗེ་ཆེ་ཞུར་འབུལ་དགོས་པས་དཔལ་འབྱོར་ཤིན་ཏུ་རྒྱས་པའི་བླ་བྲང་ཆེ་ཁག་དང་ཧོ་ཐོག་ཐུའི་གོ་གནས་ཆོ་ལོ་འཛིན་པའི་བླ་ཆེན་ཞེ་ཅིག་ཏུ་གྱུར་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-19

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།