གཙང་རྩ་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཙང་རྩ་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་ཁོངས་སུ་གཏོགས་པའི་གྲོང་རྡལ་ཞིག་ཡིན་ལ། སྔར་གཟི་རྩ་སྡེ་དགུ་གྲོང་རྡལ་ཟེར། རྫོང་མཁར་གྱི་ནུབ་ཕྱོགས་སུ་གནས་ཡོད་ཅིང་། རྫོང་མཁར་དང་བར་ཐག་སྤྱི་ལེ43ཡོད། བོད་རིགས་གཙོ་བོར་གྱུར་བའི་མི་རིགས་དུ་མ་འདུས་སྡོད་ཀྱི་གྲོང་རྡལ་ཞིག་ཡིན། སྤྱི་ལོ1992ལོར་ཡུལ་ཚོ་གྲོང་རྡལ་དུ་སྒྱུར་སྐབས། ཐ་ཚང་ཡུལ་ཚོ་དང་འབྲོང་ཁམས་ཡུལ་ཚོ་གཅིག་ཏུ་བསྡུས་ཏེ་གཟི་རྩ་སྡེ་དགུ་གྲོང་རྡལ་དུ་མིང་བཏགས། སྤྱི་ལོ1998ལོའི་ཟླ6པའི་ཚེས19ཉིན། ནན་ཕིང་རྫོང་གཟི་རྩ་སྡེ་དགུ་རྫོང་དུ་སྒྱུར་སྐབས། གཟི་རྩ་སྡེ་དགུ་གྲོང་རྡལ་ཡང་གཙང་རྩ་གྲོང་རྡལ་དུ་བསྒྱུར་བ་རེད། རྒྱུ་མཚན་ནི་གྲོང་རྡལ་སྲིད་གཞུང་ཆགས་ས་གཙང་རྩ་གྲོང་རྡལ་ཡིན་པས་རེད། ཤར་ནི་ཆུ་དཀར་རང་བྱུང་སྲུང་སྐྱོང་ས་ཁུལ་ལ་འབྲེལ་ཡོད། ལྷོ་ནི་ཟུང་ཆུ་རྫོང་གི་ལྕང་ལ་ས་ཁུལ་དང་འབྲེལ་ཡོད། ནུབ་ནི་སྟག་ལོ་ཡུལ་ཚོ་ལ་འབྲེལ་ཡོད། བྱང་ནི་ཧེ་ཧོ་ཡུལ་ཚོ་དང་ལིན་ཅང་ཡུལ་ཚོ་ལ་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཙང་རྩ་གྲོང་རྡལ།
རྒྱ་ཡིག་གི་མིང་།
漳扎镇
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1540ཡོད།
མཚོ་འཕགས།
སྨི2089ཡོད།
མཁའ་དབུགས་ཆ་རྐྱེན།
མཐོ་སྒང་གི་བརླན་ལྡན་མཁའ་དབུགས།
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་རྔ་ཁུལ་གཟི་རྩ་སྡེ་དགུ་རྫོང་།
1 ​ངོ་སྤྲོད་རགས་བསྡུས།

གཙང་རྩ་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་གྲོང་རྡལ་ཞིག་ཡིན་ལ། གྲོང་རྡལ་མི་དམངས་སྲིད་གཞུང་ནི་གཙང་རྩ་གྲོང་རྡལ་དུ་ཆགས་ཡོད་ཅིང་། རྫོང་མཁར་དང་བར་ཐག་སྤྱི་ལེ43ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1540དང་མཚོ་འཕགས་ལ་སྨི2089ཡོད། མངའ་ཁོངས་སུ་སྲིད་འཛིན་གྲོང་སྡེ13ཡོད་དེ། འབྲོང་ཁམས་གྲོང་སྡེ་དང་ཁྱུང་ཡག་གྲོང་སྡེ། འཕེན་པོ་གྲོང་སྡེ། གཙང་རྩ་གྲོང་སྡེ། ཡུང་ཀྲུའུ་གྲོང་སྡེ། ཉལ་སྟན་གྲོང་སྡེ། གྱོམ་འཁྱག་གྲོང་སྡེ། གླང་ཅ་གྲོང་སྡེ། ཧྲང་སི་ཀྲའེ་གྲོང་སྡེ། མཚོ་ལེབ་གྲོང་སྡེ། ཉ་རྩ་གྲོང་སྡེ། ཇོའི་ནང་གྲོང་སྡེ། ཨར་ཏའོ་ཆའོ་གྲོང་སྡེ་བཅས་དང་གྲོང་དམངས་ཚན་ཆུང24ཡོད། གཙང་རྩ་གྲོང་རྡལ་ནི་བོད་རིགས་གཙོ་བོར་གྱུར་བའི་མི་རིགས་མང་བོ་འདུས་སྡོད་ཀྱི་གྲོང་རྡལ་ཞིག་ཡིན་པར་མ་ཟད། འཛམ་གླིང་དུ་མིང་དུ་གྲགས་པའི་མཛེས་ལྗོངས་གཟི་རྩ་སྡེ་དགུ་ཡང་གྲོང་རྡལ་འདིའི་ཁོངས་སུ་ཆགས་ཡོད།

2 ས་བབ་གནམ་གཤིས།

གཙང་རྩ་གྲོང་རྡལ་གྱི་མཚོ་འཕགས་ནི་སྨི1640ནས3500བར་ཡིན། ཆེས་མཐོ་བའི་རི་ནི་ལྷོ་ནུབ་ཕྱོགས་ཀྱི་ཟུང་ཆུ་དང་ས་མཚམས་འབྱེད་པའི་བྲག་དམར་སྒང་རྒྱབ་ཡིན་སྟེ། མཚོ་འཕགས་ལ་སྨི4764ཡོད། ཆེས་དམའ་བ་ནི་ཤར་བྱང་གི་ཨར་ཏའོ་ཆའོ་གྲོང་སྡེ་ཡིན་སྟེ། མཚོ་འཕགས་ལ་སྨི1640ཡོད། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི་དབྱར་ཁ་ཐུང་ལ་དགུན་ཁ་རིང་བ། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ9ཡིན། ལོ་ཧྲིལ་བོར་སད་མེད་ཡུན་ཉིན204ཡིན། ལོ་ཧྲིལ་བོར་ཆ་སྙོམས་ཆར་བ་འབབ་ཚད་ཧོ་སྨི740ཡིན།

3 མི་གྲངས།

གཙང་རྩ་གྲོང་རྡལ་ནི་བོད་རིགས་གཙོ་བོར་གྱུར་བའི་མི་རིགས་མང་བོ་འདུས་སྡོད་ཀྱི་གྲོང་རྡལ་ཞིག་ཡིན་ལ། སྤྱི་ལོ2000ལོར་ཐེངས་ལྔ་བའི་མི་གྲངས་སྡོམ་རྩིས་ལྟར་ན། གཙང་རྩ་གྲོང་རྡལ་དུ་མི་གྲངས11270(ཕྱི་འོང་ལས་ཀ་བའང་འདུ།)ཡོད་དེ། དེའི་ཁྲོད་བོད་རིགས5411དང་ཆའང་རིགས2391 རྒྱ་རིགས5287 ཧའེ་རིགས293  མན་ཇུ་རིགས9  མམིའོ་རིགས6  དབྱི་རིགས1 སོག་རིགས9 ཐུའུ་ཅ་རིགས4ན པའེ་རིགས3 མི་རིགས་གཞན་དག8བཅས་ཡོད། བོད་རིགས་ཀྱིས་མི་གྲངས་ཡོངས་ཀྱི་བརྒྱ་ཆའི48.5ཟིན་ཡོད། རྒྱ་རིགས་ཀྱིས་མི་གྲངས་ཡོངས་ཀྱི་བརྒྱ་ཆའི46.9ཟིན་མོད། མང་ཆེ་བ་ནི་ཕྱི་འོང་ལས་ཀ་བ་ཡིན། སྤྱི་ལོ2005ལོར་གྲོང་རྡལ་ཡོངས་ལ་ཁྱིམ་ཚང2118(ཡུལ་དེའི་ཁྱིམ་ཐོ་ཅན)ཡོད་ཅིང་།མི་གྲངས6768ཡོད།དེའི་ཁྲོད་ཞིང་ལས་མི་གྲངས4317དང་ཞིང་ལས་མིན་པའི་མི་གྲངས2451ཡོད།

4 དཔལ་འབྱོར་ཡོང་འབབ།

གཙང་རྩ་གྲོང་རྡལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་མ་ཟད། མཛེས་ལྗོངས་གཟི་རྩ་སྡེ་དགུ་ཡི་ལུང་མདོ་དང་ཐག་ཉེ་བས། མགྲོན་ཁང་དང་ཚོང་ཁང་སོགས་བསྐྲུན་ནས་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་བཏང་ཞིང་། སྤྱི་ལོ2005ལོར། གྲོང་རྡལ་ཡོངས་ལ་མགྲོན་ཁང་ཆེ་ཆུང84ཡོད་པ་དང་།  སྤྱི་ལོ2005ལོར་སྒོ་ཕྱུགས4023ཡོད། སྤྱི་ལོ2005ལོར་གྲོང་རྡལ་ཡོངས་ཀྱི་དཔལ་འབྱོར་ཐོན་སྐྱེད་སྤྱིའི་རིན་སྒོར་ཁྲི2820.5ཡོད། ཞིང་གྲོང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར5236ཡོད།

5 སློབ་གསོ་འཕྲོད་བསྟེན།

སྤྱི་ལོ2005ལོར། གཙང་རྩ་གྲོང་རྡལ་ལ་སློབ་གྲྭ་ཆུང་འབྲིང12ཡོད། དེའི་ཁྲོད་དམའ་འབྲིང1སྟེ་གཙང་རྩ་གྲོང་རྡལ་གྱི་སློབ་འབྲིང་དང་། ལྟེ་བའི་སློབ་ཆུང3ཡོད་ཅིང་། དེའི་འོག་ཏུ་གྲོང་སྡེའི་སློབ་ཆུང8ཡོད། གྲོང་རྡལ་ཡོངས་ཀྱི་སློབ་ཆུང་ལ་དགེ་རྒན52དང་སློབ་མ600ཡོད། གཙང་རྩ་གྲོང་རྡལ་གྱི་རྫོང་མི་དམངས་སྨན་ཁང་གི་གཙང་རྩ་ཡན་ལག་སྨན་ཁང་ནི་མཛེས་ལྗོངས་གཟི་རྩ་སྡེ་དགུ་ཡི་སྨན་བཅོས་དང་མྱུར་སྐྱོབ། སྔོན་འགོག་བདེ་སྲུང་སོགས་ཕྱོགས་བསྡུས་སྨན་ཁང་ཞིག་ཡིན། སྤྱི་ལོ2005ལོའི་ལོ་མཇུག་ཏུ། སྨན་ཁང་དུ་སྨན་བཅོས་མི་སྣ37ཡོད། ནད་ཁྲི15ཡོད། ད་དུང་གྲོང་སྡེ་རིམ་པའི་སྨན་བཅོས་ཁང4ཡོད། སྨན་བཅོས་ཁང་རེ་ལ་སྨན་པ་རེ་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-17

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།