པའོ་ཧྭ་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུལ་ཚོ་དེ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་རྫོང་མཁར་གྱི་ལྷོ་ཕྱོགས་སུ་གནས་ཤིང་། ཤར་བྱང་ནི་ཡུང་ཧྥུང་ཡུལ་ཚོ་ལ་འབྲེལ་ཡོད། ཤར་ལྷོ་ནི་ཧྲོང་ཧོ་ཡུལ་ཚོ་ལ་འབྲེལ་ཡོད། ལྷོ་ནི་ལུའོ་དབྱི་ཡུལ་ཚོ་ལ་འབྲེལ་ཡོད། ནུབ་ནི་ཆུ་དཀར་ཡུལ་ཚོ་ལ་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ38.75ཡོད། མཚོ་འཕགས་ལ་སྨི1806ཡོད། རི་རྐེད་དུ་གནས་པས་ས་གཤིས་བཟང་ལ་འབྲུ་རིགས་ཐོན་ཚད་བཟང་བས་ལོ་རྒྱུས་སུ་གཟི་རྩ་སྡེ་དགུ་རྫོང་གི་འབྲུ་མཛོད་ཆུང་བའི་མཚན་སྙན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
པའོ་ཧྭ་ཡུལ་ཚོ།
རྒྱ་ཡིག་གི་མིང་།
保华乡
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ38.75ཡོད།
མཚོ་འཕགས།
སྨི1806ཡོད།
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་རྔ་ཁུལ་གཟི་རྩ་སྡེ་དགུ་རྫོང་།
1 ​ངོ་སྤྲོད་རགས་བསྡུས།

པའོ་ཧྭ་ཡུལ་ཚོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་ཁོངས་སུ་གཏོགས་པའི་ཡུལ་ཚོ་ཞིག་ཡིན་ལ།  སྤྱི་ལོ1962ལོར་གསར་དུ་བཙུགས་པ་རེད། རྫོང་མཁར་གྱི་ལྷོ་ཕྱོགས་སུ་གནས་ཤིང་། ཡུལ་ཚོའི་སྲིད་གཞུང་ནི་ལིང་ཧྭ་གྲོང་སྡེ་རུ་ཆགས་ཡོད། རྫོང་མཁར་དང་བར་ཐག་སྤྱི་ལེ6.5ཡོད། མངའ་ཁོངས་སུ་སྲིད་འཛིན་གྲོང་སྡེ5དང་གྲོང་དམངས་ཚན་ཆུང11ཡོད། དེ་ནི་རྒྱ་རིགས་གཙོ་བོར་གྱུར་བའི་མི་རིགས་མང་བོ་འདུས་སྡོད་ཀྱི་ཡུལ་ཚོ་ཞིག་ཡིན།

2 སྲིད་འཛིན་ཁོངས་གཏོགས།

ཡུལ་ཚོ་དེའི་མངའ་ཁོངས་སུ་སྲིད་འཛིན་གྲོང་སྡེ་ལྔ་ཡོད་དེ། པན་ཧྲན་གྲོང་སྡེ་དང་ལིང་ཧྭ་གྲོང་སྡེ། ལིང་པའོ་གྲོང་སྡེ། ཐུའུ་མོན་གྲོང་སྡེ། སན་ཧོ་གྲོང་སྡེ་བཅས་ཡིན།

3 མི་གྲངས།

སྤྱི་ལོ2005ལོར་མཚོན་ན། ཡུལ་ཚོ་ཡོངས་ལ་ཁྱིམ་ཚང537དང་མི་གྲངས2572ཡོད། དེའི་ཁྲོད་རྒྱ་རིགས2322ཡོད་ལ། སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི90.3ཟིན། བོད་རིགས192ཡོད་ལ། སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི7.5ཟིན། ཧེ་རིགས58ཡོད་ལ། སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི2.2ཟིན།

4 གནམ་གཤིས།

ཡུལ་ཚོ་དེ་ཡི་གནམ་གཤིས་ལ་སྐམ་དུས་དང་འབབ་དུས་ཀྱི་དབྱེ་མཚམས་གསལ་ཞིང་དབྱར་ཁ་ཐུང་ལ་དགུན་ཁ་རིང་། ཉི་འོད་འདང་ངེས་འཕྲོ་བར་མ་ཟད་དྲོད་ཚད་ཀྱང་འཚམས་པོ་ཞིག་ཡིན། ལོ་རེའི་དྲོད་ཚད་ཀྱི་ཁྱད་པར་ཆུང་ལ་ཉིན་རེའི་དྲོད་ཚད་ཀྱི་ཁྱད་པར་ཆེ་བའི་ཁྱད་ཆོས་ལྡན། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ11.6ཡིན། ལོ་རེར་ཆ་སྙོམས་ཆར་འབབ་ཚད་ནི་ཧའོ་སྨི567.33ཡིན། ཟླ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ལ་ཆར་བ་འབབ་པ་ཅུང་མང་།

5 དཔལ་འབྱོར་ཡོང་འབབ།

སྤྱི་ལོ2005ལོར་མཚོན་ན། ཡུལ་ཚོ་དེ་ལ་རྨོ་ཞིང་སྤྱི་ཆིང211.8ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ལ་ཏུན461ཡོད། གཙོ་བོར་མ་རྨོས་ལོ་ཏོག་དང་ཞོག་ཁོག སྲན་སེར་སོགས་བཏབ་ཡོད་ལ། མ་རྨོས་ལོ་ཏོག་དང་ཞོག་ཁོག་བཏབ་པའི་ས་ཞིང་གིས་འབྲུ་རིགས་འདེབས་ཞིང་རྒྱ་ཁྱོན་གྱི་བརྒྱ་ཆའི90ཡན་ཟིན། དཔལ་འབྱོར་ལོ་ཏོག་ལ་ཀྲུང་ལུགས་སྨན་རྫས་དང་གཡེར་མ། སྔོ་ཚལ། ཤིང་ཏོག་སོགས་ཡོད། སྤྱི་ལོ2005ལོར་མཚོན་ན། ས་ཞིང་སྤྱི་ཆིང46.7ལ་སྔོ་ཚལ་བཏབ་པ་དང་། སྤྱི་ཆིང100ལ་སྲེའུ་དམར་བཏབ། ལོ་དེར་ཤིང་ཐོག་རིགས་སོ་སོ་ཐོན་ཚད་ཏུན90ཡིན། ཡུལ་ཚོ་ཡོངས་ལ་སྒོ་ཕྱུགས་ཆེ་ཆུང་རིགས4820ཡོད་ལ། དེ་ལས་སྒོ་ཕྱུགས2378ཕྱིར་བཙོང་བ་རེད། ཡུལ་ཚོ་ཡོངས་ཀྱི་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་ལ་སྒོར་ཁྲི437.8ཡོད། མི་རེའི་ཆ་སྙོམས་ཡོང་འབབ་སྒོར1702.22ཡིན།

6 འཕྲོད་བསྟེན་སློབ་གསོ།

སྤྱི་ལོ2005ལོར། ཡུལ་ཚོ་དེ་ལ་ལྟེ་བའི་སློབ་ཆུང་གཅིག་དང་གྲོང་སྡེའི་སློབ་ཆུང་གཉིས་ཡོད། དགེ་རྒན18ཡོད། སློབ་མ268ཡོད། པའོ་ཧྭ་ཡུལ་ཚོའི་འཕྲོད་བསྟེན་ཁང་ལ་ལས་བཟོ་བ3ཡོད། ནད་ཁྲི2ཡོད། གྲོང་སྡེ་རིམ་པའི་སྨན་བཅོས་ཁང4ཡོད་ལ། ལས་གཉེར་མི་སྣ4ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།