གདོང་སྣེ་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདོང་སྣེ་ཡུལ་ཚོ།
གདོང་སྣེ་ཡུལ་ཚོ་ནི་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གྱི་ས་མཚམས་འབྲུག་དཀར་གཙང་བོ་བཞུར་རྒྱུན་གྱི་རི་མཐོ་ལུང་ཟབ་ས་རྒྱུད་དུ་གནས་ཡོད། ཤར་ནི་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གཏེར་ཁ་གྲོང་རྡལ་ལ་འབྲེལ་ཡོད། བྱང་ནི་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་ཡུལ་བ་ཡུལ་ཚོ་ལ་འབྲེལ་ཡོད། ལྷོ་ནི་གཟའ་རུ་ཡུལ་ཚོ་ལ་འབྲེལ་ཡོད། ནུབ་ནི་ཚོང་རུ་ཡུལ་ཚོ་ལ་འབྲེལ་ཡོད། ཡུལ་ཚོའི་སྲིད་གཞུང་གནས་ས་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ135ཡོད། ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་རྫོང་མཁར་དང་བར་ཐག་སྤྱི་ལེ12ཡོད་པ་དང་མཚོ་འཕགས་ལ་སྨི2536ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གདོང་སྣེ་ཡུལ་ཚོ།
རྒྱ་ཡིག་གི་མིང་།
冻列乡
ས་ཁུལ་གང་དུ་གཏོགས་པ།
སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ60ཡོད།
མི་གྲངས།
2816ཡོད།
1 ​ངོ་སྤྲོད་རགས་བསྡུས།

བཅིངས་འགྲོལ་སྔོན། གནས་འདི་རུ་ཁྱིམ་ཚང་གཅིག་ཀྱང་གཞིས་ཆགས་མེད། སྤྱི་ལོ1953ལོར། བཅིངས་འགྲོལ་དམག་རྩྭ་ཐང་དུ་དམག་ལ་སྐྱོད་སྐབས། གནས་འདི་རུ་དམག་སྒར་བརྒྱབ། སྤྱི་ལོ1956ལོར་ཐེ་བོ་ས་ཁུལ་གྱི་སྤྱི་ཁང་གནས་འདི་རུ་བསྐྲུན། སྤྱི་ལོ1959ལོར་གཟའ་རུ་ཡུལ་ཚོའི་འབྲོང་ལོ་དང་ཟུར་གསུམ། སྟག་མོ། རི་མདོ་བཅས་དང་ཚོང་རུ་ཡུལ་ཚོའི་ཆ་ཇི་སྒང་དང་གོང་འགབ་མ་བཅས་ཁག་གཅིག་ཏུ་བགོས་ཏེ་གདོང་སྣེ་ཡུལ་ཚོ་བཙུགས། སྤྱི་ལོ1966ལོའི་ཟླ10བའི་ཚེས18ཉིན། གདོང་སྣེ་མི་དམངས་ཀུང་ཧྲེ་བཙུགས། སྤྱི་ལོ1968ལོར་གདོང་སྣེ་ཀུང་ཧྲེ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1973ལོར་གདོང་སྣེ་མི་དམངས་ཀུང་ཧྲེ་རུ་བཅོས། ད་ལྟ་གདོང་སྡེ་ཡུལ་ཚོའི་མངའ་ཁོངས་སུ་གདོང་སྣེ་དང་རི་མདོ། སྟག་མོ། འབྲོང་ལོ། ཟུར་གསུམ། གོང་འགབ་མ། ཆ་ཇི་སྒང་བཅས་སྲིད་འཛིན་གྲོང་སྡེ7དང་རང་བྱུང་རུ་སྐོར17ཡོད།        

2 མཛེས་ལྗོངས་དང་ལྗོངས་སྐོར་ལམ་ཐིག

འབྲུག་དཀར་གཙང་བོ་དང་གཟའ་རུ་ཆུ་བོ་མངའ་ཁོངས་ཡོངས་སུ་བརྒྱུད་ཅིང་། གནས་རི་སྟག་དབོན་དང་ཆུ་མིག རི་མདོ་མཛེས་ལྗོངས་སོགས་རང་བྱུང་མཛེས་ལྗོངས་ཡིད་དུ་འོང་བ། ཞིང་ཆེན་རིམ་པའི་ཤྭ་བ་ཁྲ་རིས་རང་བྱུང་སྲུང་སྐྱོང་ལྟེ་གནས་ཤིག་ཡོད། རྩི་ཤིང་གི་རིགས་ཕུན་སུམ་ཚོགས་ཤིང་།  རི་སྐྱེས་སྲོག་ཆགས་རྩ་ཆེན་སི་ཁྲོན་ཤྭ་བ་ཁྲ་རིས་དང་ལན་མ་བྱ། གླ་སོགས་ཡོད། ནས་དང་གྲོ། སྲན་མ། སྔོ་ཚལ་བཅས་རྒྱ་ཆེར་འདེབས་བཞིན་ཡོད་ལ། གཡེར་མ་དང་ཀུ་ཤུ། ཁམ་བུ་སྟར་སྒ་ཡང་ཡོད། བཞག་ཐེ་གཞུང་ལམ(བཞག་སྡོམ་ནས་ཀན་སུའུ་ཐེ་བོ་རྫོང་།)དང་གདོང་གཟའ་གཞུང་ལམ(གདོང་སྣེ་ནས་གཟའ་རུ་ཡུལ་ཚོ)མངའ་ཁོངས་ཡོངས་ལ་འཕྲེད་དུ་འཐེན་ཡོད།  ཤར་ཕྱོགས་སུ་གསར་བརྗེའི་གནས་ཪྙིང་མཛེས་ལྗོངས་སུ་བསྐྱོད་ན་ཆོག་ལ། ནུབ་ཕྱོགས་སུ་ལྷ་མོ་ཀིརྟི་དགོན་དང་རྐྱང་ཚ་ཆུ་ཁོལ་ལ་བསྐྱོད་ན་ཆོག ལྷོ་ཕྱོགས་སུ་གྲྭ་སར་དགེ་མཛེས་ལྗོངས་དང་མཚོ་ཁྲ་བཅས་ལ་ལྟ་སྐོར་དུ་བསྐྱོད་ན་ཆོག ཡུལ་ཚོ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ60ཡོད་ལ།  རྩྭ་ས་སྤྱི་ཆིང1733.33ཡོད། ནགས་ས་སྤྱི་ཆིང2186.67ཡོད། རྨོ་ཞིང་སྤྱི་ཆིང193.13ཡོད། རྨོ་བསྐྱུར་ནགས་འཛུགས་ས་ཞིང་ལ་སྤྱི་ཆིང369.63ཡོད།

3 མི་གྲངས།

སྤྱི་ལོ2010ལོའི་ལོ་མཇུག་ཏུ། ཡུལ་ཚོ་ཡོངས་ལ་ཁྱིམ་ཚང563དང་མི2816ཡོད། དེའི་ཁྲོད་ཞིང་ལས་མིན་པའི་མི206དང་། ཞིང་ལས་ཅན་གྱི་མི2610ཡོད། སྐྱེས་པ1397དང་སྐྱེས་མ1419ཡོད།

4 དཔལ་འབྱོར་ཡོང་འབབ།

སྤྱི་ལོ2010ལོ་ལ་མཚོན་ན། གདོང་སྣེ་ཡུལ་ཚོའི་ཞིང་གྲོང་དཔལ་འབྱོར་ཡོང་འབབ་ཁྱོན་སྒོར་ཁྲི886ཡོད། ས་ཞིང་གི་འབྲུ་རིགས་ཐོན་ཚད་ལ་ཏུན405.31ཡོད་པ་དང་། ཞིང་ལས་ཡོང་འབབ་ལ་སྒོར་ཁྲི188ཡོད་པས་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆའི21.2ཟིན། ཕྱུགས་ལས་ཡོང་འབབ་ལ་སྒོར་ཁྲི330ཡོད་པས་སྤྱིའི་ཡོང་འབབ་ཀྱི་བརྒྱ་ཆའི37.2ཟིན། སྐྱེལ་འདྲེན་ལས་རིགས་ཀྱི་ཡོང་འབབ་ལ་སྒོར་ཁྲི141ཡོད། བཟའ་བཏུང་ཉོ་ཚོང་ལ་ཡོང་འབབ་སྒོར་ཁྲི46ཡོད། ཡོང་འབབ་གཞན་པ་སྒོར་ཁྲི46ཡོད།

5  སློབ་གསོ་འཕྲོད་བསྟེན།

སྤྱི་ལོ2010ལོ་ལ་མཚོན་ན། གདོང་སྣེ་ཡུལ་ཚོ་ལ་སློབ་གྲྭ་གཉིས་ཡོད་དེ་གདོང་སྣེ་སློབ་འབྲིང་དང་གདོང་སྣེ་ལྟེ་བའི་སློབ་ཆུང་བཅས། དགེ་རྒན་དང་ལས་བཟོ་བ48ཡོད། སློབ་མ735ཡོད། ལྟེ་གནས་འཕྲོད་བསྟེན་ཁང་གཅིག་དང་ལས་བཟོ་བ8ཡོད། གྲོང་སྡེའི་སྨན་པ6ཡོད་ལ་དེའི་ཁྲོད་བུད་མེད་སྨན་པ་གཉིས་ཡོད། སྒོ་སྟེན་ནས་མི་ཐེངས4207ལ་སྨན་བཅོས་བྱས་ཤིང་། ནད་ཁྲི8ཡོད་ལ། སྨན་ཁང་དུ་མི223བསྡད་ནས་སྨན་བཅོས་བྱས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-23

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།