ཐང་སྐོར་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་སྐོར་གྲོང་རྡལ།
ཐང་སྐོར་གྲོང་རྡལ་ནི་འབྲོག་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཞིག་ཡིན་ལ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་རྫོང་མཁར་གྱི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད། ཤར་ནི་བན་ཡུ་ཡུལ་ཚོ་ལ་འབྲེལ་ཡོད། ལྷོ་ནི་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་དང་རྔ་བ་རྫོང་གི་གཅའ་རོ་ཡུལ་ཚོ་ལ་འབྲེལ་ཡོད། ནུབ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ལ་འབྲེལ་མོད། ས་མཚམས་ནི་རྨ་ཆུ་ཡིས་བཅད་འདུག བྱང་ནི་བྱམས་མེ་ལུག་ར་དང་ཡུལ་ཚོ། རྨེ་ཆུ་ཡུལ་ཚོ། གླིང་བ་བཅས་ལ་འབྲེལ་ཡོད། གྲོང་རྡལ་སྲིད་གཞུང་གནས་ས་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ64ཡོད། མཚོ་འཕགས་ལ་སྨི3438ཡིན་ལ། ཞིང་ཆེན་རིམ་པའི་གཞུང་ལམ209བ་ཡུལ་ཚོ་ཡོངས་ཀྱི་མངའ་ཁོངས་བརྒྱུད་ནས་རྫོང་ནང་ཁུལ་གྱི་གཞུང་ལམ་གཙོ་བོ་ཐང་གཟའི་གཞུང་ལམ(ཐང་སྐོར་དང་གཟའ་རུའི་ལམ)ལ་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐང་སྐོར་གྲོང་རྡལ།
རྒྱ་ཡིག་གི་མིང་།
唐克镇
ས་ཁུལ་གང་དུ་གཏོགས་པ།
སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624500
རྒྱ་ཁྱོན།
རང་བྱུང་རྩྭ་ས་སྤྱི་ཆིང་ཁྲི9.47ཡོད།
མི་གྲངས།
6865ཡོད།
1 ​ངོ་སྤྲོད་རགས་བསྡུས།

ཐང་སྐོར་གྲོང་རྡལ་གྱི་མངའ་ཁོངས་སུ་སོག་ཚང་དང་སྐ་བར་མ། དཔོན་སྐྱ། མདོ་དཔལ། འགོ་གསེར། གཙང་སྦ་བཅས་སྲིད་འཛིན་གྲོང་སྡེ6དང་སྐ་ཆུ་སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང1བཅས་ཡོད། བོད་བརྒྱུད་ནང་བསྟན་དགོན་པ་སྟེ་སོག་ཚང་དགོན་པ་ཡོད། གྲོང་རྡལ་སྲིད་གཞུང་དང་འཕྲོད་བསྟེན་ཁང་། སློབ་གྲྭ། སྒོ་ཕྱུགས་འགོག་ཁབ་དང་། སྤྱི་བདེ་མངག་གཏོང་ཁང་། ཁྲིམས་འཛིན་སུའོ་སོགས་ལས་ཁུངས༡༤ཡོད།

ཐང་སྐོར་གྱི་མངའ་ཁོངས་སུ་ཆུ་བོ་དང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་དང་། ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན་དུ་དཀར་སེར་དམར་ལྗང་གི་མེ་ཏོག་གི་ཁྲ་མེར་བཞད་པ། རྩྭ་ཆུ་འཛོམས་ཤིང་ས་ངོས་སྙོམས་པ་རེད། ཧུང་ཡོན་ནས་བཞུར་བའི་སྐ་ཆུ་དེ་ཐང་སྐོར་སོག་ཚང་དགོན་མདུན་ནས་རྨ་ཆུར་འདྲེས་ཤིང་། རྨ་ཆུ་་ལྷོ་ནས་བྱང་བརྒྱུད་དེ་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་བཞུར་བཞིན་ཡོད། ཐང་སྐོར་ནི་མཐོ་སྒང་གི་གྲང་འཁྱག་ས་ཁུལ་ཞིག་དང་གྲང་འཁྱག་བརླན་ས་སྲུང་སྐྱོང་ས་ཁུལ་ཞིག་ཀྱང་ཡིན། མཛེས་ལྗོངས་གྲགས་ཅན་རྨ་ཁུག་དང་བོ་གནས་འདི་རུ་ཆགས་ཡོད་པས། མཐོ་སྒང་ལ་ཚ་རླབས་ཅུང་རྒྱས་དུས་ནས་ལྗོངས་སྐོར་བ་ཆར་རྗེས་ཤ་མོ་བརྡོལ་བཞིན་རྒྱུན་མི་ཆད་པ་རེད། ལྷག་པར་དུ་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་ཧི་ཆི་རྟ་མཆོག་གི་ཕ་ས་ཡིན་པས། བོད་ཁུལ་དུ་ཐང་སྐོར་གྱི་རྟ་རྒྱུད་ལ་རྩིས་མཐོང་ཆེ་བར་མ་ཟད། རྨ་ཆུའི་རྟ་རྒྱུག་འགྲན་ཚོགས་སོགས་བོད་ཁུལ་གྱི་རྟ་རྒྱུག་འགྲན་སྡུར་དུ་ཨང་རིམ་དང་བོ་དང་གཉིས་པ་སོགས་ཐེངས་མང་བོར་ལེན་མྱོང་། མེས་རྒྱལ་གྱི་ས་མཚམས་སྲུང་ཁུལ་དང་ཧྭ་བྱང་གི་ས་ཆ་སོ་སོར་ཐང་སྐོར་རྟ་མཆོག་ཁྱབ་ཡོད།  ཐང་སྐོར་ནི་ལྗོངས་སྐོར་དང་ཁམས་གསེང་། དུས་སྟོན་ངལ་གསོ་བཅས་གཞི་གཅིག་ཏུ་གྱུར་བའི་དར་རྒྱས་ཆེ་བའི་ལྗོངས་སྐོར་གྲོང་རྡལ་ཆུང་ཆུང་ཞིག་ཡིན། ཐང་སྐོར་ལ་རང་བྱུང་རྩྭ་ས་སྤྱི་ཆིང་ཁྲི9.73ཡོད་ལ། དེའི་ཁྲོད་བེད་ཆོད་པའི་རྩྭ་ས་སྤྱི་ཆིང་ཁྲི9.47ཡོད།

2  མི་གྲངས།

སྤྱི་ལོ2010ལོར། ཐང་སྐོར་ཡུལ་ཚོར་ཁྱོན་ཁྱིམ་ཚང1708དང་མི6865ཡོད། དེའི་ཁྲོད་སྐྱེས་པ3413དང་སྐྱེས་མ3452ཡོད།

3 དཔལ་འབྱོར་ཡོང་འབབ།

འབྲོག་དམངས་གཞིས་ཆགས་བྱ་བའི་འཆར་གཞི་སྤེལ་ནས་གྲོང་སྡེའི་འཕྲོད་བསྟེན་ཁང་དང་དེང་རབས་སྒོ་ཕྱུགས་ཚན་རྩལ་ཞབས་ཞུ་ཁང་།  ཞིང་ཁྱིམ་དཔེ་ཀློག་ཁང་། ཏང་ཡོན་བྱ་འགུལ་ཁང་སོགས་གསར་དུ་བསྐྲུན། ཁྱིམ་ཚང173ལ་སྡོད་ཁང་གསར་དུ་བསྐྲུན་པ། འབྲོག་དམངས་གཞིས་ཆགས་ཀྱི་གད་སྙིགས་འདོར་ཚིགས13བསྐྲུན་པ། གད་སྙིགས་གཙང་སེལ་རླངས་འཁོར1ཉོས་པ་སོགས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་ཡོད།

སྤྱི་ལོ2010ལོར་ཞིང་གྲོང་དཔལ་འབྱོར་ཡོང་འབབ་ཁྱོན་སྒོར་ཁྲི2856.36ཡོད་ལ། འབྲོག་དམངས་ཀྱི་མི་རེའི་ཆ་སྙོམ་ཡོང་འབབ་སྒོར4214ཡོད་ལ། ལོ་གོང་མ་དང་བསྡུར་ན་སྒོར590འཕར་ཡོད། ལོ་མཇུག་ཏུ་རྟ་ནོར་ལུག་ཁྲི13.85ཡོད་ལ། དེའི་ཁྲོད་ནོར་གནག་ཁྲི8.02དང་། རྟ5575ཡོད། ལུག་ཁྲི5.27ཡོད། ཤ་རིགས་ཐོན་ཚད་ལ་ཏུན3158དང་འོ་མ་ཐོན་ཚད་ལ་ཏུན5512ཡོད།

4 སློབ་གསོ་འཕྲོད་བསྟེན།

ཐང་སྐོར་ཡུལ་ཚོར་ལོ་དགུའི་ལམ་ལུགས་གཅིག་གི་སློབ་གྲྭ་གཅིག་ཡོད་ལ། སློབ་གྲྭས་ས་སྨི་གྲུ་བཞི་མ་ཁྲི2.4བཟུང་ཡོད་པར་མ་ཟད། སློབ་ཁྲིད་ཐོག་ཁང་དང་། སྣ་འཛོམས་ཐོག་ཁང་། སློབ་མའི་སྡོད་ཤག་ཐོག་ཁང་། སྨྱན་མང་སློབ་ཁང་། ཚོད་ལྟ་ཁང་། མཛེས་རྩལ་ཁང་།  དཔེ་ཀློག་ཁང་སོགས་སློབ་ཁྲིད་ཁང་བ་དང་རོགས་འདེགས་ཁང་བ་ཡོད། དཔེ་ཀློག་ཁང་ལ་དཔེ་ཆ་ཁྲི་གཉིས་ལྷག་ཡོད་པས། སློབ་མ་རེར་ཆ་སྙོམ་དཔེ་ཆ12རེ་ཡོད། དགེ་རྒན་དང་ལས་བཟོ་བ75ཡོད་པ་དང་། སློབ་ཁྲིད་འཛིན་གྲྭ33ཡོད། དེའི་ཁྲོད་དམའ་འབྲིང་ཁག་ལ་འཛིན་གྲྭ10དང་སློབ་ཆུང་ཁག་ལ་འཛིན་གྲྭ22 སློབ་ལོ་མ་རན་པའི་འཛིན་གྲྭ1བཅས་ཡོད། ཁྱོན་སློབ་མ1569ཡོད།  དེ་མིན་ཞིང་གྲོང་མ་མཐའི་འཚོ་དངུལ་འགན་སྲུང་དུ་ཁྱིམ་ཚང137དང་མི344ཞུགས་ཡོད་ལ། གསར་དར་ཞིང་གྲོང་མཉམ་ལས་སྨན་བཅོས་སུ་ཞུགས་ཚད་བརྒྱ་ཆའི98ལ་བསླེབས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-23

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།