བན་ཡུ་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བན་ཡུ་ཡུལ་ཚོ།
བན་ཡུ་ཡུལ་ཚོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་རྫོང་མཁར་གྱི་ལྷོ་ཕྱོགས་སུ་ཆགས་ཡོད། ཤར་ནི་དཔལ་སྐྱིད་དང་བབ་བཟོ་ཡུལ་ཚོ་ལ་འབྲེལ་ཡོད། ལྷོ་ནི་ཧུང་ཡོན་རྫོང་གསེར་དེའུ་ཡུལ་ཚོ་དང་རྨེ་བ་ཡུལ་ཚོ་ལ་འབྲེལ་ཡོད། ནུབ་ནི་སྟག་ཚ་གྲོང་རྡལ་གྱི་གླིང་དཀར་སྡེ་བ་དང་ཧུང་ཀོང་སྡེ་བར་འབྲེལ་ཡོད། བྱང་ནི་ཨ་སྐྱིད་ཡུལ་ཚོ་ལ་འབྲེལ་ཡོད། ཡུལ་ཚོའི་སྲིད་གཞུང་གནས་ས་ནི་རྫོང་མཁར་དང་བར་ཐག་སྟོང་སྨི12ཡོད་པ་དང་། མཚོ་འཕགས་ལ་ཆ་སྙོམས་སྨི3515ཡོད། སྲིད་འཛིན་མངའ་ཁོངས་སུ་སྟོད་མ་དང་བན་ཡུ། ཆོས་རྗེ་ནང་བ། ལྕང་སྡོང་། སྟག་མགོ་ལུང་བཅས་སྲིད་འཛིན་གྲོང་སྡེ་ལྔ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བན་ཡུ་ཡུལ་ཚོ།
རྒྱ་ཡིག་གི་མིང་།
班佑乡
ས་ཁུལ་གང་དུ་གཏོགས་པ།
སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624500
རྒྱ་ཁྱོན།
རྩྭ་ས་སྤྱི་ཆིང་ཁྲི11.15ཡོད།
མི་གྲངས།
5030ཡོད།
1 ​ངོ་སྤྲོད་རགས་བསྡུས།

བཤད་རྒྱུན་ལྟར་ན། གནའ་སྔ་མོ་ཞིག་ལ།  གནས་འདི་རུ་འབྲོག་ཁྱིམ12ལས་མེད་པའི་འབྲོག་སྡེ་ཆུང་ཆུང་ཞིག་ཆགས་ཡོད། ཉེ་འཁོར་གྱི་སྡེ་བ་སོ་སོའི་དཔོན་པོས་བདག་གཉེར་བྱེད་བཞིན་ཡོད་མོད། འབྲོག་སྡེ་འདི་ལ་དཔོན་པོ་ཞིག་མེད། དེར་བརྟེན། ཀུན་གྱིས་བན་དེ་རྐེད་སྒུར་ཅིག་དཔོན་པོར་བདམས་ཤིང་།  ཀུན་གྱིས་ཁོ་ལ་བན་ཡུ་ཞེས་འབོད་པ་རེད། དེ་ལྟར་རིམ་བཞིན་སྡེ་བའི་མིང་དུ་ཐོགས་པ་རེད། སྤྱི་ལོ1935ལོར། དམར་དམག་བྱང་ཕྱོགས་སུ་བསྐྱོད་ནས་རྩྭ་ཐང་བརྒྱུད་སྐབས། ཆེས་ཐོག་མར་མཐོང་བའི་རུ་སྡེ་ནི་བན་ཡུ་ཡིན། སྤྱི་ལོ1953ལོར་བཅིངས་འགྲོལ་འཐོབ་ཅིང་། སྤྱི་ལོ1958ལོར་དམངས་གཙོ་བཅོས་སྒྱུར་བྱས་རྗེས་བན་ཡུ་ཡུལ་ཚོ་བཙུགས་པ་རེད།

བན་ཡུ་ཡུལ་ཚོའི་མངའ་ཁོངས་སུ་དགོན་པ་ཞིག་མེད་པས། འབྲོག་པ་ཁ་ཤས་ནི་ས་སྐྱ་བར་དད་པས། དཔལ་སྐྱིད་ཡུལ་ཚོའི་ས་སྐྱ་བའི་བན་ཡུ་དགོན་པར་སོང་ནས་ཆོས་ཀྱི་ཆོ་ག་སྒྲུབ་བཞིན་ཡོད། འབྲོག་པ་ཁ་ཤས་ནི་དགེ་ལུགས་པར་དད་པས། སྟག་ཚ་གྲོང་རྡལ་གྱི་དགེ་ལུགས་པའི་སྟག་ཚ་དགོན་པར་སོང་ནས་ཆོས་སྒྲུབ་བཞིན་ཡོད། བན་ཡུ་སྡེ་བ་ནི་དམར་དམག་རྒྱང་སྐྱོད་སྐབས་སུ་དམག་དཔུང་དང་བོ་དང་གཉིས་པ། བཞི་བ་བརྒྱུད་པའི་ས་ཆ་ཞིག་ཡིན་ལ། སྟོད་མ་སྡེ་བར་ཤྭ་བ་ཁྲ་རིས་འཚོ་སྐྱོང་གི་རྟེན་གཞི་བཙུགས་ཡོད།

2 མི་གྲངས།

སྤྱི་ལོ2005ལོར། ཁྱིམ་ཚང1091དང་མི5030ཡོད་ལ། མི་གྲངས་རང་བྱུང་དུ་འཕར་ཚད་བརྒྱ་ཆ11ཡིན།

3 དཔལ་འབྱོར་ཡོང་འབབ།

བན་ཡུ་ཡུལ་ཚོ་ནི་འབྲོག་སྡེ་རྐྱང་བ་ཞིག་ཡིན་ལ། རང་བྱུང་རྩྭ་ས་སྤྱི་ཆིང་ཁྲི11.15ཡོད། ཡུལ་ཚོ་དེས་ལུག་རྒྱུད་ལེགས་བཅོས་ཀྱི་རྟེན་གཞི་བསྐྲུན་ཞིང་། སྟོད་མ་སྡེ་བས་རྡོ་ཡི་གཏེར་ཁ་སྔོག་འདོན་བྱེད་པ་དང་།  སྟོད་མ་དང་བན་ཡུ། སྟག་མགོ་ལུང་སྡེ་བ་བཅས་ཀྱིས་ཁྱིམ་ཚང་ཕྱུགས་ར་འཛུགས་སྐྲུན་བྱས་ཤིང་།  སྟོད་མ་སྡེ་བར་ཕྱུགས་ར་ཚོད་ལྟའི་ཁྱིམ་ཚང་འཛུགས་སྐྲུན་བྱས། སྤྱི་ལོ2005ལོ་ལ་མཚོན་ན། རྟ་ནོར་ལུག་ཁྲི11.5ཡོད་ལ། ཤའི་རིགས་ཐོན་ཚད་ཏུན1556ཡོད། འོ་མ་ཐོན་ཚད་ཏུན2506ཡོད། དཔལ་འབྱོར་ཡོང་འབབ་སྒོར་ཁྲི1166.95ཡོད་ལ། མི་རེའི་ཆ་སྙོམ་ཡོང་འབབ་སྒོར1906ཡོད།

4 སློབ་གསོ་འཕྲོད་བསྟེན།

སྤྱི་ལོ2005ལོར། བན་ཡུ་ཡུལ་ཚོ་ལ་སློབ་གྲྭ5ཡོད་དེ། དེའི་ཁྲོད་ལྟེ་གནས་སློབ་ཆུང1དང་གྲོང་སྡེའི་སློབ་ཆུང4ཡོད། དགེ་རྒན་དང་ལས་བཟོ་བ35ཡོད། སློབ་མ788ཡོད། ཡུལ་ཚོ་དེར་འཕྲོད་བསྟེན་ཁང1དང་སྨན་བཅོས་མི་སྣ3ཡོད། ལོ་རེར་མི་ཐེངས2463ལ་སྨན་བཅོས་བྱས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-24

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།