མཛོད་དགེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཛོད་དགེ་རྫོང་།
མཛོད་དགེ་རྫོང་ནི(若尔盖县)བོད་རིགས་གཙོར་གྱུར་པའི་མི་རིགས་མང་བོ་འདུས་སྡོད་ཀྱི་རྫོང་ཁག་ཅིག་ཡིན་ལ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཁག་བཅུ་གསུམ་གྱི་ཡ་གྱལ་ཡིན་ལ། སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ10620ཡོད། དེའི་མངའ་ཁོངས་སུ་གྲོང་རྡལ1དང་ཡུལ་ཚོ16དང་ཕྱུགས་ར3 སྲིད་འཛིན་གྲོང་སྡེ95 གཞིས་སྡོད་ཨུ་ཡོན་ལྷན་ཁང3བཅས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མཛོད་དགེ་རྫོང་།
རྒྱ་ཡིག་གི་མིང་།
若尔盖县
སྲིད་གཞུང་གནས་ཡུལ།
མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་གྲངས།
624500
ས་ཁུལ་གང་དུ་གཏོགས་པ།
ཀྲུང་གོའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁོངས་སུ་གཏོགས།
གནས་ཡུལ།
མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བྱང་ཕྱོགས་སུ་གནས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ10620ཡོད།
མི་གྲངས།
69882(སྤྱི་ལོ2005ལོར།)
སྐད་རིགས།
ཨམ་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
རྨ་ཁུག་དང་བོ་དང་གཟའ་རུ་ཐང་ཆེན། མཚོ་ཁྲ། ལྷ་མོ་ལུང་གཞུང་། རྐྱང་ཚ་ཆུ་ཁོལ་སོགས་ཡོད།
རླངས་འཁོར་ཨང་རྟགས།
川U
1 མིང་བྱུང་རབས།

མཛོད་དགེ་ཞེས་པའི་མིང་བྱུང་ཚུལ་ཐད། བཤད་ཚུལ་མི་འདྲ་བ་གསུམ་ཡོད་དེ། གཅིག་ནི་ས་ཆ་དེར་མཛོད་དགེ་དགོན་པ་ཞེས་པ་ཞིག་ཡོད་ལ།  དགོན་མིང་རྫོང་མིང་དུ་ཆགས་པར་བཤད། གཉིས་ནི་བོད་ཀྱི་ལོ་རྒྱུས་སུ་བཀོད་པ་ལྟར། བོད་ཀྱི་རྒྱལ་རབས་བཞི་བཅུ་བ་ཁྲི་གཙུག་ལྡེ་བཙན་སྐབས་སུ། བློན་ཆེན་དགེ་ཡེ་ཤེས་དར་རྒྱས་མདོ་སྨད་དུ་ཆོས་སྤེལ་བ་དང་དགོན་པ་བཞེང་དུ་མངགས། ཁོང་གི་འཁོར་དུ་གཉེར་བ་བཟོད་པ་དགེ་འདུན་ཟེར་བ་ཞིག་ཡོད། དེ་ནི་ཐབས་དང་བཀོད་པར་མཁས་པས་མི་སེར་ཀུན་གྱིས་དགའ་བསུ་བྱེད། བསྡུས་མིང་བཟོད་དགེ་ཟེར་ལ། མིང་དེ་ཟུར་ཆགས་ནས་མི་མིང་མཛོད་དགེ་རུ་ཆགས་པར་བཤད། གསུམ་ནི་བཤད་རྒྱུན་ལྟར་ན། རྨེ་ཆུ་དང་རེ་ཆུ་གཉིས་ཀྱི་བར་དུ། ཕྱུགས་ལས་གཙོ་བོར་གྱུར་པའི་འབྲོག་སྡེ་ཞིག་ཡོད་པ་དེའི་མིང་ལ་མཛོ་དགའ་ཟེར། འབྲོག་མི་རྣམས་ལས་ལ་བརྩོན་ཞིང་བསམ་པ་དཀར་བ། ལུས་སུ་སླག་པ་གྱོན་ཞིང་ཟས་སུ་ཞོ་དང་འོ་མ། མར་ལོ་བྱས། ཡིན་ནའང་འབྲོག་སྡེ་དེ་ཡི་དཔོན་པོ་ནི་ཪྙིང་ཞེན་ཆེ་ལ་སྒེར་དབང་སྒེར་གཅོད་ཅིག་ཡིན་པས། འབྲོག་ལས་ཐོན་སྐྱེད་ལ་སྐྱེས་སྟོབས་ཀྱི་གསོན་ཤུགས་རྒྱས་མི་ཐུབ་པར། འཚོ་བ་ངན་ངོན་རོལ་བཞིན་ཡོད་པར་མ་ཟད། འགལ་བའང་མང་དུ་འབྱུང་བཞིན་ཡོད།

དཔལ་སྐྱིད་ཆུ་བོའི་འགྲམ་རྒྱུད་དུ་ཞིང་ལས་གཙོ་བོར་གྱུར་བའི་རོང་སྡེ་ཞིག་ཡོད་ལ། སྡེ་བ་དེ་རུ་ལོ་ན་གཞོན་པའི་རྔོན་པ་གསར་ཡག་ཅིག་ཡོད། ཁོས་རྒྱུན་པར་མདའ་གཞུ་འཁུར་ནས་རི་ཐང་ནས་རི་དྭགས་རྔོན་བཞིན་ཡོད། དབྱར་དུས་ཤིག་ལ། ཁོ་དཔལ་སྐྱིད་ཆུ་བོ་དང་རེ་ཆུ་དབྱེ་མཚམས་ཀྱི་རི་སྒང་དུ་ཐོན། མཛོ་དགའ་འབྲོག་སྡེ་ཡི་ལོ་ན་གཞོན་ལ་མཛེས་ཤིང་སྡུག་པའི་འབྲོག་མོ་ཞིག་ངོ་ཤེས། རྔོན་པ་གསར་ཡག་གིས་ཤྭ་བོའི་ཀོ་ལྤགས་བཟང་བོས་མོ་ལ་ལྷམ་ཆ་གཅིག་བཟོས་ཤིང་། མོས་ཀྱང་ནངས་སྔ་མོ་བླངས་བའི་མར་ལོ་ཁོ་ལ་སྦྱིན། དེ་ལྟར་རྒྱུན་པར་ཕན་ཚུན་འགྲོ་འོང་དང་ལ་གཞས་ལེན་རེས་བྱས་ཏེ། འབྲལ་ཐབས་མེད་པའི་བརྩེ་དུང་ཟབ་མོ་ཆགས། མཛོ་དགའ་སྡེ་བའི་དཔོན་པོས་ཤེས་རྗེས། མོ་བཙོན་དུ་བཅུག ཡུལ་མི་སྤུན་ཟླ་དག་གི་རོགས་སྐྱོར་འོག རྔོན་པས་བཙོན་ར་ནས་ཁོ་མོ་བསྐྱབས་ནས་རི་བོ་དཔལ་ལི་རུ་ཐོན། ཀུན་གྱིས་ཁོ་གཉིས་ལྷན་དུ་འཛོམས་པར་དགའ་བའི་གླུ་བླངས་ཤིང་སྐྱིད་པའི་བྲོ་འཁྲབ། སྐབས་དེར། སྡེ་བ་དེའི་དཔོན་ཕྱོགས་ཀྱི་ར་མདའ་བས་རྗེས་ཆོད་མོད། རྔོན་པ་དང་བུ་མོ་གཉིས་ཀྱིས་སྣེ་ཁྲིད་འོག ཕན་ཚུན་གཡུལ་འགྱེད་ཀྱི་མགོ་བརྩམས་ཏེ། དཔོན་པོ་དེ་བསད་ཅིང་ཆམ་ལ་ཕབ། ཀུན་གྱིས་རྔོན་པ་དེ་ནི་མཛོ་དགའ་སྡེ་བའི་དཔོན་པོར་བསྐོས། ཁོས་དཔོན་ས་བཟུང་རྗེས། རོང་འབྲོག་བར་དཔལ་འབྱོར་དང་རིག་གནས་ཕན་ཚུན་བརྗེ་རེས་བྱས་ཤིང་། སྒོ་ཕྱུགས་དག་བྱས་རྗེས་ཅན་གྱི་མི་སྣ12ལ་བགོས། དེ་དག་རྨེ་ཆུའི་འགྲམ་རྒྱུད་དུ་གཞིས་ཆགས་ཤིང་ས་ཆུ་དང་བསྟུན་ནས་ནོར་གནག་དང་གཡང་དཀར་ལུག འདོ་རིགས་རྟ་འཚོས་ཏེ་རིམ་བཞིན་མཛོད་དགེ་ཡི་ཤོག་ཁག12སུ་འཕེལ། དེ་ལྟར་མཛོ་དགའ་ཞེས་པའི་མིང་རིམ་བཞིན་ཟུར་ཆགས་ནས་མཛོད་དགེ་རུ་གྲགས།

2 ངོ་སྤྲོད་རགས་བསྡུས།

སྤྱི་ལོ1914ལོར། མཛོད་དགེ་ས་ཁུལ་ནི་ཟུང་ཆུ་རྫོང་གི་མངའ་ཁོངས་སུ་གཏོགས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས། 1951ལོའི་ཟླ8པར། ཟུང་ཆུ་རྫོང་གི་ལས་སྒྲུབ་ཚན་ཆུང་མཛོད་དགེ་འབྲོག་སྡེར་ཐོན་ནས་ལས་ཀ་བསྒྲུབས་ཤིང་། 1952ལོའི་ཟླ7པར། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་འཚམས་འདྲི་ཚོགས་པའི་མཛོད་དགེ་ཡན་ལག་ཚོགས་པ་མཛོད་དགེ་ས་ཁུལ་དུ་བསྡད་ནས་ཕྱོགས་ཡོངས་ནས་ལས་ཀ་བསྒྲུབས། 1953ལོའི་ཟླ3པར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སི་ཁྲོན་ནུབ་བྱང་རྩྭ་ཐང་དུ་ཐོན་ནས། གོ་མིན་ཏང་མཱ་ལིང་ངན་ཚོགས་ཀྱི་ཚང་མལ་བསློགས་ཤིང་།  ཟླ6པའི་ཚེས21ཉིན། མཛོད་དགེ་བབ་བཟོ་ས་ཁུལ་དུ་སྐབས་དང་བོའི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིའི་གྲོས་ཚོགས་འཚོགས། ཟླ6པའི་ཚེས25ཉིན། བར་བརྒལ་རང་བཞིན་ལྡན་པའི་རྫོང་རིམ་སྲིད་དབང་ལས་ཁུངས་བཙུགས་ཏེ། མཛོད་དགེ་བབ་བཟོ་སྲིད་འཛིན་ཨུ་ཡོན་ལྷན་ཁང་ཟེར་ལ། སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས། 1956ལོར། མཛོད་དགེ་རྫོང་དངོས་སུ་བཙུགས་ཏེ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས། 1981ལོར། མཛོད་དགེ་རྫོང་མི་དམངས་སྲིད་གཞུང་བཙུགས་ཏེ། སྲིད་དབང་ཁོངས་གཏོགས་ལ་འགྱུར་བ་མེད། 1987ལོར། རྔ་བ་བོད་རིགས་རང་སྐྱོང་ཁུལ་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་བསྒྱུར་ཅིང་། མཛོད་དགེ་རྫོང་ནི་དེའི་ཁོངས་སུ་གཏོགས།

མཛོད་དགེ་རྫོང་གི་མངའ་ཁོངས་སུ་སྟག་ཚ་གྲོང་རྡལ་སྟེ་གྲོང་རྡལ་གཅིག་དང་། ཨ་སྐྱིད་དང་ཐང་སྐོར། བྱམས་མེ། ཞག་ལྡོམ། རྨེ་ཆུ། གླིང་བ། གདོང་སྣེ། ཚོང་རུ། གཟའ་རུ། འབྲིང་བ། རྐྱང་ཚ། དཔལ་སྐྱིད། ཨ་སྐྱིད་རོང་། ཆོས་རྗེ། བབ་བཟོ་བཅས་ཡུལ་ཚོ་བཅུ་དྲུག་དང་། བྱམས་མེ་ལུག་ར་དང་ནག་ཆུ་ཕྱུགས་ར། སྐ་ཆུ་ཕྱུགས་ར་བཅས་ཕྱུགས་ར་གསུམ་བཅས་ཡོད། དེ་མིན་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང་། སྒུར་སྐྱང་དགོན་པ། ཆོས་རྗེ་དགོན་པ། སོག་ཚང་དགོན་པ་སོགས་དགོན་པ་གྲགས་ཅན་མང་བོ་དང་། ཡུལ་སྐོར་ཁམས་གསེང་གི་གནས་གྲགས་ཅན་ལ། རྨ་ཁུག་དང་བོ་དང་མཚོ་ཁྲ། གཟའ་རུ་ཐང་། རྐྱང་ཚ་ཆུ་ཁོལ་སོགས་ཡོད།

3 རང་བྱུང་ཐོན་ཁུངས།
3_1  ས་ཞིང་ཐོན་ཁུངས།

མཛོད་དགེ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ10620ཡོད་ལ། དེའི་ཁྲོད་སྤྱི་ལོ2005ལོའི་ལོ་མཇུག་བར།  ས་ཞིང་རིགས་མི་འདྲ་བ་སོ་སོའི་རྒྱ་ཁྱོན་ནི་གཤམ་གསལ་ལྟར། ཕྱུགས་ཟན་རྩྭ་ས་སྤྱི་ཆིང་ཁྲི69.19དང་།  རྨོ་ཞིང་ལ་སྤྱི་ཆིང5046.32ཡོད། ནགས་ར་ལ་སྤྱི་ཆིང་ཁྲི24.86ཡོད། ཆུ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི1.44ཡོད། གཞན་སྡོད་དམངས་ཀྱི་སྡོད་གནས་དང་། བཟོ་གཏེར་ས་ཞིང་། གཞུང་ལམ་བཅས་ལ་སྤྱི་ཆིང4581.81ཡོད། དེ་མིན་བེད་སྤྱོད་དཀའ་བའི་ས་ཞིང་ལ་སྤྱི་ཆིང་ཁྲི9.04ཡོད།

3_2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།

མཛོད་དགེ་རྫོང་དུ་གནས་པའི་རི་བོ་གྲགས་ཅན་ལ་། བྲག་རྒན་དང་རྡོ་རིང་རི་རྒན།ཀི་རྟིའི་གནས་སྒོ། གསེར་ཁྲབ། བྲག་བྱ་རྒོད། བྲག་དཀར། མཛོད་དགེ་ཁིས་ཁ། གོ་ཚང་ལྕགས་རྩེ་སོགས་ཡོད། ཐང་གཞོངས་གྲགས་ཅན་ལ། གཟའ་རུ་ཐང་དང་བྱམས་མེ་ཐང་། ཐང་སྐོར་ཐང་སོགས་ཡོད། ནགས་ཀློང་གྲགས་ཅན་ལ། ཆོས་རྗེ་ནགས་སོགས་ཡོད། ཆུ་ཚན་གྲགས་ཅན་ལ། རྐྱང་ཚ་ཆུ་ཁོལ་ཡོད།མཛོད་དགེའི་མངའ་ཁོངས་སུ་ཆུ་བོ་དང་ཆུ་ཕྲན20བཞུར་བཞིན་ཡོད། དེ་ལས་རྨ་ཆུའི་བཞུར་རྒྱུན་གསུམ་ཡོད་དེ། སྐ་ཆུ་དང་ནག་ཆུ། འོམ་ཆུ་བཅས། འབྲི་ཆུའི་བཞུར་རྒྱུན་གྱི་ཆུ་ཁོངས་བཞི་ཡོད་དེ། ཆོས་རྗེ་ཆུ་དང་འབྲུག་དཀར་གཙང་བོ། ཁ་སྨད་ཆུ། མཚོ་སྨད་ཆུ་བཅས།

3_3 སྐྱེ་དངོས་ཐོན་ཁུངས།

རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་དོམ་ཁྲ་དང་སྤྲེལ་སེར།  སྟག་གཟིག འབྲོང་། གླ་བ། དྲེད་མོང་། ཤ་སྐྱ། དགོ་བ་ལ་སོགས་པའི་རི་དྭགས་དང་གཅན་གཟན་ཡོད། སྔོ་སྨན་གྱི་རིགས་ལ་དབྱར་རྩྭ་དགུན་འབུ་དང་མེ་ཏོག་གངས་ལྷ། ཤིང་མངར། ལྕུམ་རྩ། སྤྲུ་ནག  པེ་མོ་སོགས་རིགས་སྟོང་ལྷག་ཡོད། གཏེར་རྫས་ཀྱི་རིགས་ལ་གསེར་དང་དངུལ། ཟངས། དངུལ་ཆུ། ཞ་ཉེ། རྡོ་ཐལ། རྡོ་དཀར། ལྕགས་སོགས་ཡོད།

4 ས་ཁམས་ཁོར་ཡུག

མཛོད་དགེ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བྱང་ཕྱོགས་སུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཡིག331ནས3419ཡི་མཚམས་དང་ཤར་གྱི་གཞུང་ཐིག1028ནས10338ཀྱི་མཚམས་ན་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་ནི་སྟག་ཚ་གྲོང་རྡལ་དུ་ཆགས་ཡོད། དེ་ནས་སི་ཁྲོན་ཞིང་ཆེན་གྱི་སྲིད་གཞུང་གནས་ཡུལ་ཁྲིན་ཏུའུ་གྲོང་ཁྱེར་གྱི་བར་དུ་བར་ཐག་སྤྱི་ལེ492ཡོད་པ་དང་།  ཁུལ་སྲིད་གཞུང་གནས་ཡུལ་འབར་ཁམས་གྲོང་ཁྱེར་གྱི་བར་དུ་བར་ཐག་སྤྱི་ལེ320ཡོད། ནུབ་བྱང་ཤར་གསུམ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་རྨ་ཆུ་དང་ཀླུ་ཆུ། ཅོ་ནེ། ཐེ་བོ་རྫོང་བཅས་དང་འབྲེལ་ཡོད། ཤར་ལྷོ་དང་ལྷོ་ངོས། ནུབ་ལྷོ་ནི་རྔ་བ་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་། ཧུང་ཡོན་རྫོང་། རྔ་བ་རྫོང་བཅས་ལ་འབྲེལ་ཡོད།

4_1 ས་བབ།

མཛོད་དགེ་རྫོང་གི་སྒང་འབུར་མཐོ་སྒང་ཞིག་ཡིན་ལ།  ཤར་ཕྱོགས་ཀྱི་རི་བོ་གོ་ཚང་ལྕགས་རྩེ་ཆེས་མཐོ་ལ། མཚོ་འཕགས་ལ་སྨི4574ཡོད། ས་བབ་ཧྲིལ་བོའི་ཆ་སྙོམ་མཐོ་ཚད་ནི་མཚོ་འཕགས་སྨི3500ཡིན། ལྷོ་ཕྱོགས་དང་ནུབ་བྱང་ནི་འབྲོག་པ་རྐྱང་རྐྱང་གི་ས་ཆ་ཡིན་ལ། བྱང་ཕྱོགས་དང་ཤར་ལྷོ་ནི་རོང་མ་འབྲོག་གི་ས་ཆ་ཡིན།

4_2 གནམ་གཤིས།

མཛོད་དགེ་རྫོང་གི་ལོ་རེའི་ཆ་སྙོམས་ཀྱི་དྲོ་གྲང་ཚད་ནི1.1℃ཡིན་ལ། མཛོད་དགེ་རྫོང་ནི་མཐོ་སྒང་གི་ས་ཆ་ཞིག་ཡིན་པས། ཆར་ཆུ་འབབ་ཚད་ཅུང་མང་སྟེ། ལོ་རེའི་ཆར་ཆུའི་འབབ་ཚད་ནི་ཧོ་སྨི567.2ཡིན།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2005ལོའི་ལོ་མཇུག་བར། རྫོང་ཡོངས་ལ་མི69882ཡོད་ལ། དེ་ལས་སྐྱེས་པ35280ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི་བརྒྱ་ཆའི50.49ཟིན། སྐྱེས་མ34602ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི་བརྒྱ་ཆའི49.51ཟིན། དེ་ཡང་བོད་རིགས་མི་གྲངས63209ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི་བརྒྱ་ཆའི90.5ཟིན། ཆའང་རིགས་མི་གྲངས267ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི་བརྒྱ་ཆའི0.4ཟིན། ཧའེ་རིགས་མི་གྲངས1415ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི་བརྒྱ་ཆའི7.0ཟིན། མི་རིགས་གཞན་པའི་མི་གྲངས85ཡོད་པ་དང་རྒྱུན་སྡོད་མི་གྲངས་ཀྱི་བརྒྱ་ཆའི0.1ཟིན།

5_2 མི་རིགས།

མཛོད་དགེ་རྫོང་ནི་བོད་རིགས་གཙོར་གྱུར་པའི་མི་རིགས་མང་བོ་འདུས་སྡོད་ཀྱི་ས་ཆ་ཞིག་ཡིན་ཞིང་། སྤྱི་ལོ2000ལོར། རྒྱ་རིགས་མི་གྲངས4941ཡོད་པ་དང་། རྒྱུན་སྡོད་མི་གྲངས་ལས་བརྒྱ་ཆའི7.55ཟིན། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་བརྒྱ་ཆའི92.45ཟིན་ཡོད་ལ། དེ་ལས་བོད་རིགས་མི་གྲངས་ཀྱིས་བརྒྱ་ཆའི85.5ཟིན། ཧའེ་རིགས་མི་གྲངས་ཀྱི་བརྒྱ་ཆའི7.0ཟིན། ཆའང་རིགས་མི་གྲངས་ཀྱིས་བརྒྱ་ཆའི0.4ཟིན།

6 འགྲིམ་འགྲུལ་སྐྱེལ་འདྲེན།

རྫོང་གི་མངའ་ཁོངས་སུ་ཁྲོན་ཀན་གཞུང་ལམ(རྒྱལ་རིམ་གཞུང་ལམ213པ)ཡི་རིང་ཚད་ལ་ལེ་དབར225ཡོད་པ་དང་། ཞིང་ཆེན་རིམ་པའི་གཞུང་ལམ་ལ་ལེ་དབར84ཡོད། རྫོང་རིམ་གཞུང་ལམ་ལ་ལེ་དབར64ཡོད། ཡུལ་ཚོ་རིམ་པའི་གཞུང་ལམ་ལ་ལེ་དབར103.6ཡོད། སྡེ་བ་རིམ་པའི་གཞུང་ལམ་ལ་ལེ་དབར271.23ཡོད། ཆེད་སྤྱོད་གཞུང་ལམ་ལ་ལེ་དབར18ཡོད། སྤྱི་ལོ2005ལོའི་ལོ་མཇུག་བར་དུ། རྫོང་ཁོངས་སུ་གཞུང་ལམ་ཡོངས་ཀྱི་རིང་ཚད་ལ་ལེ་དབར926.13ཡོད་ཅིང་། ཡུལ་ཚོ་རེ་རེར་གཞུང་ལམ་ཤར་གཏོང་བྱུང་བར་མ་ཟད། གྲོང་སྡེ་བརྒྱ་ཆ70ལ་ཤར་གཏོང་བྱུང་ཡོད། རྒྱལ་རིམ་གཞུང་ལམ213པ་དང་ཞིང་ཆེན་རིམ་པའི་གཞུང་ལམ209པ་གཙོ་བྱས་ཤིང་ཡན་ལག་ཏུ་ཆད་པའི་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་བཅས་ཀྱི་གཞུང་ལམ་གྱི་དྲ་རྒྱ་ཕན་ཚུན་སྦྲེལ་ནས་འགྲོ་འོང་སྟབས་བདེ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྣམ་པ་ཞིག་ཆགས་ཡོད།

7 དཔལ་འབྱོར།

སྤྱི་ལོ2010ལོར། རྫོང་ཡོངས་ཀྱི་རྒྱལ་ཁང་ཐོན་སྐྱེད་སྡོམ་གྲངས་སྒོར་དུང་ཕྱུར8.51ཡིན་པ་དང་། བརྒྱ་ཆ14ཡོད། ཐོན་ལས་ལྟར་བརྩིས་ན། ཐོན་ལས་དང་བོའི་འཕར་ཚད་སྒོར་དུང་ཕྱུར4.42དང་བརྒྱ་ཆ3.4འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར1.2དང་བརྒྱ་ཆ78.1འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར2.9དང་བརྒྱ་ཆ11.8འཕར་ཡོད། 

8 སྤྱི་ཚོགས།
8_1 རིག་གནས་ལས་དོན།

མཛོད་དགེ་རྫོང་གིས་ལོ་རེ་བཞིན་རིག་རྩལ་བྱ་འགུལ་དང་གཞི་རིམ་དུ་རིག་གནས་སྤེལ་བའི་བྱ་འགུལ་སྣ་ཚོགས་སྤེལ་བར་མ་ཟད། དམངས་ཁྲོད་སྒྱུ་རྩལ་སྟེ་དམངས་ཁྲོད་གཏམ་རྒྱུད་དང་དམངས་ཁྲོད་གླུ་གཞས། དམངས་ཁྲོད་གཏམ་རྒྱུད། བོད་ཀྱི་ཟློས་གར་སོགས་སྔོག་འདོན་བྱས་ཤིང་། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱས་ཏེ། སྤྱི་ལོ2005ལོའི་ལོ་མཇུག་བར་དུ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག་གཉིས་དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག་བཞི། རྫོང་རིམ་པའི་རིག་དངོས་སྡེ་ཁག16ཡོད། སྤྱི་ལོ2005ལོའི་ལོ་མཇུག་བར། གློག་རྡུལ་རོལ་རྩེད་དང་དྲྭ་ཁང་། རིག་གནས་ཐོག་ཁང་། གླུ་གར་ཁང་། སྒྲ་ཕབ་སྒྲིག་བཟོ་ཁང་སོགས་རིག་གནས་རོལ་རྩེད་ཚོང་གཉེར་ཁང63ཡོད་པ་དང་ལས་གཉེར་བ138ཡོད། ལོ་རེའི་ཡོང་འབབ་སྒོར་ཁྲི248ལྷག་ཡོད།

8_2 སྨན་བཅོས་ལས་དོན།

རྫོང་མི་དམངས་སྨན་ཁང་ནི་སྤྱི་ལོ1989ལོར་བཙུགས་པ་ཡིན་ལ། སྤྱི་ལོ2005ལོར། ལས་བཟོ་བ71ཡོད་ལ། དེའི་ཁྲོད་ལས་འཛིན་སྨན་པ22དང་ལས་འཛིན་ལས་རོགས་སྨན་པ6 ལས་འཛིན་ནད་གཡོག28  ལས་འཛིན་སྨན་སྡེབ་པ3  སྲིད་འཛིན་དོ་དམ་ཞབས་ཞུ་བ12བཅས་ཡོད། ནད་ཁྲི62ཡོད། སྒོ་སྟེན་སྨན་ཁང་ནས་མི་གྲངས་ཁྲི2.53ལ་སྨན་བཅོས་བྱས་ཤིང་། སྨན་ཁང་དུ་ནད་པ1085བསྡད་ནས་སྨན་བཅོས་བྱས།

རྫོང་བོད་སྨན་ཁང་ནི་སྤྱི་ལོ1980ལོར་བཙུགས། སྨན་བཅོས་དང་ཚན་རིག་ཞིབ་འཇུག སློབ་ཁྲིད། སྨན་སྣ་སྡེབ་སྦྱོར་བཅས་འཛོམས་པའི་ལས་ཁུངས་ཤིག་ཡིན་ལ། སྤྱི་ལོ2005ལོར། ལས་བཟོ་བ43ཡོད་ལ། དེའི་ཁྲོད་ལས་འཛིན་བོད་སྨན་སྨན་པ20དང་ལས་འཛིན་ལས་རོགས་བོད་སྨན་སྨན་པ8 ལས་འཛིན་ནད་གཡོག1  སྲིད་འཛིན་དོ་དམ་ཞབས་ཞུ་བ7ཡོད། གཞན་འཕྲོད་བསྟེན་ལག་རྩལ་བ7བཅས་ཡོད། ནད་ཁྲི30ཡོད། ལོ་ཧྲིལ་བོར་ནད་པ་མི་ཐེངས5.24ལ་སྒོ་སྟེན་ནས་སྨན་བཅོས་བྱས་ཤིང་། ནད་པ435སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཏེ་སེང་དྲག་ཚད་བརྒྱ་ཆའི85ལ་བསླེབས་ཡོད།

8_3 སློབ་གསོའི་ལས་དོན།

བྱིས་པའི་སློབ་གསོ་ཐད། རྫོང་ཡོངས་ཀྱི་སློབ་ཆུང་སོ་སོར་སློབ་ལོ་མ་རན་གོང་གི་འཛིན་གྲྭ54བཙུགས་ཏེ།  སློབ་མ1136ཡོད། དམའ་རིམ་སློབ་གསོའི་ཐད། སྤྱི་ལོ2005ལོར། རྫོང་ཡོངས་ལ་སློབ་ཆུང74ཡོད་ལ། སློབ་མ9974ཡོད། སློབ་ཞུགས་ཚད་བརྒྱ་ཆའི99.22ཡིན།  སློབ་འབྲིང་སློབ་གསོའི་ཐད། སྤྱི་ལོ2005ལོར། དམའ་འབྲིང5ཡོད་དེ། སློབ་མ3899ཡོད་ལ། དེའི་ཁྲོད་མཐོ་རིམ་སློབ་འབྲིང་སློབ་མ240ཡོད། མཛོད་དགེ་བོད་ཡིག་སློབ་འབྲིང་བཙུགས་ནས་སྤྱི་ལོ2005ལོའི་བར། ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་རྒན་སློབ་ཆེན། བོད་ལྗོངས་སྨན་རྩིས་སློབ་གླིང་། རྔ་བ་ཁུལ་དགེ་འོས་སློབ་གླིང་སོགས་སུ་སློབ་མ1007བསྐྱལ་ཡོད། སྤྱི་ལོ2005ལོར། རྫོང་ཡོངས་ལ་སློབ་ཆུང་ཆེད་གཉེར་དགེ་རྒན510ཡོད་པ་དང་། དམའ་འབྲིང་དང་མཐོ་འབྲིང་གི་ཆེད་གཉེར་དགེ་རྒན165ཡོད།

8_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2010ལོའི་ལོ་མཇུག་བར་དུ། རྫོང་ཡོངས་སུ་རྒན་གསོའི་ཉེན་འགོག་འགན་སྲུང་དུ་ཞུགས་པའི་མི་གྲངས2479ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་ཉེན་འགོག་འགན་སྲུང་དུ་ཞུགས་པའི་མི་གྲངས5257ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་འགན་སྲུང་དུ་ཞུགས་པའི་མི་གྲངས3628ཡོད།  ཡང་ལས་ཤོར་ཉེན་འགོག་འགན་སྲུང་དུ་ཞུགས་པའི་མི་གྲངས2309ཡོད།

8_5 ​ཆོས་ལུགས།

མཛོད་དགེ་རྫོང་དུ་བོན་པོ་དང་དགེ་ལུགས་པ། ཪྙིང་མ་བ། ས་སྐྱ་བ་སོགས་ཀྱི་དགོན་ཁག་མང་བོ་ཡོད་དེ།  བོན་དགོན་ལྔ་སྟེ་ཆོས་རྗེ་སྒུར་བའི་སྐྱང་ཚང་དགོན་པ་དང་ཨ་སྐྱིད་སྐྱང་ཚང་དགོན་པ། བབ་བཟོ་སྟོད་མའི་མདའ་ཆེན་དགོན་པ། བསམ་གྲུབ་དགོན་པ། ཐེ་བྲག་ཉོས་ཞིང་དགོན་པ་བཅས། རྫོང་ཡོངས་སུ་བོད་བརྒྱུད་ནང་བསྟན་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང་ཁང་གསར་དགོན་པ། སོག་ཚང་དགོན་པ། སེ་ར་དགོན་བཤད་སྒྲུབ་དར་རྒྱས་གླིང་། གྲོ་ཚང་དགོན། གནས་གཞི་དགོན། བྱམས་མེ་འབྲས་སྤུངས་དགོན། ཇོ་མོ་སྒར་བསམ་གཏན་བདེ་ཆེན་གླིང་། ཚོང་རུ་བར་མ་དགོན། རྭ་བོང་དགོན་སོགས་དགོན་ཁག་བཅུ་དགུ་ཡོད། ཐོ་བཀོད་པའི་བླ་སེར1762ཡོད་ལ། དེའི་ཁྲོད་སྤྲུལ་སྐུ32ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-15

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།