གཏེར་སྟོན་ཨོ་རྒྱན་འགྲོ་འདུལ་ངེས་དོན་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏེར་སྟོན་ཨོ་རྒྱན་འགྲོ་འདུལ་ངེས་དོན་གླིང་ཞེས་པ་ནི་གཏེར་སྟོན་རྣམ་གཉིས་སུ་ཡོངས་སུ་གྲགས་པ་ཁོང་རྣམ་གཉིས་ཀྱིས་གདུལ་བྱ་རེས་མོས་ཀྱི་སྒོ་ནས་བསྐྱངས་ནས་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཆོས་བརྒྱུད་ཁུངས་ཐུབ་ཅིག་ཡིན། དགོན་སྡེ་འདི་ཉིད་ནི་གཏེར་སྟོན་རྣམ་གཉིས་ཀྱི་ཡ་གྱལ་ཕྱག་ཚ་རྟོགས་ལྡན་གྱི་སྐུ་ཕྲེང་བཞི་བ་སྟེ་འཇིགས་མེད་སེང་གེ་དཔལ་གྱི་དབང་ཕྱུག་ཅེས་པ་ཁོང་ཉིད་ཀྱིས་གཏེར་རྒན་རིན་པོ་ཆེའི་ཐུགས་བཞེད་ལྟར་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་སྟོན་ཀར་ཆོས་ལུགས་ས་ཚིགས་ཀྱི་མིང་བསྒྱུར་ཏེ་དགོན་པའི་གཞི་བཏབ་ཅིང་། གཏེར་སྟོན་ཨོ་རྒྱན་འགྲོ་འདུལ་ངེས་དོན་གླིང་ཞེས་གཏེར་རྒན་རིན་པོ་ཆེས་མཚན་བསྩལ། གཞིས་ཆགས་ཡུལ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་གཏེར་སྟོན་སྡེ་བའི་གྲོང་ལས་སྤྱི་ལེ་གཅིག་ཙམ་འདས་པའི་སར་ཆགས་ཡོད།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ1994ལོ།
གནས་ཡུལ།
མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་གཏེར་སྟོན་སྡེ་བར་ཡོད།
བཞེངས་མཁན།
འཇིགས་མེད་སེང་གེ་དཔལ་གྱི་དབང་ཕྱུག
གྲུབ་མཐའ།
རྙིང་མ་བ།
1 ངོ་སྤྲོད།

གཏེར་སྟོན་ཨོ་རྒྱན་འགྲོ་འདུལ་ངེས་དོན་གླིང་ཞེས་པ་ནི་གཏེར་སྟོན་རྣམ་གཉིས་སུ་ཡོངས་སུ་གྲགས་པ་ཁོང་རྣམ་གཉིས་ཀྱིས་གདུལ་བྱ་རེས་མོས་ཀྱི་སྒོ་ནས་བསྐྱངས་ནས་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཆོས་བརྒྱུད་ཁུངས་ཐུབ་ཅིག་ཡིན། དགོན་སྡེ་འདི་ཉིད་ནི་གཏེར་སྟོན་རྣམ་གཉིས་ཀྱི་ཡ་གྱལ་ཕྱག་ཚ་རྟོགས་ལྡན་གྱི་སྐུ་ཕྲེང་བཞི་བ་སྟེ་འཇིགས་མེད་སེང་གེ་དཔལ་གྱི་དབང་ཕྱུག་ཅེས་པ་ཁོང་ཉིད་ཀྱིས་གཏེར་རྒན་རིན་པོ་ཆེའི་ཐུགས་བཞེད་ལྟར་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་སྟོན་ཀར་ཆོས་ལུགས་ས་ཚིགས་ཀྱི་མིང་བསྒྱུར་ཏེ་དགོན་པའི་གཞི་བཏབ་ཅིང་། གཏེར་སྟོན་ཨོ་རྒྱན་འགྲོ་འདུལ་ངེས་དོན་གླིང་ཞེས་གཏེར་རྒན་རིན་པོ་ཆེས་མཚན་བསྩལ། གཞིས་ཆགས་ཡུལ་ནི་མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་གཏེར་སྟོན་སྡེ་བའི་གྲོང་ལས་སྤྱི་ལེ་གཅིག་ཙམ་འདས་པའི་སར་ཆགས་ཡོད། གནས་འདིར་སྔོན་བྱོན་དམ་པ་གང་ཞིག་གྲུབ་པར་བརྙེས་པ་དང་ཡང་ན་སྐྱེས་བུ་ཆེན་པོ་གང་ཞིག་གི་ཉམས་སྣང་ལ་ལྟས་བཟང་བོར་ཤར་བ་སོགས་ཅི་ཡང་ཐོས་མ་མྱོང་མོད། འོན་ཀྱང་མགོ་ནག་མིའི་ཐུན་མོང་གི་ཉམས་ལ་སྐྱིད་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྟེར་བ་ནི་ཞོགས་པར་ཉི་འོད་ཀྱིས་རེག་སྔ་བ་དང་དགོན་མོར་ཉི་འོད་བསྡུ་འགྱངས་པ་རྩྭ་ཆུ་འཛོམས་པོར་ཡོད་པ་ལ་སོགས་པས་མཚོན་ཏེ་སའི་དགེ་བཅུ་ཚང་བའི་གནས་ཤིག་ཏུ་མངོན་པར་གྲུབ་བོ།། ཐོག་མར་དགོན་པ་འདི་གཞི་ཆགས་དུས་གྲྭ་བ་བཅུ་ལྷག་དང་ཚོགས་ཁང་གུར་གཅིག་མ་གཏོགས་རྟེན་བཞེངས་སོགས་ཅི་ཡང་མེད་ནའང་། ཡབ་མེས་དམ་པ་དག་ནས་བརྒྱུད་པའི་ཆོས་ཐོག་དང་དགོན་པའི་ཆོས་ཁྲིམས་སོགས་ཅུང་ཆ་ཚང་གནས་ཡོད། ད་དུང་སྤྱོད་འཇུག་ཆེན་མོ་དང་ཀུན་བཟང་བླ་མའི་ཞལ་ལུང་། རྒྱས་སྲས་ལག་ལེན། སྡོམ་གསུམ་གྱི་བཤད་ཁྲིད་སོགས་འཆད་ཉན་གྱི་ཕྱོགས་ལའང་མི་དམན་པར་མཆིས། རིམ་གྱིས་དགོན་པ་གཞན་དང་འདྲ་བར་གཙུག་ལག་ཁང་ཆེན་མོ་དང་། མ་ཎི་དུང་འཁོར་ཆེན་མོ། མགོན་ཁང་ཆེན་མོ་སོགས་རྟེན་བཞེངས་ཅུང་རྒྱ་ཆེར་ལེགས་གྲུབ་བྱུང་ཞིང་། དགོན་པའི་རང་ཁ་རང་གསོ་བྱེད་པ་སོགས་རྟེན་བཞེངས་རྒྱལ་ཁབ་ཀྱི་ཚད་ལྡན་དགོན་པའི་གྲས་སུ་ཚུད། གྲྭ་བའི་ཁ་གྲངས་དང་བསླབ་པའི་ཆ་ལ་ཡར་འཕེལ་མར་འགྲིབ་ཀྱི་བྱ་བ་ཅི་རིགས་པ་ཞིག་བྱུང་བ་ནི་དེང་སང་གི་དགོན་པ་མང་ཆེ་བ་ཞིག་ལ་ལྡོག་མེད་ཐོད་དུ་བབས་པའི་ཐུན་མོང་གི་ལས་དབང་ཞིག་གོ།། དེ་ལྟར་ལོ་ངོ་བཅུ་ལྷག་འདས་པའི་ད་ལོ་སྟེ་སྤྱི་ལོ་ཉིས་སྟོང་བདུན་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྔར་དང་མི་འདྲ་བའི་རླབས་ཆེན་གྱི་བྱ་བ་ཞིག་སྟེ་དགོན་པའི་བཤད་གྲྭ་དབུ་དངོས་སུ་ཚུགས་པ་དེ་རེད། དེ་ནི་མཆོག་སྤྲུལ་ཁོང་ཉིད་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རྣམ་དག་ཅིག་བྱེད་པ་ལ་ཐོས་བསམ་སྒོམ་གསུམ་གྱི་རྩ་བ་འཆད་ཉན་གྱི་གཞི་འདི་དགོས་གསུངས་ནས་ཐུགས་འདུན་བཏོན་ཏེ་ཉིན་དེར་གྲྭ་བ་བཅོ་བརྒྱད་དང་དགེ་རྒན་གཉིས་སྐྱོར་དཔོན་གཅིག་བཅས་ཀྱིས་སྤྱིར་བཏང་གི་གྲྭ་ཤག་ཅིག་སློབ་ཁང་དུ་གཡར་ནས་དངོས་སུ་སློབ་མགོ་བཙུགས་པ་རེད། ད་ལོའི་སློབ་མ་རྣམས་ནི་ལོ་ན་གཞོན་ལ་སློབ་སྦྱོང་གི་གོམ་པ་དང་པོར་སྤོས་པ་ཤ་སྟག་ཡིན་པས་ཐོག་མར་སུམ་རྟགས་དག་གསུམ་ནས་བཟུང་སྟེ་རིག་གནས་ཀྱི་གཞི་རྩ་ངེས་ཅན་ཞིག་ཆགས་རྒྱུ་ནི་ནང་དོན་རིག་པ་ལ་འཇུག་སླ་བའི་སྔོན་འགྲོ་ལྟ་བུར་འདུག་པས་ད་ལོ་རིག་གནས་ཀྱི་གཞི་བྱས་ཏེ་ལོ་གཅིག་རིང་གི་བསླབ་བྱ་ནི། བློ་སྦྱོང་ཆོས་ཀྱི་སྒོ་འབྱེད། སྡོམ་གསུམ་རྩ་བ། རྒྱལ་སྲས་ལག་ལེན། དག་ཡིག་ངག་སྒྲོན། སུམ་རྟགས་ཀྱི་རྩ་བ། ལེགས་བཤད་ལྗོན་པའི་དབང་བོ། དཀའ་གནད་གསལ་བའི་མེ་ལོང་། འབྲུ་འགྲེལ་འཕྲུལ་ལྡེ། སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། བློ་གསལ་འཇུག་ངོགས། སྙན་ངག་སྤྱི་དོན། བླ་མ་མི་ཕམ་རིན་པོ་ཆེའི་སྙན་འགྲེལ། སྐྱེ་བ་སྔ་ཕྱིའི་རྣམ་བཞག་སྲིད་པ་གསལ་བའི་མེ་ལོང་བཅས་ཡིན། ད་ལོའི་བོད་ཟླ་ལྔ་བར་མཆོག་སྤྲུལ་རིན་པོ་ཆེ་ནས་དམངས་སྒོར་ཁྲི་བཅུ་གསུམ་ལྷག་བཏང་སྟེ་སློབ་ཁང་གཉིས་དང་དཔེ་ཁང་གཅིག་བཅས་བཞེངས་མགོ་བརྩམས་ཏེ་ཟླ་དྲུག་པའི་ཚེས་བཞི་ཉིན་རྟེན་འབྲེལ་གྱི་ཆེ་བར་དགོངས་ནས་ཁོང་ཉིད་ཀྱིས་དམ་པ་གསུམ་གྱི་དབུ་ཁྲིད་གནང་སྟེ་ལེགས་གྲུབ་ཀྱི་དགའ་སྟོན་ཡངས་པོར་ཕྱེས་ཤིང་དེ་དུས་སློབ་མ་སུམ་ཅུ་སོ་བདུན་དུ་འཕར་འདུག ཁྱད་པར་དུ་བྱམས་དང་སྙིང་རྗེའི་བདག་ཉིད་ཆེན་མོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་ཞབས་ལ་གཏུགས་ཏེ་ཁོང་གི་ཐུགས་བཀོད་ཇི་ལྟར་ཡོད་པ་གོང་སྤེལ་དང་མེད་པ་ཁ་གསབ་ཀྱི་ཚུལ་གྱིས་ཆོས་སྒྲུབ་མཁན་གྱི་བསྟི་གནས་ཡང་དག་ཅིག་ཏུ་བསྒྱུར་དང་འགྱུར་བཞིན་པའི་སྒང་ཡིན་ནོ།།

2 ཕྱག་འདེབས་མཛད་པ་པོ།

སྐུ་ཕྲེང་དང་པོ་ཕྱག་ཚའི་རྟོགས་ལྡན་ནམ་འཇིགས་མེད་ཆོས་དབྱིངས་རང་གྲོལ་ནི་རླབས་ཆེན་དཔལ་གྱི་སེང་གེའི་རྣམ་སྤྲུལ། ཀུན་མཁྱེན་འཇིགས་མེད་གླིང་བའི་དངོས་སློབ། ནང་གི་ཉམས་རྟོགས་ཀྱི་གདེང་ཚད་མཐོ་རུ་ཕྱིན་ཅིང་དུས་གསུམ་གཟིགས་པ་རྣམ་པར་མཁྱེན་པ་ཀུན་ཏུ་ཡངས་པའི་གྲུབ་བརྙེས་རིག་པ་འཛིན་པའི་སྐྱེས་བུ་ཆེན་པོ་ཞིག་སྟེ། རང་སློབ་གཏེར་རྒན་འཇིགས་མེད་སྣ་ཚོགས་རང་གྲོལ་ལ་ཁམས་སྡེ་དགེའི་ཚོང་དཔོན་གཡུ་རྣ་བྱ་བའི་བུ་མོ་མཁའ་འགྲོ་མ་ཀུན་དགའ་ཆོས་སྒྲོན་ལས་ཀྱི་ཕྱག་རྒྱར་གཏད་དེ། ཨེ་མ་ཧོཿ འཇིགས་མེད་སྣ་ཚོགས་རང་གྲོལ་སྐྱེས་བུ་ཁྱོདཿ མདོ་སྨད་སོག་ཡུལ་མ་ཧཱ་དེ་ཝའི་གནསཿ ཧེ་རུ་ཀ་ཡི་ཕོ་བྲང་ཞལ་ཕྱེ་ལཿ ཕྱག་སྐོར་སྲོལ་ཚུགས་བསྟན་འགྲོའི་དོན་ཆེན་མཛོདཿ ང་ཡིས་གསང་ཆེན་དབང་བསྐུར་དཀྱིལ་འཁོར་བསྟནཿ ལས་ཀྱི་ཕྱག་རྒྱ་ཀུན་དགའ་ཆོས་སྒྲོན་འདིཿ རྟེན་འབྲེལ་འཛོམས་པས་རིག་འཛིན་ཁྱེད་ལ་གཏདཿ ཟབ་མོའི་རྣལ་འབྱོར་སྐྱོང་ཞིང་གྲོལ་བར་མཛོདཿ ཡུལ་ཕྱོགས་རིས་མེད་བསྟན་པ་མཐའ་རུ་སྐྱོངསཿ གནས་མཆོག་དེ་རུ་ཁྱེད་ཀྱི་གདུལ་བྱ་ཡོདཿ མ་ཧཱ་ཀཱ་ལས་འཕྲིན་ལས་གཡེལ་མེད་སྒྲུབཿ ཐེ་ཚོམ་མ་བྱེད་འགྲོ་བའི་དོན་ལ་བསྐྱོདཿ ས་མ་ཡ་རྒྱ་རྒྱཿ ཞེས་པའི་ལུང་བསྟན་ནས་མདོ་ཁམས་སྨད་ཀྱི་ཡུལ་འདིར་མངགས་ཤིང་།། ཁྱེད་ཉིད་འགྲོ་དོན་མདོ་སྨད་ཕྱོགས་སུ་ཆས།། མི་འགྱངས་ང་ཡང་གྲོགས་ཀྱི་ཚུལ་དུ་འོང་།། ཞེས་པའི་ཞལ་བཞེས་མཛད་པ་ནས་ཁོང་རྣམ་གཉིས་ཀྱི་སྐུ་ཡི་ཕྲེང་བ་བླ་སློབ་རེས་མོས་ཀྱི་ཚུལ་དུ་བྱོན་ནས་དམ་ཚིག་གསེར་སྐུད་ཐག་པ་གཅིག་ལ་བརྟེན་ནས་བསྟན་འགྲོའི་ཕན་བདེ་ཆེས་ཆེར་སྤེལ་བ་ལས་གཏེར་སྟོན་རྣམ་གཉིས་ཞེས་གྲགས་པ་འབྱུང་ཞིང་ཡུལ་ཕྱོགས་འདིར་ཀློང་ཆེན་སྙིང་ཐིག་གི་བསྟན་པ་དར་བར་བཀའ་དྲིན་བླ་ན་མེད་དོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-19

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།