སེང་ཁྲི་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེང་ཁྲི་དགོན་པ།
གསང་ཆེན་སྔ་འགྱུར་སེང་ཁྲི་ཆོས་གྲྭ་ཆེན་མོའམ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་འཁོར་གླིང་ནི་རྐ་འབའ་སུམ་མདོ་གྲོང་བརྡལ་ནས་ཤར་ལྷོའི་མཚམས་སུ་ལེ་དབར་བཅུ་དགུའི་སར་རྐ་ཆེ་ཆུང་གི་ཆུ་བོ་གཉིས་ཀྱི་འདྲེས་མདོའི་ནུབ་ངོས་སྟེ། དཀར་ཕྱོགས་ཡུལ་ལྷའི་རྒྱལ་བོ་གོ་ཆེན་ཞེས་ཡིད་འོངས་ལྷ་རི་སྨུག་པོའི་རི་ཞོལ་དུ་ཡུལ་འདིའི་སྐྱེ་བོ་དག་གི་ངག་རྒྱུན་ལ་གྲགས་པ་ནི། ས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཚར་དུ་དངར་བར་གནས་པ་ལས། རྒྱབ་རི་བཀྲ་ཤིས་གདུགས་ལ་བརྟེན་ཅིང་ཕྱོགས་བཞི་ས་ཡི་སྲུང་བ་ལྷུན་གྱིས་གྲུབ་པའི་གདན་ས་འདིར། རྫོང་སྔོན་སྐུ་ཕྲེང་གསུམ་པ་འཇིགས་མེད་བདེ་ཆེན་རྡོ་རྗེ་ཁོང་ཁམས་རྫོགས་ཆེན་དུ་གྲྭ་སར་ཕེབས་དུས། རྫོགས་སྤྲུལ་རིན་པོ་ཆེ་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཨ་ཁུ་གཏེར་སྟོན་རིན་པོ་ཆེ་རྣམས་དང་། ཁྱད་པར་དུ་རྫོགས་ཆེན་ཨ་བུ་ལྷ་སྒོང་ངམ་པདྨ་ཐེག་མཆོག་བློ་ལྡན་མཆོག་ལ་མདོ་སྨད་འབའ་ཡུལ་གྱི་ཕྱོགས་འདིར་དཔལ་སྔ་འགྱུར་བའི་བཤད་གྲྭ་ཞིག་དགོས་ཚུལ་གྱི་སྙན་ཞུ་ཕུལ་དུས། རྫོགས་ཆེན་ཨ་བུ་ལྷ་སྒོང་ཁོང་གི་ཞལ་ནས། རྨེ་བའི་མཁན་ཆེན་ཚེ་དབང་རིག་འཛིན་གདན་དྲངས་ན་བཤད་གྲྭ་འཛུགས་ཐུབ་ཚུལ་དང་། བཤད་གྲྭ་འཛུགས་སའི་གནས་ཀྱང་གདན་ས་འདིར་ལུང་བསྟན་གནང་བ་མ་ཟད། རྫོགས་སྤྲུལ་རིན་པོ་ཆེ་དང་། ཨ་བུ་ལྷ་སྒོང་གཉིས་ནས་བླ་མ་ཚེ་དབང་རིག་འཛིན་བཤད་གྲྭ་འཛུགས་པར་འབྱོན་དགོས་ཚུལ་གྱི་ཕྱག་ཡིག་ཕུལ་བ་བསྣམས་ནས་རྫོང་སྔོན་ཚང་བླ་མ་ཚེ་དབང་རིག་འཛིན་ཤར་དུང་རི་ན་སྐུ་མཚམས་ལ་བཞུགས་སར་བྱོན་ནས་ཞིབ་ཏུ་རྒྱུ་མཚན་རྣམས་ཞུས་དུས་ཁོང་བྱོན་པར་ཞལ་བཞེས་གནང་ཞིང་། སྤྱི་ལོ1951ལོར་རྫོང་སྔོན་རིན་པོ་ཆེའི་ཐུགས་བཞེད་བཞིན་དེའུ་རྒན་དགོན་པའི་སྔགས་པ་ཁ་ཤས་ཤིག་གདན་འདྲེན་ཞུ་བར་སོང་ནས་འབའ་ཡུལ་འདིར་གནད་འདྲེན་ཞུས། གནས་འདིར་བྱོན་པའི་ལམ་བར་དུ་ཧོར་ཚོ་བཞིའི་དཔོན་ཆེན་བ་རྒྱ་ནས་ཇ་ཐབ་བརྒྱབ་ཅིང་བསུ་མ་བྱས། སྐབས་དེར་དཔོན་པོ་བ་རྒྱ་ནས་བཤད་གྲྭའི་འཛུགས་སྐྲུན་ལ་ཕྱོགས་གང་ཐད་ནས་རོགས་རམ་བྱེད་རྒྱུ་ཁོང་ལ་སྙན་གསན་དུ་ཕུལ་དུས་མཁན་རིན་པོ་ཆེའི་ཞལ་ནས། འོ་རྟེན་འབྲེལ་ཤིན་ཏུ་ལེགས་སོང་། བོད་ཡུལ་དུ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོའི་དཔལ་ལ་འགྲན་པ་ལྟར་རྒྱས་པའི་རྟེན་འབྲེལ་དེ་བདག་དང་། རྫོང་སྔོན་སྤྲུལ་སྐུ། དཔོན་པོ་བ་རྒྱ་གསུམ་ལ་འཛོམས་འདུག་པས་གནས་འདིར་བསྟན་པ་ཤིན་ཏུ་མཐའ་རྒྱས་ཤིག་འབྱུང་འོང་གསུངས་ཤིང་། ལོ་དེའི་ལོ་སྨད་ཙམ་ནས་བཟུང་གནས་འདིར་བཤད་གྲྭ་གསར་འདེབས་མཛད་པའི་དབུ་བཟུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香池寺
མཚན་ཧྲིལ་བོ།
དཔལ་གསང་ཆེན་སྔ་འགྱུར་སེང་ཁྲི་ཆོས་གྲྭ་ཆེན་མོ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་འཁོར་གླིང་།
བཞེངས་ལོ།
སྤྱི་ལོ1951
གནས་ཡུལ།
མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་ནས་ཤར་ལྷོའི་མཚམས་སུ་ལེ་དབར་བཅུ་དགུའི་སར་ཡོད།
བཞེངས་མཁན།
འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན།
གྲུབ་མཐའ།
རྙིང་མ་བ།
1 ངོ་སྤྲོད།

གསང་ཆེན་སྔ་འགྱུར་སེང་ཁྲི་ཆོས་གྲྭ་ཆེན་མོའམ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་འཁོར་གླིང་ནི་རྐ་འབའ་སུམ་མདོ་གྲོང་བརྡལ་ནས་ཤར་ལྷོའི་མཚམས་སུ་ལེ་དབར་བཅུ་དགུའི་སར་རྐ་ཆེ་ཆུང་གི་ཆུ་བོ་གཉིས་ཀྱི་འདྲེས་མདོའི་ནུབ་ངོས་སྟེ། དཀར་ཕྱོགས་ཡུལ་ལྷའི་རྒྱལ་བོ་གོ་ཆེན་ཞེས་ཡིད་འོངས་ལྷ་རི་སྨུག་པོའི་རི་ཞོལ་དུ་ཡུལ་འདིའི་སྐྱེ་བོ་དག་གི་ངག་རྒྱུན་ལ་གྲགས་པ་ནི། ས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཚར་དུ་དངར་བར་གནས་པ་ལས། རྒྱབ་རི་བཀྲ་ཤིས་གདུགས་ལ་བརྟེན་ཅིང་ཕྱོགས་བཞི་ས་ཡི་སྲུང་བ་ལྷུན་གྱིས་གྲུབ་པའི་གདན་ས་འདིར། རྫོང་སྔོན་སྐུ་ཕྲེང་གསུམ་པ་འཇིགས་མེད་བདེ་ཆེན་རྡོ་རྗེ་ཁོང་ཁམས་རྫོགས་ཆེན་དུ་གྲྭ་སར་ཕེབས་དུས། རྫོགས་སྤྲུལ་རིན་པོ་ཆེ་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཨ་ཁུ་གཏེར་སྟོན་རིན་པོ་ཆེ་རྣམས་དང་། ཁྱད་པར་དུ་རྫོགས་ཆེན་ཨ་བུ་ལྷ་སྒོང་ངམ་པདྨ་ཐེག་མཆོག་བློ་ལྡན་མཆོག་ལ་མདོ་སྨད་འབའ་ཡུལ་གྱི་ཕྱོགས་འདིར་དཔལ་སྔ་འགྱུར་བའི་བཤད་གྲྭ་ཞིག་དགོས་ཚུལ་གྱི་སྙན་ཞུ་ཕུལ་དུས། རྫོགས་ཆེན་ཨ་བུ་ལྷ་སྒོང་ཁོང་གི་ཞལ་ནས། རྨེ་བའི་མཁན་ཆེན་ཚེ་དབང་རིག་འཛིན་གདན་དྲངས་ན་བཤད་གྲྭ་འཛུགས་ཐུབ་ཚུལ་དང་། བཤད་གྲྭ་འཛུགས་སའི་གནས་ཀྱང་གདན་ས་འདིར་ལུང་བསྟན་གནང་བ་མ་ཟད། རྫོགས་སྤྲུལ་རིན་པོ་ཆེ་དང་། ཨ་བུ་ལྷ་སྒོང་གཉིས་ནས་བླ་མ་ཚེ་དབང་རིག་འཛིན་བཤད་གྲྭ་འཛུགས་པར་འབྱོན་དགོས་ཚུལ་གྱི་ཕྱག་ཡིག་ཕུལ་བ་བསྣམས་ནས་རྫོང་སྔོན་ཚང་བླ་མ་ཚེ་དབང་རིག་འཛིན་ཤར་དུང་རི་ན་སྐུ་མཚམས་ལ་བཞུགས་སར་བྱོན་ནས་ཞིབ་ཏུ་རྒྱུ་མཚན་རྣམས་ཞུས་དུས་ཁོང་བྱོན་པར་ཞལ་བཞེས་གནང་ཞིང་། སྤྱི་ལོ1951ལོར་རྫོང་སྔོན་རིན་པོ་ཆེའི་ཐུགས་བཞེད་བཞིན་དེའུ་རྒན་དགོན་པའི་སྔགས་པ་ཁ་ཤས་ཤིག་གདན་འདྲེན་ཞུ་བར་སོང་ནས་འབའ་ཡུལ་འདིར་གདན་འདྲེན་ཞུས། གནས་འདིར་བྱོན་པའི་ལམ་བར་དུ་ཧོར་ཚོ་བཞིའི་དཔོན་ཆེན་བ་རྒྱ་ནས་ཇ་ཐེབས་བརྒྱབ་ཅིང་བསུ་མ་བྱས། སྐབས་དེར་དཔོན་པོ་བ་རྒྱ་ནས་བཤད་གྲྭའི་འཛུགས་སྐྲུན་ལ་ཕྱོགས་གང་ཐད་ནས་རོགས་རམ་བྱེད་རྒྱུ་ཁོང་ལ་སྙན་གསན་དུ་ཕུལ་དུས་མཁན་རིན་པོ་ཆེའི་ཞལ་ནས། འོ་རྟེན་འབྲེལ་ཤིན་ཏུ་ལེགས་སོང་། བོད་ཡུལ་དུ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོའི་དཔལ་ལ་འགྲན་པ་ལྟར་རྒྱས་པའི་རྟེན་འབྲེལ་དེ་བདག་དང་། རྫོང་སྔོན་སྤྲུལ་སྐུ། དཔོན་པོ་བ་རྒྱ་གསུམ་ལ་འཛོམས་འདུག་པས་གནས་འདིར་བསྟན་པ་ཤིན་ཏུ་མཐའ་རྒྱས་ཤིག་འབྱུང་འོང་གསུངས་ཤིང་། ལོ་དེའི་ལོ་སྨད་ཙམ་ནས་བཟུང་གནས་འདིར་བཤད་གྲྭ་གསར་འདེབས་མཛད་པའི་དབུ་བཟུང་། རྫོང་སྔོན་ཚང་ནི་ཤ་སྦྲང་ཚོ་དྲུག་གི་ནང་ཚན་འབེ་ཟ་སྡེ་བར་ཡབ་ཟླ་གྲགས་དང་། ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ1912ལོར་སྐུ་འཁྲུངས་ཤིང་། གྲུབ་ཆེན་དོ་རྡོ་དང་སྐུ་སྐྱེས་འཇིགས་བྷ་གཉིས་ཀྱིས་པདྨ་ཐུགས་མཆོག་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་བ་ཞིག་གོ །

2 དགོན་སྡེ་ཕྱག་འདེབས་མཛད་པ་པོ།

དགོན་སྡེ་ཕྱག་འདེབས་མཛད་པ་པོ་འཇའ་ལུས་པ་མཁན་རིན་པོ་ཆེ་ཚེ་དབང་རིག་འཛིན་ཁོང་ནི། གོར་མོ་རྨེ་ཁོག་ཅེས་པའི་ས་ཆར་ཡབ་སྤུར་བོ་ཨ་གཟའ་དང་ཡུམ་ཤུས་ནང་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་ལུག(སྤྱི་ལོ1883)ལོར་སྐུ་འཁྲུངས། དགུང་གྲངས་བདུན་གྱི་དུས་སུ་སྤུར་བོ་བསོད་ནམས་རིན་ཆེན་ལས་ཡི་གེ་འབྲི་ཀློག་བསླབས་པ་ནས་དགུང་ལོ་བཅུའི་སྟེང་སོག་དགོན་བཀྲ་ཤིས་ཆོས་དར་གླིང་གི་ཚོགས་གྲལ་དུ་ཞུགས་ཤིང་རྙིང་མའི་ཆོས་སྤྱོད་སོགས་ལ་གསན་སྦྱོང་མཛད། དགུང་ལོ་བཅོ་ལྔ་བར་གོ་ཤུལ་མཁན་པོ་ཀུན་བཟང་བསོད་ནམས་སམ་ཐུབ་བསྟན་ཆོས་གྲགས་ལས་རབ་བྱུང་གི་སྡོམ་པ་མནོས་ཤིང་མཚན་ལ་ཐུབ་བསྟན་འཇམ་དཔལ་རྒྱ་མཚོ་ཞེས་གསོལ། དེ་ནས་སྔ་འགྱུར་རྫོགས་ཆེན་དགོན་སོགས་གྲྭ་ས་མང་བོར་བྱོན་ནས། རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་རྡོར། མཁན་གཞན་དགའ། འཇམ་དབྱངས་མཁྱེན་བརྩེ་དབང་པོ་། སྨྱོ་ཤུལ་ལུང་རྟོགས། ཀ་ཐོག་སི་ཏུ། ཞེ་ཆེན་རྒྱལ་ཚབ། གླག་བླ་ཆོས་འགྲུབ། མཁན་པོ་ངག་ཆུང་། ཞེ་ཆེན་རབ་འབྱམས་ལྔ་བ། མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ། ལྕགས་ཁུང་སྒེའུ་གཏེར་རམ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་སོགས་ལས་མདོ་དང་སྔགས་ཀྱི་ཆོས་ཚུལ་ལ་དཀའ་སྤྱད་དཔེ་མེད་མཛད་དེ་སློབ་གཉེར་རྒྱ་ཆེར་བྱས་ཤིང་། མཁན་ཆེན་རྡོར་ལི་རིན་པོ་ཆེའི་མདུན་ནས་རང་བཞིན་རྫོགས་པ་ཆེན་པོ་ཐུན་མིན་སྙན་བརྒྱུད་ཀྱི་གདམས་ངག་མནོས་ཏེ་མཁས་ཤིང་གྲུབ་པའི་སྐྱེས་བུ་ཆེན་པོར་གྱུར། དགུང་ལོ་ཉེར་ལྔ་བར་བསྙེན་པར་རྫོགས། ཁྱད་པར་དུ་དགུང་གྲངས་སུམ་ཅུའི་དུས་སུ་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་མདུན་དུ་འཇམ་དཔལ་གང་བློ་མའི་ལྗགས་ལུང་ཞིག་ཐོབ་པ་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་། གཞུང་ལུགས་རབ་འབྱམས་ལ་མཁྱེན་པའི་ཤེས་རབ་ཕྱོགས་མེད་དུ་རྒྱས། དེའི་དབང་གིས་ཇི་སྲིད་དེའི་རིང་ལུགས་སྐྱོང་བར་ཐུགས་དམ་བཅས་ཏེ། རྗེ་ཉིད་ཀྱི་ཞལ་སློབ་མཁན་ཆེན་ཡོན་ཏན་རྒྱ་མཚོ་དང་། མཁན་ཀུན་བཟང་དཔལ་ལྡན་རྣམ་གཉིས་ལས་འཇམ་མགོན་མི་ཕམ་པའི་གསུང་རབ་གླེགས་བམ་རྣམས་ཀྱི་གཙོས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཛད། སྐབས་ཤིག་ན་ཨོ་རྒྱན་ཆེན་པོས་ཞལ་གཟིགས་པས་དེ་ནས་བཟུང་ཉིན་རེ་བཞིན་ལྡེབ་རིང་བཞི་བཅུ་ཙམ་རེ་བློ་ལ་ཟིན་པ་སོགས་ཀྱི་ཤེས་རབ་ཆེན་པོ་བརྙེས། དེ་ནས་རྫོགས་ཆེན་གངས་ཁྲོད་སོགས་སུ་ཉམས་ལེན་སྒྲུབ་པ་མཛད་དེ། མཚན་མོ་གཉིད་རྨུགས་བྱུང་ཚེ་སྨད་ཤམ་རྐྱང་བ་ཙམ་བནབས་ནས་ཞབས་རྗེན་པར་གངས་འཁྱགས་ཀྱི་སྟེང་དུ་བཞུགས་ནས་ཉམས་ལེན་མཛད་པས་ཞབས་གཉིས་ཀྱང་བསྙུན་གཞིས་ཐེབས། དེ་ལྟར་སྙིང་བོའི་བསྒྲུབ་པ་ལ་རབ་ཏུ་གཞོལ་བས་གཟུགས་སྐུ་འཇའ་ལུས་སུ་དྭངས་པ་གཞན་ལའང་མངོན་གསལ་དུ་གྱུར་ཏེ། ཉེ་གནས་དཔལ་ལྡན་གྱིས་མཁན་རིན་པོ་ཆེར་སྐུ་ཆིངས་བཅིངས་པའི་ཚེ་ན་སྐུ་ཆིངས་སྐུ་ལུས་ལ་མ་ཐོགས་པར་ཟང་ཐལ་དུ་བྱུང་། ཡང་མདུད་པ་ཞིག་བཏབ་སྟེ་བསྡམས་པས་སྐུ་ཆིངས་མདུད་པ་ལྡན་པ་གང་ལའང་མ་ཐོགས་པར་ལག་ཏུ་བྱུང་ལ། མཚན་མོ་སྒྲོན་འོད་སོགས་ཀྱི་འོག་ཏུ་སྐུ་ལུས་ཀྱི་གྲིབ་མ་མི་མངོན་པ་དང་། རྩིག་པ་ལ་ཟང་ཐལ་དུ་བྱོན་ཏེ། ཉིན་གཅིག་ཉེ་གནས་ཨ་བློས་བླ་མ་ནང་ན་བཞུགས་པ་ལ་གཟིམ་ཁང་གི་སྒོ་ལ་སྒོ་ལྕགས་བརྒྱབ་ནས་ལྡེའུ་མིག་ཐོགས་ཏེ་ཕྱི་ལོགས་སུ་སོང་། སླར་ལོག་པ་ན་བླ་མ་གཟིམ་ཁང་གི་ཕྱིར་བྱོན་ནས་བཞུགས་པ་མཐོང་། སྒོ་ལ་བལྟས་པས་སྔ་མ་ཁོ་ན་ལྟར་འདུག་སྟེ། སྒེའུ་ཁུང་ནས་མི་ཞིག་གཏན་ནས་ཐར་མི་སྲིད་པ་ཞིག་ཡིན་ཞེས་ཟེར་རོ།། དགུང་གྲངས་ཞེ་གཅིག་པར་རང་ཡུལ་དུ་བྱོན་ནས་གདུལ་བྱ་སྨིན་གྲོལ་ལ་བཀོད། རབ་རྒྱལ་ལྕགས་ཡོས་ལ་མཆོག་སྤྲུལ་རྫོང་སྔོན་རིན་པོ་ཆེས་མདོ་སྨད་འབའ་ཡུལ་དུ་གདན་དྲངས་ཏེ། དཔལ་སྔ་འགྱུར་སེང་ཁྲི་ཆོས་གྲྭ་ཆེན་མོ་འདི་ཉིད་གསར་འདེབས་མཛད་དེ་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་རྒྱུན་བསྐྱངས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དང་པོར་དགོན་སྡེ་འདི་ཉིད་གསར་འདེབས་མཛད་པའི་ཐུགས་བཞེད་ཀྱང་མདོ་སྨད་འབའ་ཡུལ་གྱི་གཞི་འདིས་མཚོན་ཡུལ་ཕྱོགས་འདིར་རྒྱལ་བསྟན་སྤྱི་དང་ཡང་སྒོས་གྲུབ་མཐའ་སྔ་འགྱུར་ཕྱོགས་ལ་ཐོས་བསམ་འཆད་ཉན་ཕར་ཞོག རྙིང་མ་པ་ཞེས་པ་ནི་འདུལ་ཁྲིམས་སྲུང་བའི་དགེ་ཚུལ་སློང་ཞིག་གཏན་ནས་མེད་ཅིང་གྲོང་སྔགས་ཁྱིམ་འཛིན་པ་ལ་གོ་བར་འགྱུར་བའི་ཉམས་སྨད་པའི་བསྟན་པའི་མེ་རོ་གཞི་གནས་གསོ་བའི་ཆེད་དུ་སྔ་འགྱུར་ཕྱོགས་ཀྱི་འདུལ་བ་སོ་ཐར་གྱི་བསྟན་པའི་རང་རྐང་བཙུགས་ཤིང་། འཆད་ཉན་ཐོས་བསམ་གྱི་གྲྭ་བཙུགས་ཏེ་ཕྱོགས་གང་སར་བསྟན་པ་ཡང་དག་མར་མེ་གཅིག་ལས་གཉིས་མཆེད་དུ་སྤེལ་ཆེད་ཡིན་པ་ལས་དགོན་གཞི་ཆུང་ངུ་འདི་ཙམ་གྱི་ཆེད་དུ་ག་ལ་ཡིན། དེའི་ཕྱིར་གདན་ས་འདི་ཉིད་དུ་ཐོག་མར་ཡུལ་ཕྱོགས་འདིར་དཔོན་པོ་བ་རྒྱ་སོགས་ཡུལ་སྡེ་དུ་མའི་དཔོན་པོ་དང་མང་ཚོགས་མང་པོའི་མཐུན་རྐྱེན་སྦྱར་ཏེ། དགེ་འདུན་འདུ་བའི་གཙུག་ལག་ཁང་ཆུང་ངུ་གྱན་ཉི་ཤུ་ཅན་སྟེང་དུ་རྒྱ་ཕིབས་དང་བཅས་པ་གཅིག་ལས་རྟེན་བཞེངས་སོགས་འཛུགས་སྐྲུན་རྒྱ་མ་བསྐྱེད་པར་གཙོ་བོར་སློབ་གཉེར་གྲྭ་བའི་འདུག་ཁང་ཁང་མིག་བཞི་བཅུ་ལྷག་བཞེངས་ཏེ། ཐོས་བསམ་ཁོ་ནར་བརྩོན་པའི་གྲྭ་གཞོན་བདུན་ཅུ་ཡས་མས་ལ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་རྒྱ་ཆེར་མཛད་པས་རིམ་བཞིན་སློབ་ཚོགས་ཀྱི་འདུ་བའང་རྒྱ་ཆེར་འཕེལ་བཞིན་པའི་སྐབས། བོད་རབ་རྒྱལ་ས་ཁྱི(སྤྱི་ལོ1958)ལོའི་དབྱར་ཁར་གློ་བུར་དུས་འགྱུར་གྱི་དབང་གིས་དགོན་གཞི་ཁ་འཐོར་སོང་ཞིང་། ཁོང་བཙོན་དུ་བཟུང་སྟེ་སྔ་ཕྱིར་རྡུང་བརྡེག་གང་མང་བྱས། བཙོན་འཇུག་མ་བྱས་སྔོན་ལ་བླ་གྲྭ་ཚང་མ་རི་མགོར་བྲོས་བྱོལ་བྱས་ཏེ་སྡོད་སྐབས། རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཡང་སྲིད་མཁན་ཆེན་ཡེ་ཤེས་དར་རྒྱས་ཞེས་རྨེ་བ་དར་རྒྱས་བྱམས་ཆེན་ཆོས་གླིང་གི་ཁྲི་རབས་དང་པོར་སྐྱབས་རྗེ་མདོ་རིན་པོ་ཆེས། ཁྲི་ཡི་ཐོག་མ་ཛྙ་ནའི་མིང་ཅན་འབྱུང་། ཞེས་ལུང་གིས་ཟིན་པའི་སྐྱེས་བུ་དེ་ཉིད་ཀྱི་ཡང་སྲིད་མང་རྫོང་ལོ་བ་ན་སྐུ་འཁྲུངས་པ་རྗེ་ཉིད་ཀྱིས་སྔོན་ནས་ངོས་འཛིན་མཛད་ཡོད་པ་དེ་ཕ་མ་གཉིས་ཀྱིས་ཁྱེར་འོང་སྟེ་ཁོང་ལ་ཕུལ། སྐབས་དེར་ཁོང་གི་ཞལ་ནས། སྤྱིར་བདག་ལ་བྱིས་པ་འདི་དེ་རིང་ཡིན་ཀྱང་ཤིན་ཏུ་མཁོ་མོད་ད་ལྟ་ང་རང་ཉིད་མགོ་ཡང་ཐོན་དཀའ་བའི་ཚོད་འདི་ཙམ་ན་གཞན་ཕར་ཞོག དེ་བས་བྱིས་པ་འདིར་ད་དུང་ཁྱེད་གཉིས་ཀྱིས་བདག་གཉེར་ལེགས་པོ་གྱིས་དང་མ་འོངས་པ་ཞིག་ན་སེང་ཁྲི་དགོན་པར་སླར་གསོ་མཛད་པའི་དུས་སུ་སྤྲུལ་སྐུ་འདི་བདག་ལ་ངེས་པར་དུ་དགོས། ཞེས་གསུང་གླེང་མཛད་པ་མ་ཟད་བྱིས་པའི་མཚན་ལ་ཡང་རྗེ་ཉིད་ཀྱི་མཚན་གསོལ་ཏེ་ཚེ་དབང་རིག་འཛིན་ཞེས་བཏགས་ཤིང་། ཁྲི་འདོན་སོགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིགས་པར་མཛད། ཁྱད་པར་དུ་རྗེ་ཉིད་ཀྱི་ཐུགས་སྲས་དམ་པ་མཁན་ཆེན་དཀོན་མཆོག་རིན་ཆེན་ལ་མ་འོངས་པར་སེང་ཁྲི་དགོན་པ་འདི་ཉིད་སླར་གསོ་མཛད་དེ་བཤད་དང་སྒྲུབ་པའི་ལས་ཀྱིས་བསྟན་འགྲོའི་དོན་བྱེད་དགོས་ཚུལ་གྱི་ཞལ་གསུང་དང་བཅས་བསྟན་པ་ཡོངས་རྫོགས་ཁོང་ལ་གཏད་ཅིང་རྗེ་ཉིད་ཀྱི་སྐུ་ཚབ་ཏུ་མངའ་གསོལ། ལོ་དེའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ཙམ་ན་འབའ་ཡུལ་དེའུ་རྒན་དགོན་པའི་ཉེ་ཟུར་དེའུ་རྒན་ཞོལ་མ་རུ་མི་སྟོང་ཕྲག་ལྷག་བསྡུས་ནས་འཐབ་རྩོད་རྡུང་རྡེག་བྱ་རྒྱུའི་གྲ་བསྒྲིགས་བྱས། མཁན་རིན་པོ་ཆེ་ཉིད་རྫོང་མཁར་གྱི་བཙོན་ཁང་ནས་བཏོན་ཏེ། དམག་མི་ལིའུ་ཏི་ཧྲན། སྙིང་དཀར་འབུམ། ཚེ་རིང་འབུམ་སོགས་ཀྱི་མཛོ་ཞིག་གི་རྒྱབ་ཏུ་བཅིངས་ནས་འཐབ་རྩོད་བྱ་བའི་ཕྱིར་ཁྲིད་དེ་རྫོང་མཁར་གྱི་ཉེ་འདབས་ས་དོའི་གདོང་ལམ་བརྒྱུད་དེ་ལ་སྐེད་ཙམ་ལ་འབྱོར་བ་ན་བླ་མའི་ཞལ་ནས་བཛྲ་གུ་རུའི་ཛབ་དབྱངས་འཐེན་བཞིན་ཇེ་མཐོ་ཇེ་མཐོར་གཤེགས་ཏེ་མི་སྣང་བར་གྱུར་བས་དམག་མི་རྣམས་ཅི་བྱ་གཏོལ་མེད་དུ་གྱུར། ཉིན་དེར་འཐབ་རྩོད་ཚོགས་འདུའི་སྟེང་བླ་མའི་སྐུ་གདུང་ཡང་ཁྱེར་ཡོང་རྒྱུ་མ་བྱུང་བས་ཤོག་བུའི་གཟུགས་བརྙན་ཞིག་བྲིས་ཏེ་དེ་ལ་སྐྱོན་འདོགས་སྣ་ཚོགས་བྱས་རྗེས་ཚོགས་འདུ་གྲོལ་དགོས་བྱུང་ངོ་ཞེས་དེ་ཉིན་གྱི་ཚོགས་འདུའི་མགོ་འཛིན་པ་ཝང་ལེ་ཁྲུན་གྱིས་བདེན་དཔང་བྱས་པ་དང་། ཚོགས་མི་མང་པོས་དེང་སང་ཡང་མངོན་སུམ་སྨྲ་བཞིན་པ་འདི་ལགས་སོ།། དེ་ལྟར་མཁན་རིན་པོ་ཆེ་ཉིད་འཕུར་ནས་གཤེགས་པ་དེ་མི་མང་པོ་ཞིག་གིས་མངོན་སུམ་དུ་མཇལ་བས་མི་རིང་བའི་རྗེས་སུ་གཏམ་དེ་ཉིད་ཡུལ་གང་སར་གྲགས་ནས་བྱུང་། སྐབས་དེར་ལས་བྱེད་པ་རྣམས་ཀྱིས་ཚོགས་ཆེན་བསྡུས་ཏེ། གཏམ་དེ་ཉིད་བརྗོད་མི་ཆོག་ཅེས་ཁྲིམས་སུབ་བསྒྲགས་ནའང་མཐར་རིམ་གྱིས་ཡུལ་གྲུ་མང་པོ་ལ་ཁྱབ་ཅིང་། ཆོས་ལུགས་དད་མོས་རང་དབང་ཐོབ་པའི་དུས་བབ་དང་བསྟུན་ཉིན་དེར་བླ་མ་ཁྲིད་དེ་འགྲོ་བའི་དམག་མི་ལིའུ་ཏི་ཧྲན། སྙིང་དཀར་འབུམ། ཚེ་རིང་འབུམ། གདུགས་དཀར་ཚེ་རིང་སོགས་ཀྱིས་བརྗེད་དཀའ་བའི་འདས་དོན་དེ་ངོ་མཚར་མིག་གི་དགའ་སྟོན་དུ་མངོན་སུམ་སྣང་བའི་གནས་ཚུལ་རྣམས་སོ་སོ་ནས་གླེང་བར་བྱས་པ་འདི་གའོ།།

3 ཆོས་སྡེའི་འཛུགས་སྐྲུན་དང་དུས་མཆོད།

དགོན་སྡེ་འདིའི་འདུ་ཁང་ཆེན་མོ། འོག་ཁང་གྱན་ཞེ་གཉིས། ཀ་རིང་བཞིས་བཏེགས་པའི་སྟེང་རྒྱ་ཕིབས། གྱན་ལྔ་ནང་རྟེན་ཨོ་རྒྱན་སྟོང་སྐུ་དང་བཅས་པ། འདུ་ཁང་སྒོ་ཆེན་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི་དང་། ཡུལ་སྐྱོང་མཐོན་པོ་བཅུ་གསུམ། འཁོར་བའི་འཁོར་ལོ་ཆ་ལྔ་བ་སོགས་ཀྱི་གྱན་ཐང་སྣ་ཚོགས་དང་། ནང་ཕུག་གི་གཙོ་སྐུ་རྒྱལ་བ་བྱམས་པའི་སྐུ་གཡོན་དུ་མར་མེ་མཛད་དང་བི་མ་མི་ཏྲ། གཡས་སུ་སྟོན་པ་ཐུབ་པའི་དབང་བོ་དང་གུ་རུ་སོགས་ཀྱི་ཟངས་སྐུ་དང་འབག་སྐུ་སྣ་ཚོགས། གླིང་གསུམ་གྱི་གྱན་ངོས་སུ་སངས་རྒྱས་སྟོང་སྐུ། ཕྱོགས་བཅུའི་སངས་རྒྱས་སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་གྱན་ཐང་བཅས་བཞུགས་སོ།།

བཙན་ཁང་གྱན་དགུ་རྒྱ་ཕིབས་དང་བཅས་པ། ནང་རྟེན་སྙིང་ཐིག་གི་སྲུང་མ་རྣམས་ཀྱི་འདྲ་འབག་དང་གྱན་ཐང་གང་མང་། བཀའ་བསྟན་སོགས་གསུང་རབ་སྣ་ཚོགས་བཅས་དང་། རྒྱབ་རིའི་རི་རྩེར་མཁན་སློབ་ཆོས་གསུམ་གྱི་ལྷ་ཁང་དང་བཅས་བཞེངས་གྲུབ་བྱུང་། དགོན་འདིའི་འདོན་པ་ཆོས་སྤྱོད་སོགས་ནི་སྔ་འགྱུར་སྙིང་ཐིག་དང་། ལོ་རེར་ལོ་སྟོད་ཕུར་བ་ཡང་གསང་ཁྲོས་པའི་སྒྲུབ་ཆེན། ལོ་སྨད་ཕུར་བ་རྒྱུད་ཀྱི་སྒྲུབ་ཆེན་བཅས་ཕུར་སྒྲུབ་གཉིས་དང་། དབྱར་གནས་ཟླ་གཅིག་དང་ཕྱེད། ཧོར་ཟླ་ལྔ་བའི་འཛམ་གླིང་ཞི་བདེ་ཞིང་སྒྲུབ་སྨོན་ལམ་ཆེན་མོ། འདི་དང་གངས་ལྗོངས་མ་ཎི་སྨོན་ལམ་གཉིས་ལོ་རེར་རེས་མོས་སུ་བྱེད། དུས་མཆོད་ཀྱི་སྐོར་ལ་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ནས་ཉིན་གསུམ་རིང་བླ་མ་ཚེ་དབང་རིག་འཛིན་གྱི་འདས་མཆོད། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ནས་ཉིན་གསུམ་རིང་ཀུན་མཁྱེན་ཀློང་ཆེན་པོའི་འདས་མཆོད། ཟླ་བ་རེའི་ཡར་ངོའི་ཚེས་བཅུ་དང་མར་ངོའི་ཚེས་ཉེར་ལྔའི་ཚོགས་མཆོད། བཅོ་ལྔ་དང་གནམ་སྟོང་གི་གསོ་སྦྱོང་། ཉིན་རེའི་ཕྱི་དྲོ་དགོང་ཚོགས་དང་སྐུ་རིམ་བཅས་གཏན་ལ་ཕབ་ཅིང་། དགོན་འདིའི་ནང་ཁྲིམས་ཀྱི་གཙོ་བོ་ང་བརྒྱད་ཡར་སྔོན་ནས་བཟུང་རང་མོས་ཀྱིས་གྲོང་ཆོག་སོགས་གང་སར་འཁྱར་མི་ཆོག་པར་མ་ཟད། དགོན་ནང་དུའང་དགེ་བསྐོས་ལ་མ་ཞུས་པར་དུས་མིན་་དུ་མེ་འབུད་ཇ་སྐོལ་བྱེད་མི་ཆོག་པ་སོགས་ཀྱིས་མཚོན་སྒྲུབ་པ་ཉམས་ལེན་ནམ། ཡང་ན་གཞུང་ལུགས་ལ་སློབ་གཉེར་ཕྱོགས་ཀྱི་འགྲིག་ཁྲིམས་ཤིན་ཏུ་དམ་ཞིང་། བཤད་སྒྲུབ་གཉིས་ལ་གཞོལ་བ་ཞིག་ལས་དགོན་ནང་དུ་བསྡད་མི་ཆོག་ཅིང་། དེ་ལྟར་མཛད་པས་གཞི་སླར་གསོ་མཛད་པ་ནས་བཟུང་ད་ལྟའི་བར་གྲྭ་ཚང་དང་བསྟན་པ་ཇེ་རྒྱས་སུ་སོང་སྟེ། སྤྱི་ལོ2003ལོའི་ཟླ་དགུ་བ་ནས་བཟུང་སྐྱབས་རྗེ་བླ་མ་ཡིད་བཞིན་རྣམ་རྒྱལ་གྱི་ཐུགས་དགོངས་ཞལ་གསུང་གཙོ་བོར་བཟུང་སྟེ་སྤྲུལ་རིན་པོ་ཆེ་མཆོག་གིས་ལས་འགན་བཞེས་ཤིང་། མཁན་དགེ་འདུན་གཙོའི་བླ་གྲྭ་ཁ་ཤས་བཀོད་སྒྲིག་བྱས་ནས་བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ་ལས་གྲུབ་མཐའ་སྔ་འགྱུར་གྱི་དཔེ་དེབ་པོད་ཉི་ཤུ་སྒྲིག་སྦྱོར་བྱས་པ་མ་ཟད་མདོ་དབུས་ཁམས་གསུམ་གྱི་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེ་ཆུང་སློབ་གཉེར་བྱེད་པའི་བཤད་གྲྭ250ལྷག་ན་བཞུགས་པའི་སློབ་གཉེར་གྲྭ་བ་ཁྱོན་ཁྲི་གཅིག་སྟོང་ལྔ་ལྷག་ལ་མི་རེར་སློབ་དེབ་ཆ་ཚང་བ་རེ་རིན་མེད་གཟིགས་འབུལ་དུ་གནང་རྒྱུའི་འཆར་གཞི་ལ་འབད་བརྩོན་བྱས་མཐར་བྱ་བ་དེ་ཡོངས་སུ་ལེགས་འགྲུབ་བྱུང་། སློབ་དེབ་ཆ་ཚང་གཅིག་ལ་སྒོར་སྟོང་གཅིག་དང་སུམ་བརྒྱ་རེའི་མ་རྩ་ཡིན། ཁྱད་པར་སྤྱི་ལོ2006ནས་བཟུང་བཤད་གྲྭའི་ཁོར་ཡུག་གི་རྒྱ་ཁྱོན་ཇེ་ཆེར་བཏང་ཞིང་སྔར་གྱི་ཁང་བ་རྣམས་གཞི་ནས་བཤིག་གསོ་བྱས་ཏེ་ཁང་མིག་བརྒྱ་ཕྲག་ལྷག་བཞེངས། སྔར་ཡོད་ཀྱི་སྒྲིག་ཁྲིམས་སྟེང་སློབ་སྦྱོང་ཕྱོགས་ཀྱི་ཕན་འབྲས་ཆེ་བའི་སྒྲིག་ཁྲིམས་དག་ཁ་གསབ་མཛད་དེ་སློབ་གླིང་གི་ཁོར་ཡུག་ཕྱོགས་ཡོངས་ནས་སྤུས་ཀ་ཇེ་ལེགས་སུ་བཏང་ངོ་།། སློབ་གླིང་འདིར་སློབ་གཉེར་གྲྭ་བའི་བསླབ་བྱ་གཙོ་བོ་ནི། ཚད་མ། འདུལ་བ། མངོན་པ་ཤེར་ཕྱིན། དབུ་མ་བཅས་མདོ་ཕྱོགས་ཀྱི་བཀའ་པོད་ལྔ་དང་། གཞན་ཡང་སུམ་རྟགས། སྙན་ངག སྒྲ་རྩིས་སོགས་ཐུན་མོང་རྨང་གཞིའི་ཤེས་བྱའི་རིག་གནས་ཀྱི་སྐོར། བློ་སྦྱོང་དང་རྒྱུད་སྡེ་སོགས་ཉམས་ལེན་སྔགས་ཀྱི་ཆོས་ཚན་སོགས་མདོར་ན་མདོ་སྔགས་རིག་གནས་དང་བཅས་པ་མཐའ་དག་ལ་གསན་སྦྱོང་མཛད་པའི་དུས་ཡུན་ཆེས་ཉུང་མཐའ་ལོ་ལྔར་ལོངས་དགོས་ཤིང་། ལོ་རེའི་ལོ་སྟོད་སྨད་དུ་རྒྱུགས་ཆེན་གཉིས་དང་། རྒྱུགས་ཀྱི་རྣམ་གྲངས་ལ། བློ་རྒྱུགས། འཆད་རྒྱུགས། རྩོད་རྒྱུགས། ཡིག་རྒྱུགས་བགྲོ་གླེང་དམ་བཅའ་དང་། བཀའ་པོད་དམ་བཅའ་སོགས་ཀྱི་རྒྱུགས་ཡོད་པ་དང་། ལོ་ལྔ་ནས་སློབ་མའི་ལོ་ལྔའི་སྦྱང་འབྲས་ཁྱོན་ཡོངས་ཀྱི་སྟེང་རབ་འབྲིང་ཐ་མའི་ཡོན་ཚད་དང་བསྟུན་མཐར་ཕྱིན་འཛིན་རྟགས་སམ་ཤེས་ཡོན་གྱི་མཚན་རྟགས་གནང་བ་ཡིན་ནོ།། སློབ་ཁྲིད་དང་གནང་བའི་དུས་ཚོད་ནི། ཟླ་བ་རེ་ལ་ཉིན་གཉིས་དང་། ལོ་གཅིག་ལ་ཟླ་བ་གཅིག་ལས་ངལ་གསོའི་དུས་སྐབས་ཉིན་གཅིག་ལའང་མེད་པར་སློབ་ཁྲིད་ཀྱི་བྱ་གཞག་ཁོ་ནའོ།། ཉིན་རེའི་དུས་ཚོད་ནི་གཏན་འཁེལ་ལྟར་ཞོགས་པའི་ཆུ་ཚོད་ལྔ་ནས་རང་སྦྱོང་བློ་འཛིན། བརྒྱད་ནས་དགུ་བར་ནངས་ཇ། དགུ་ནས་བཅུ་གཅིག་བར་སྔ་དྲོའི་སློབ་ཐུན་དང་བསྐྱར་སྦྱོང་། བཅུ་གཉིས་ནས་གཅིག་བར་དྲོས་ཇ། གཅིག་ནས་གཅིག་དང་ཕྱེད་ཀའི་བར་གུང་གསེང་སྤྲོ་འཆམ། གཅིག་ཕྱེད་ནས་གསུམ་ཕྱེད་བར་ཕྱི་དྲོའི་སློབ་ཐུན་དང་བསྐྱར་སྦྱོང་། གསུམ་ཕྱེད་ནས་ལྔ་བར་ཁྱིམ་གྱི་རང་སྦྱོང་སློབ་ཐུན། ལྔ་ནས་ལྔ་ཕྱེད་ཕྱི་དྲོའི་ཁམས་བསང་། ལྔ་ཕྱེད་ནས་དྲུག་བར་ཆོས་སྤྱོད་སྐུ་རིམ། དྲུག་ནས་བདུན་བར་ཆོས་རྩོད། བདུན་ནས་བརྒྱད་བར་ནུབ་ཇ། བརྒྱད་ནས་བཅུ་བར་རང་སྦྱོང་སློབ་སྐབས་བཅས་སོ།།

མདོར་ན་དགོན་སྡེ་འདི་ཉིད་ནི་དང་པོ་ནས་བཟུང་ནང་བསྟན་རིག་གཞུང་ལ་འཆད་ཉན་བྱེད་པའི་སློབ་གླིང་དུ་དམིགས་ཏེ་བཏབ་ཕྱིར་ལྷ་རྟེན་ཆོས་གསུམ་གྱི་བཞེངས་སྐྲུན་རྒྱས་སྤྲོས། བཅའ་ཁ་ཕྱག་ལེན། འདོན་རྟ་དབྱངས་གསུམ། བསྒྲུབ་མཆོད་ཆོས་ཐོག་དང་། གར་འཆམ་སོགས་ཆོས་སྤྱོད་ཉམས་བཞེས་རང་བཞིན་གྱི་བྱ་གཞག་ཆེས་ཉུང་སྟབས་འདིའི་སྐོར་ལ་རང་བཞིན་དགོན་སྡེ་སྤྱི་འགྲོས་ཀྱི་ལོ་རྒྱུས་ལྟ་བུ་མེད་ཅིང་། ཐོས་བསམ་འཆད་ཉན་ཕྱོགས་ཀྱི་སྒྲིག་ཁྲིམས་དང་ཁོར་ཡུག་ཐོས་བསམ་ལ་འབད་པའི་གྲུབ་འབྲས་སོགས་ཀྱིས་མཚོན་པའི་ལོ་རྒྱུས་མཚམས་སྦྱོར་གྱི་རང་བཞིན་ཉུང་ངུར་བཀོད་པ་ནི་འདི་ཙམ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-24

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།