བདེ་ཆེན་དགོན་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བདེ་ཆེན་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མཚོ་ལྷོ་ཁུལ་འབའ་རྫོང་གི་དགོན་པ་ཞིག)

བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་ནི་འབའ་རྫོང་གི་ལྷོ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་བགྲོད་པའི་སར་ཆགས་ཡོད། དགོན་སྡེ་འདི་ནི་སྤྱི་ལོ1929ལོར་བདེ་ཆེན་ལྷོ་བྲག་དྲུག་པ་བློ་བཟང་ཆོས་འཕེལ་རྒྱ་མཚོས་ཕྱག་འདེབས་མཛད་པ་ཡིན་ལ། གྲུབ་མཐའ་དགེ་ལུགས་པ་ཡིན། བདེ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་ཆོས་འཕེལ་རྒྱ་མཚོ་མཆོག་གིས་དགོན་གནས་འདིར་ས་འདུལ་མཛད་སྐབས་ཨོའུ་རྒྱའི་གསང་སྔགས་པ་བསྟན་དར་གྱིས་དུང་དཀར་པོ་གཡས་འཁྱིལ་ཐོགས་ཏེ་ལྷ་བསང་བཏང་བ་དང་དུས་མཉམ་པས་རྟེན་འབྲེལ་འགྲིག རྫོང་སྔོན་པདྨ་ཐུགས་མཆོག་ནས་ཀྱང་དགོན་པ་འདིར་བཀྲ་ཤིས་དགེ་བཅུ་ཚང་བའི་སར་བསྔགས་པ་དང་། ཁམས་ཀྱི་བླ་མ་ཤུགས་སྒང་རིན་པོ་ཆེའི་ཕྱག་ཕྲེང་འཐོར་བས་མ་འོངས་པ་ནས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱི་སྤྲུལ་བ་བྱོན་ཏེ་འགྲོ་དོན་སྐྱོང་བར་འགྱུར་ཅེས་ལུང་བསྟན་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德庆寺
མཚན་ཧྲིལ་བོ།
བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་།
བཞེངས་ལོ།
སྤྱི་ལོ1929
གནས་ཡུལ།
མཚོ་ལྷོ་ཁུལ་འབའ་རྫོང་གི་ལྷོ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་བགྲོད་པའི་སར་ཆགས་ཡོད།
བཞེངས་མཁན།
བདེ་ཆེན་ལྷོ་བྲག་དྲུག་པ་བློ་བཟང་ཆོས་འཕེལ་རྒྱ་མཚོ།
གྲུབ་མཐའ།
དགེ་ལུགས་པ།
1 ​ངོ་སྤྲོད།

བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་ནི་འབའ་རྫོང་གི་ལྷོ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་བགྲོད་པའི་སར་ཆགས་ཡོད། དགོན་སྡེ་འདི་ནི་སྤྱི་ལོ1929ལོར་བདེ་ཆེན་ལྷོ་བྲག་དྲུག་པ་བློ་བཟང་ཆོས་འཕེལ་རྒྱ་མཚོས་ཕྱག་འདེབས་མཛད་པ་ཡིན་ལ། གྲུབ་མཐའ་དགེ་ལུགས་པ་ཡིན། ཕྱག་འདེབས་མཛད་པ་པོ་བདེ་ཆེན་ལྷོ་བྲག་བློ་བཟང་ཆོས་འཕེལ་རྒྱ་མཚོ་མཆོག་གི་སྐུ་ཕྲེང་དང་པོ་གྲུབ་པའི་དབང་ཕྱུག་ཆེན་པོ་བཀའ་བཅུ་བ་ཧོར་མགོན་ཤུལ་ཀུན་དགའ་ཆོས་འཕེལ་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི་རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ལྔ་བ་ལྕགས་ལུག་ལོར་ངོ་མཚར་བའི་ལྟས་སྣ་ཚོགས་དང་བཅས་ཏེ་སྐུ་འཁྲུངས་ཤིང་། དེས་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བླ་མར་བསྟེན་ནས་ཟབ་རྒྱས་ཆོས་ཀྱི་གདམས་ངག་མང་དུ་གསན། ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་མཛད། བླ་མའི་ལུང་བསྟན་བཞིན་དབུས་གཙང་དུ་ཕེབས། པཎ་ཆེན་བློ་བཟང་ཆོས་རྒྱན་མདུན་དུ་ཟབ་ཆོས་མང་དུ་གསན། སེ་འབྲས་དགེ་གསུམ་དང་རྒྱུད་སྨད་གྲྭ་ཚང་སོགས་སུ་བཞུགས་ནས་སྔགས་ལ་སྦྱངས་ཤིང་ཉམས་རྟོགས་ཀྱི་རྩལ་ཁ་རྒྱས་པས་ཨ་མདོའི་བླ་མ་རྟོགས་མཐོར་གྲགས། རྭ་སྒྲེང་དུ་ཕེབས་ནས་སྒྲུབ་པ་མཛད་དེ་ཨ་མདོའི་བླ་མ་སྒོ་གཡིས་སུ་གྲགས། དེའི་ཚེ་རྒྱལ་པོ་ཇུ་ནང་གི་གདན་འདྲེན་བཀའ་ཤོག་ནན་ཅན་བྱུང་བ་སོགས་ལ་བརྟེན་ནས་ཇུ་ནང་རང་ཡུལ་དུ་གདན་དྲངས་པ་ལྟར་ཕེབས་ཏེ་གཞོན་སྲི་བཅད། ལྷ་གུར་རྟེན་དང་བརྟེན་པ་བཅས་པ་ཁོང་ལ་ཕུལ། དེ་ནས་་ཝང་འཁོར་བཅས་དམ་པའི་ཆོས་ཀྱིས་ཚིམ་པར་བྱས། དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ཞེ་དྲུག་པ་ཆུ་བྱི་ལོར་ཡུལ་ལྷའི་རྒྱལ་བོ་བྱ་ཁྱུང་གི་ལྷ་ཞོལ་བཀྲ་ཤིས་བྱ་དཀར་གྱི་ཉེ་འདབས་སུ་མཚམས་ཁང་བརྩིགས་ཏེ་སྒྲུབ་པ་མཛད། དེའི་ཕྱི་ལོར་བཀྲ་ཤིས་ལ་སྟོད་དུ་ཡར་ནང་བདེ་ཆེན་ཆོས་ལྡིངས་རི་ཁྲོད་ཕྱག་འདེབས་མཛད། དགུང་ལོ་ལྔ་བཅུ་བ་ལྕགས་སྤྲེལ་ལོར་རོང་བོ་དགོན་ཆེན་ཐོས་བསམ་རྣམ་རྒྱལ་གླིང་དང་སྒྲུབ་གྲྭ་གནས་མཆོག་བཀྲ་ཤིས་འཁྱིལ་སོགས་སྒྲུབ་སྡེ་སོ་སོར་ཚོགས་འགྱེད་དང་མཆོད་ཐེབས་ཕུལ། མགར་རྩེ་བྱམས་པ་གསར་བཞེངས་མཛད། དེ་ནས་དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ལོར་སྔོན་གྱི་ལུང་བསྟན་ལྟར་གཅུང་ཚུལ་ཁྲིམས་རྒྱ་མཚོ་དང་དཔོན་སློབ་ནོར་བུ་རྒྱ་མཚོ་རྣམ་གཉིས་ལ་དགོན་གནས་སྤོར་རྒྱུའི་སྐོར་གྱི་ཞལ་བཀོད་གནང་བ་ལྟར་ད་ལྟའི་དགོན་གནས་འདིར་སྤོར་རྒྱུའི་མགོ་བརྩམས་ཏེ་རིམ་བཞིན་སྤར། རྗེ་འདི་བས་བཤད་སྒྲུབ་གཉིས་ཀྱིས་དུས་འདའ་བར་བྱས་ནས་ཞབས་དྲུང་བཀའ་བཅུ་བ་ཀུན་དགའ་ཆོས་འཕེལ་རྒྱ་མཚོ་ཞེས་མཚན་སྙན་ཕྱོགས་བཅུར་ཁྱབ་ཅིང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་དོན་དགུ་གླང་ལོར་གདུལ་བྱ་རྟག་འཛིང་ཅན་རྣམས་ཆོས་ལ་སྐུལ་བའི་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།

དེ་ཡང་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་ནི། བདེ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་ཆོས་འཕེལ་རྒྱ་མཚོ་མཆོག་གིས་དགོན་གནས་འདིར་ས་འདུལ་མཛད་སྐབས་ཨོའུ་རྒྱའི་གསང་སྔགས་པ་བསྟན་དར་གྱིས་དུང་དཀར་པོ་གཡས་འཁྱིལ་ཐོགས་ཏེ་ལྷ་བསང་བཏང་བ་དང་དུས་མཉམ་པས་རྟེན་འབྲེལ་འགྲིག རྫོང་སྔོན་པདྨ་ཐུགས་མཆོག་ནས་ཀྱང་དགོན་པ་འདིར་བཀྲ་ཤིས་དགེ་བཅུ་ཚང་བའི་སར་བསྔགས་པ་དང་། ཁམས་ཀྱི་བླ་མ་ཤུགས་སྒང་རིན་པོ་ཆེའི་ཕྱག་ཕྲེང་འཐོར་བས་མ་འོངས་པ་ནས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱི་སྤྲུལ་བ་བྱོན་ཏེ་འགྲོ་དོན་སྐྱོང་བར་འགྱུར་ཅེས་ལུང་བསྟན་པ་དང་། དཔའ་མཆོག་ཨ་ཐོའི་བརྡ་ཡིག་ལྟར། སྐུ་ཚ་བློ་བཟང་ཆོས་ཀྱི་ཉི་མའམ་དབོན་པོ་ཅིག་ཤོས་དགོན་འདི་ཀའི་ཐུགས་བརྟག་གི་ཆེད་དབུས་གཙང་གཉིས་སུ་མངགས་ནས་ཐུགས་བརྟག་ཞུས་པའི་སྐབས་སུ། གླང་ཐང་བའི་གདུང་མདུན་ནས་ཆུ་བརྟག་དང་། བཀྲ་ཤིས་ལྷུན་པོ་དང་དགའ་ལྡན་བྱང་རྩེ་གཉིས་སུ་དཔལ་ལྡན་ལྷ་མོའི་མདུན་ནས་མཚན་རྟགས་སོགས་དབུས་གཙང་གཉིས་ནས་ཞུས་པའི་ཐུགས་བརྟག་ཆེ་ཕྲ་རྣམས་ཕྱིར་ཐོན་ཚེ་ཁོང་ལ་ཕུལ་ནས། དེ་ཐམས་ཅད་ཉིད་ཀྱི་ཐུགས་དང་མཐུན་པར་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་ལྷ་ཁང་འདི་ཉིད་ལོ་གཉིས་ཀྱི་རིང་ལ་གསེར་མཚོན་དང་། རྒྱལ་བ་བྱམས་མགོན་སོགས་སྐུ་རྟེན་རྣམས་དང་བཀའ་འགྱུར་སོགས་གསུང་རྟེན་གྱི་སྐོར། མཁོ་བའི་ལྷ་ཆ་མཆོད་ཆས་ཅི་དགོས་དང་། བླ་གྲྭ་རྣམས་ཀྱི་ཁྲི་གདན་ཚུན་ཆད་ལེགས་གྲུབ་ཏུ་མཛད་ནས་དགའ་སྟོན་བྱས་སོ།། དེ་ནས་དགོན་འདིའི་བླ་གྲྭ་རྣམས་ཀྱིས་གཙོས་ཡུལ་ཕྱོགས་གང་གི་གདུལ་བྱ་རྣམས་ལ་གང་འཚམ་པའི་དབང་ལུང་ཁྲིད་གསུམ་སོགས་ཀྱིས་ཚིམ་པར་མཛད། དགོན་འདི་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ཏེ་གྲྭ་ཚང་རྒྱས་པ་དང་བླ་སྤྲུལ་མང་པོའི་ཞབས་འདེབས་ཕུལ་བ་དང་། ཆེར་རྒྱས་པ་ན་ལྷ་ལྡན་སྨོན་ལམ་ཆེན་མོའི་ཞལ་བཞེས་ལེགས་པར་བཙུགས་ཏེ་གོས་སྐུ་ཆེན་མོ་དང་། བྱམས་སྐོར་སོགས་རོང་བོ་དགོན་ཆེན་གྱི་ཕྱག་ལེན་ལྟར་ཚགས་སུ་ཆུད་པར་མཛད། ཡོས་ལོར་སྨོན་ལམ་གསར་དུ་བཙུགས་པ་དང་། རྗེས་ནས་འཆམ་གྱི་ཁ་སྐོང་བ་དང་། ཁོང་གི་ཐུགས་སྨོན་ལྟར་ཕྱིན་ཆད་ཀྱི་ལས་ཁུར་ཐམས་ཅད་དབོན་པོ་ཅིག་ཤོས་བློ་བཟང་ཆོས་ཀྱི་ཉི་མར་གཏད་པས་དབོན་པོ་ཉིད་ནས་དགོན་འདིའི་ཆོས་སྲིད་གཉིས་ཀྱི་མཛད་པ་མཐའ་དག་ཕྲག་ཏུ་བཞེས།

བདེ་ཆེན་བློ་བཟང་ཆོས་འཕེལ་རྒྱ་མཚོའི་སྐུ་དབོན་བདེ་ཆེན་དགེ་གཞིས་བློ་བཟང་ཆོས་ཀྱི་ཉི་མ་ཁོང་ནི་བོད་རབ་བྱུང་བཅོ་ལྔ་བའི་ཤིང་སྤྲུལ་ཏེ་སྤྱི་ལོ1884ལོར་ཧོར་བདེ་ཆེན་དུ་བློ་བཟང་ཆོས་འཕེལ་རྒྱ་མཚོའི་སྐུ་ཚར་ཡབ་དམག་བན་དང་ཡུམ་ཨ་ཇོའུ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡུམ་ཨ་ཇོའུ་ནི་བློ་བཟང་ཆོས་འཕེལ་རྒྱ་མཚོའི་སྐུ་སྲིང་ཡིན་ལ། ཁོང་སྐུ་མ་འཁྲུངས་པའི་སྔོན་ལ་ཡུམ་གྱི་མཚན་ལམ་དུ། བུད་མེད་གཟུགས་བྱད་མཛེས་པ་ཞིག་གིས་ལག་ཏུ་དར་དཀར་པོ་ཞིག་ཐོགས་ནས་ཁོ་མོའི་ལུས་ཀྱི་དཀྱིལ་འཁོར་ཁ་ཕྱེས་ཏེ་མངལ་ལས་ཟངས་ཀྱི་རལ་གྲི་འོད་འཕྲོ་བ་ཞིག་བཏོན་ནས་རིན་ཆེན་ཤེལ་དཀར་གྱི་མཆོད་རྟེན་ཞིག་དང་མཉམ་དུ་བཞག་པ་རྨིས། ཕྱི་ཉིན་ཡུམ་ལ་ན་ཟུག་གི་རེག་པ་ཕྲན་བུ་ཙམ་ཡང་མེད་པར་སྐུ་འཁྲུངས། ཆུང་བའི་དུས་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ལྷན་སྐྱེས་སུ་མངའ་ཞིང་། གཞན་གྱི་སྲོག་གཅོད་པ་མཐོང་ཚེ་མིག་གིས་བལྟ་མི་ཕོད་པར་སྤྱན་ཆབ་བསིལ་བ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པས་རྒྱུད་མ་བཏང་བ་ཞིག་གོ།། དེ་ནས་དགུང་ལོ་བདུན་གྱི་སྟེང་བདེ་ཆེན་བཀྲ་ཤིས་ཆོས་གླིང་གི་ཆོས་གྲྭར་ཞུགས་ཏེ། ཁུ་བོ་སྨན་པ་ཡེ་ཤེས་ལས་ཡི་གེ་འབྲི་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། ཉིན་རེར་དཔེ་ཆ་ཁྲུ་གང་མ་ཤོག་གྲངས་གསུམ་རེ་བློར་སྐྱོར་ཐུབ། དགུང་ལོ་བཅོ་ལྔའི་སྟེང་འཇམ་དབྱངས་རིགས་ལྔའི་བསྙེན་པར་ལོ་གསུམ་ལ་བཞུགས་པས་རིག་པའི་རྣམ་དཔྱོད་རང་བཞིན་དུ་བརྡོལ་བ་ལྟར་གྱུར། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་བློ་བཟང་ཆོས་འཕེལ་རྒྱ་མཚོ་ལས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རིམ་པར་བཞེངས། ཁུ་བོ་སྨན་པ་ཡེ་ཤེས་ལས་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག་ཚད་མ་སྐར་རྩིས་གསོ་རིག་སོགས་ལ་སྦྱང་བ་མཐིལ་ཕྱིན་པ་བགྱིས། བློ་བཟང་ཆོས་འཕེལ་རིན་པོ་ཆེ་ལས་ལམ་རིམ་ཆེན་མོའི་ཁྲིད་ལུང་དང་། སྤྱོད་འཇུག་བསླབ་བཏུས། རྒྱུན་འཇུག་སོགས་དང་། གསོ་རིག་རྒྱུད་བཞི་དང་། རྩིས་དཀར་ནག་སོགས་རིག་པའི་གནས་སྤྱི་དང་། བདེ་གསང་འཇིགས་གསུམ། མ་ཅིག་སྙན་བརྒྱུད་ཀྱི་གཅོད་དབང་། རྟ་མགྲིན། གདུགས་དཀར། སྒྲོལ་མ། སྨན་བླ་སོགས་ཀྱི་དབང་ཁྲིད་མང་དུ་བསྩལ། ཨ་རོལ་རྡོ་རྗེ་འཆང་ལས་དབང་ལུང་རྗེས་གནང་སོགས་དམ་པའི་ཆོས་ཀྱི་བགོ་སྐལ་ཅི་རིགས་ཐོབ། བླ་བྲང་དང་དྷཱི་ཚ། རྭ་རྒྱ་སོགས་སུ་ཕེབས་ནས་སློབ་གཉེར་གནང་། དགུང་ལོ་སུམ་ཅུའི་སྟེང་མ་ཅིག་སྙན་བརྒྱུད་གཅོད་གཞུང་ལྟར་ཆུ་མིག་བརྒྱ་རྩ་འགྲིམ་པར་མཛད། དེ་ནས་དགུང་ལོ་བཞི་བཅུའི་སྟེང་བླ་མའི་ལུང་བསྟན་བཞིན་ཁམས་སུ་ཕེབས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཀཿཐོག་པད་དཀར་ཚང་དང་མཇལ། གྲུབ་ཆེན་གྱིས་ཁོང་ཕེབས་པ་མཐོང་ནས་ཐུགས་དགྱེས་པ་གནང་སྟེ་ཁྱོད་ནི་ཁོ་བོའི་སྔོན་གྱི་ངོ་ཤེས་ཡག་པོ་ཡིན་ལ་གླིང་གི་དཔའ་བརྟུལ་བཟང་བོ་ཞིག་ཡིན་པ་ཤེས་ཞེས་གསུངས་ཏེ་ཞིབ་རྒྱས་ཀྱི་གསུང་གླེང་མང་དུ་མཛད། གྲུབ་ཆེན་པད་དཀར་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གེ་སར་གྱི་དབང་ལུང་རྗེས་གནང་ཆོ་ག་སོགས་མང་དུ་གསན། ཕྱིར་རང་དགོན་དུ་ཕེབས་ཏེ་གྲུབ་ཆེན་གྱི་ཐུགས་བཀོད་ལྟར་རྒྱ་བསེན་གནོད་སེལ་གྱི་གྲུབ་ཆེན་གྱི་སྐུ་འདྲ་ཕྱག་ཏུ་ཕུར་བུ་ཁྲུ་གང་བ་བསྣམས་པ་ཞིག་བཞེངས་ཏེ་སྐུ་རྒྱབ་ཏུ་བཞུགས་ཡོད། དེ་ནི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ་ཞིག་ཡིན་པ་ཀུན་གྱིས་གླེང་ངོ་།། དགུང་ལོ་ཞེ་དྲུག་སྟེང་ཡུམ་བཞེས། དེ་ནས་བཟུང་དུས་རྒྱུན་ཕེབས་བཞུགས་གནང་སྐབས་གང་དུའང་གེ་སར་དགྲ་ལྷའི་རྒྱལ་བོ་ལྷ་སྒྲུང་གི་བརྡ་དོན་ཐུགས་ལ་ཤར། རྒྱུན་འཆང་གི་སཾ་ཊ་ཉི་ཤུ་ལྷག་ལ་དུས་ངེས་མེད་དུ་ཇ་ཡུན་ཙམ་ལ་སུག་བྲིས་བགྱིས་ཏེ་གང་བར་བྱ་ལ། ཁོང་གི་གསུང་རྩོམ་གྱི་སྐོར་ལ་དབུ་མའི་ལྟ་ཁྲིད། གྲུབ་མཐའ་རྣམས་ཀྱི་འདོད་ཚུལ་ཕྱོགས་བསྡུས། རྣམ་འཇོམས་འགྲེལ་བ། རྣམ་རྒྱལ་མའི་གཟུངས་ཀྱི་འགྲེལ་བ། ཡི་གེ་བརྒྱ་ཡི་གཟུངས་འགྲེལ། སུམ་ཅུ་བའི་འགྲེལ་བ། ལོ་རྒན་དྲུག་ཅུའི་མགྱོགས་རྩིས། སྨན་གྱི་ལག་ལེན་ཉུང་བུ་ཕྱོགས་བསྡུས། སེང་གདོང་གཙོ་འཁོར་གསུམ་གྱི་ཆོ་ག མགོན་པོའི་བསྐང་བཤགས་བསྡུས་པ། མགོ་ལོག་ཁང་གསར་གྱི་རུས་མཛོད་དཔྱད་གཏམ། དགྲ་མི་བསེན་འཇོམས་པའི་མཚོན་ཆ། ཧོར་གླིང་གཡུལ་འགྱེད། འཇང་གླིང་གཡུལ་འགྱེད། ཤན་འདན་ནང་འཁྲུག རྟ་རྒྱུགས་རྒྱལ་འཇོག ཤན་པའི་འཁྲུངས་རབས་གེ་སར་གསོལ་མཆོད། ཤན་པའི་གསོལ་མཆོད། དཔལ་རྟུལ་སུམ་ཅུའི་གསོལ་མཆོད། གཏོར་བ་བཟློག་ལུས་མཐའ་དང་བཅས་གེ་སར་དམག་གི་རྒྱལ་བོའི་སྒྲུབ་ཆོག་སོགས་བརྩམས་ཆོས་གང་མང་ཡོད། ང་བརྒྱད་ཀྱི་དགོན་སྡེ་བཅོས་བསྒྱུར་སྐབས་ཐམས་ཅད་དུས་ཀྱི་འཕོ་འགྱུར་གྱིས་བརླགས། སྒྲུང་དཔེ་པོད་གཅིག་ཙམ་ད་དུང་བླ་བྲང་འཇམ་བཞད་ལྔ་བའི་དཔེ་མཛོད་ཁང་དུ་བཞུགས་པར་བཤད། ཨ་ཁུ་རིན་པོ་ཆེ་འདི་བ་ཚང་མངོན་མཁྱེན་གྱི་ཆ་ནས་ཧ་ལས་དགོས་པ་མང་ཞིང་། ལུང་བསྟན་པ་ཇི་བཞིན་ཁེལ་བས་ས་དེ་གའི་སྐྱ་སེར་ཚང་མས་དད་པའི་སྤུ་ལུང་གཡོ། མཚན་སྙན་གྱི་གྲགས་པ་ཕྱོགས་བཅུར་ཁྱབ། ཁོང་གི་མཚན་སྙན་དབུས་གཙང་གཉིས་པ་བླ་བྲང་ཕྱོགས་སུའང་གྲགས་ཆེ་བས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡུམ་ཚེ་ལས་འདས་སྐབས་གསོལ་འདེབས་སུ་ཞུས་པས། ཚེ་དཔག་མེད་དང་ཐུགས་རྗེ་ཆེན་པོ། སྒྲོལ་མ་བཅས་ཀྱི་གསེར་སྐུ་ལི་མ་སྤུས་ལེགས་དང་། གསུང་འབུམ་ཆ་ཚང་གཅིག དངུལ་དཀར་གྱི་མཆོད་རྟེན་གཅིག་བཅས་སྐུ་གསུང་ཐུགས་རྟེན་དང་། སྒར་གཞི་ཆ་ཚང་། རྟ་ཟོག་གོས་ཕྲུག་སོགས་དངོས་པོ་གྱ་ནོམ་པ་གྲངས་མང་ཕུལ་བ་སོགས་ཆེ་དགུས་གཙུག་ཏུ་བཀུར། ཁོང་གི་སྐུ་ཚེ་སྨད་ལ་སྒྲུབ་སྡེ་ཆོས་སྲིད་གཉིས་ཀྱིས་བསྐྱངས། ལྷོ་བྲག་སྐུ་ཕྲེང་བདུན་པ་སྐལ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ་མཆོག་གདན་སར་བཀོད། ལྷ་ལྡན་སྨོན་ལམ་ཆེན་མོ་དང་། གཉིས་པའི་གདུགས་དཀར་བཟློག་ཆེན། གསུམ་པའི་སྒྲུབ་མཆོད། བཞི་བའི་མཆོད་པ་དང་བསྙེན་གནས། དགའ་ལྡན་ལྔ་མཆོད་ཆེན་མོ། བོད་ལོའི་ཡཱ་མ་རཱ་ཛ་དང་སྐུ་རིམ་སོགས་ཆད་ལྷག་མེད་པར་ཡས་རྒྱས་སུ་བཏང་། དྷཱིཿཚའི་དགེ་བཤེས་གདན་དྲངས་ཏེ་མཚན་ཉིད་བཙུགས། རེབ་གོང་རི་ཁྲོད་པ་ཆོས་དབྱིངས་སོགས་ཕེབས་ཏེ་གཞི་གསུམ་གྱི་ཕྱག་ལེན་བཙུགས། ཡུལ་འདིའི་ཆེ་དགུ་ཡོངས་ཀྱིས་སྤྱི་བོར་བཀུར་ཏེ་མེ་ཕོ་སྤྲེལ་ལོའི་རྒྱལ་ཟླའི་དམར་ཕྱོགས་རྫོགས་པ་གཉིས་པར་གཟིགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།

སླད་ཆོས་སྡེ་འདིར་ལུགས་གཉིས་ཀྱིས་བཀའ་དྲིན་མཆོག་ཏུ་ཆེ་བའི་ཁྲི་རབས་དང་པོ་ཇ་སག་སྐུ་ཕྲེང་བཞི་བ་བློ་བཟང་བསྟན་པའི་རྒྱལ་མཚན། ཁྲི་རབས་གཉིས་པ་དགའ་རབ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཐུབ་བསྟན་བསྟན་པའི་ཉི་མ། ཁྲི་རབས་གསུམ་པ་ལྷ་རི་སྐྱེ་མིང་པ་ལྷ་ཐར་རྒྱལ་དང་། ཁྲི་རབས་བཞི་བ་ཨ་རིག་སྐུ་ཕྲེང་གཉིས་པ། ཁྲི་རབས་ལྔ་བ་དགེ་གཞིས་བློ་བཟང་ཆོས་ཀྱི་ཉི་མ་མཆོག་དང་། ཁྲི་རབས་དྲུག་པ་སྐུ་ནག་འཇམ་དབྱངས་བསྟན་པའི་དབང་ཕྱུག ཁྲི་རབས་བདུན་པ་མཐའ་བྲལ་ཐུབ་བསྟན་བཤད་སྒྲུབ་ཉི་མ་སོགས་ངུར་སྨྲིག་འཆང་བའི་ཚོགས་དང་། གྲུབ་པའི་དབང་ཕྱུག་བྲག་དཀར་སྔགས་རམས་པ། དྲུང་ཡིག་སྐུ་སྐྱེ་འཇམ་དབྱངས་དར་རྒྱས། རིག་འཛིན་དགའ་རབ་རྡོ་རྗེ། ཆུ་ཀྱཱ་བློ་བཟང་ཡེ་ཤེས་རྒྱ་མཚོ། དགོན་ལུང་བློ་བཟང་ཆོས་ཀྱི་དབང་ཕྱུག་སོགས་ནི་རྒྱལ་བསྟན་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱིས་བླ་ནས་བླར་འདེགས་མཁན་ཤ་སྟག་གོ།།

2 སྐུ་གསུང་ཐུགས་རྟེན།

ཆོས་སྡེ་འདིའི་གཙུག་ལག་ཁང་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་གྱི་རིམ་པ། ཇོ་བོ་ཤཱཀྱ་མུ་ནེ། ཐུབ་དབང་མེ་ཐུབ་མ། རྡོ་ཡེ་ཤེས་ལས་གྲུབ་པའི་ནན་ཧེ་ཐུགས་རྗེ་ཆེན་པོ། གུ་རུ་སམ་བྷ་ཝའི་ཕྱག་མཚན་རྡོ་རྗེ་རྩེ་དགུ་བ་ཁྲུ་གང་ཅན། རི་དྭགས་བསེ་རུའི་རྭ། ཆོས་དུང་གཡས་འཁྱིལ། གོང་ས་པཎ་ཆེན་མཆོག་གི་རྟེན་འདུས་རིལ་བུ། ཨ་རིག་དགེ་བཤེས་ཆེན་མོའི་ཆོས་གོས་སྣམ་སྟན་སྐུ་ཤམ། ཤིང་བཟའ་རིམ་བྱོན་གྱི་ན་བཟའ་ཆ་ཚང་། འདུ་ཁང་ནང་དུ་རྗེ་བཙུན་བྱམས་ཆེན་སྲས་ཀྱི་ཐུ་བོ་གཉིས་དང་བཅས་པ། རྗེ་ཡབ་སྲས་གསུམ། མཁན་སློབ་ཆོས་གསུམ། དུས་འཁོར། རིག་ལྡན་སོགས་དང་། ཁོང་བདེ་ཆེན་དྲུག་པ་ཡབ་སྲས་གཉིས་ཀྱི་གདུང་རྟེན་བྱིན་རླབས་ཀྱི་དྲོད་རླབས་ཐོལ་ལེ་བ་བཅས་སྐུ་འདྲ་མང་པོ་བཞུགས། ལྟུང་བཤགས་ཀྱི་ལྷ་སོ་ལྔ། འཕགས་པའི་གནས་བརྟན་བཅུ་དྲུག བདེ་གསང་འཇིགས་གསུམ། ཐུགས་རྗེ་ཆེན་པོའི་ཞིང་བཀོད། གདུགས་དཀར་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས། སྨན་བླ་བདེ་གཤེགས་བརྒྱད། མཛད་བཅུ། སྐྱེས་རབས་སོ་བཞི་བ། སངས་རྒྱསས་སྟོང་སྐུ། མགོན་ཆོས་བརྒྱད། སྲིད་པའི་འཁོར་ལོ། རྒྱལ་ཆེན་སྡེ་བཞི་སོགས་སྐུ་རྟེན་གྲངས་མེད་པ་དང་། རྒྱལ་བའི་བཀའ་འགྱུར་ཆེན་མོ། རྗེ་ཡབ་སྲས་ཀྱི་གསུང་འབུམ། འཇམ་དབྱངས་བཞད་པའི་གསུང་འབུམ། ཨ་རོལ་སྐྱེས་མིང་བའི་གསུང་ཐོར་བུ་སོགས་གསུང་རྩོམ་པོད་བརྒྱ་ཕྲག་དུ་མ་བཞུགས་ཡོད་ལ། ད་དུང་མ་ཎི་དུང་འཁོར་འགའ་དང་འཁོར་ཆུང་བཅུ་ཕྲག་དུ་མ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་འཕགས་ཅན་དུ་མ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ།།

དགོན་སྡེ་འདིའི་ཕྱིའི་བཀོད་པ་ལའང་། གཙུག་ལག་ཁང་དང་འདུ་ཁང་གཅིག ནང་ཆེན་བཅོ་ལྔ། གྲྭ་ཤག་ལྔ་བཅུ་ལྷག་དང་། གཞན་ཡང་མཆོད་གཞིས་ལྷ་སྡེ་དགོན་གོང་མ་དང་ཤ་བྲང་ཚོ་དྲུག་རོང་བོ་སྦྲ་དཀར་ནག་མགར་རྩེ་བོ་ཝུ། འབའ་རོང་སྡེ་སོགས་དང་གྲྭ་རྒྱུན་རྣམས་ཀྱང་མཆོད་གཞིས་ལྷ་སྡེ་ལས་ཐོན་པའི་གྲྭ་བ་བརྒྱ་ཕྲག་ཕྱེད་ཀྱིས་འཆད་ཉན་གྱི་བདུད་རྩི་ལ་རོལ་བཞིན་མཆིས་སོ།། དེ་ལྟར་མཉམ་མེད་ཙོང་ཁ་བ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་རི་བོ་དགེ་ལྡན་པའི་ཆོས་སྡེ་འདི་ཉིད་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཏེ་སྤྱི་ལོ1929ལོར་བཏབ་པ་ནས་རྒྱལ་སྲས་དུ་མས་བསྐྱངས་ཏེ་ཡར་ཟླ་ལྟར་འཕེལ་བཞིན་པ་ལ། རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྟེ་སྤྱི་ལོ1958ལོར་དུས་ཀྱི་འཕོ་འགྱུར་དང་བསྒྱུར་བཅོས་ཀྱིས་མགོ་སྟེང་སློག་སྟེ་ཐུབ་བསྟན་སྤྱི་དང་བྱེ་བྲག་ཆོས་སྡེ་འདིར་ཡང་ནང་གི་རྟེན་བཞེངས། འཆད་ཉན་བགྱིད་མཁན་དགེ་འདུན་པ་སོགས་གཏན་མེད་དུ་གྱུར། ཡིན་ནའང་ཁང་ཧྲུལ་གོག་པོ་འགའ་དང་འདུ་ཁང་ལྷག་འདུག་པ་མེ་རྟ་ལོའི་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་རླུང་འཚུབ་དྲག་པོས་གངས་ཅན་སྤྱིའི་དགོན་སྡེ་ལྷག་འཕྲོ་ཐམས་ཅད་ཁྱུར་མིད་བཏང་བས་དགོན་སྡེ་འདིའི་ཁང་ཧྲུལ་གོག་པོ་རྣམས་ཀྱང་མིང་གི་ལྷག་མར་བྱས་སོ།།

བསྟན་པ་ཡང་དར་གྱི་སྐབས་སུ། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ང་བདུན་པའི་ཆུ་མོ་ཕག་སྟེ་སྤྱི་ལོ1983ལོར་སྐྱབས་མཆོག་ལྷོ་བྲག་སྤྲུལ་བའི་སྐུ་རིན་པོ་ཆེ་ཁོང་མི་མངོན་པའི་ཚུལ་དུ་ཕེབས་ཏེ་དགོན་འདིའི་གྲྭ་རྒན་བློ་བསམ་སོགས་ལ་ཁྱེད་ཅག་གིས་གནས་འདིར་ཁང་བ་ཞིག་ཕུབ་སྟེ་བསྐང་གསོ་གང་མང་བྱ་རྒྱུ་དང་དེ་སྔོན་བསྟན་པ་དར་རྒྱས་ཀྱིས་ང་བརྒྱད་ལོར་སྦས་པའི་མཆོད་ཆས་རྣམས་བླངས་ཏེ་གཞི་འཛིན་དགོས་ཞེས་བཀའ་བསྩལ་བ་ལྟར་སྤྱི་ལོ1983ལོའི་ཟླ4པའི་ཚེས11ཉིན། ས་འོག་ཏུ་སྦས་པའི་མཆོད་ཆས། ཚོགས་དུང་ཆ། བསང་དུང་ཆ། དཔལ་ལྡན་ལྷ་མོའི་སྦུབ་ཆ་ཚངས་བའི་དབྱངས་ལྡན་སོགས་ཕྱིར་བཏོན་པ་དང་། གཞན་ཡང་ཁོ་བོས་སྐབས་དེར་སྦས་པའི་བདེ་ཆེན་དྲུག་པ་ཆེན་པོའི་གསོལ་ཐག གསོལ་ཁེམ་ཤོ་མོ་དབུ་མནབ་སོགས་ཕྱིར་དགོན་པར་ཕུལ་བ་ཆག་རུལ་ཅི་ཡང་མེད་པར་སྔར་བཞིན་དུ་གནས་ཡོད་པས་ཀུན་ལ་ཡ་མཚན་སྐྱེས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་ལ། རེབ་གོང་རོང་བོ་དགོན་ཆེན་གྱི་གསེར་ཁྲི་ཁྲི་རབས་དོན་གཉིས་པ་ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས་དཔལ་བཟང་བོས་ཉམས་མེད་ཤཱཀྱའི་རྒྱལ་བོའི་སྐུ་བྱིན་ལྡན་དང་། ལྷོ་བྲག་སྐུ་ཕྲེང་དྲུག་པའི་འདྲ་སྐུ་བྱིན་ཅན། དཔལ་ལྡན་ལྷ་མོའི་བསྙེན་ཐང་ནག་བྲིས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ཅན་མང་པོ་དང་དངོས་པོ་གྱ་ནོམ་འབོར་ཆེན་བསྣམས་ཏེ་ཕེབས་ནས་ཆོས་སྒོ་ཕྱེས་པའི་རྟེན་འབྲེལ་ཤིས་ཚིག་ཕུལ་བ་དང་ཆབས་ཅིག་རྫོང་ཨུའི་འཐབ་ཕྱོགས་གཅིག་སྒྲིལ་པུའུ་དང་ཆོས་ལུགས་ལས་དོན་ཅུའུ། སྲིད་གྲོས་མི་སྣ་རྣམས་ལྷགས་ཏེ་དགའ་སྟོན་གཟབ་རྒྱས་མཛད། སྤྱི་ལོ1985ལོར་སྐྱབས་རྗེ་ལྷོ་བྲག་མཆོག་སྤྲུལ་རིན་པོ་ཆེ་ཕེབས་ཏེ་དད་ལྡན་སེར་སྐྱ་ཡོངས་ལ་ཕྱག་དབང་གནང་ཞིང་དགོན་པའི་རྟེན་བཞེངས་འཛུགས་སྐྲུན་དང་ཆོས་སྤྱོད་ངག་འདོན། སྒྲིག་ཁྲིམས་བཅའ་ཡིག་སོགས་ཀྱི་ཕྱོགས་ལ་གསུང་འགངས་ཆེན་བསྩལ། ལོ་དེར་ཤ་བྲང་ཚོ་དྲུག་དང་ཁྱད་པར་དུ་སེ་བན་ཅང་གསུམ་གྱི་སྔགས་འཆང་འོད་ལེ་སོགས་སེར་སྐྱ་ཐུན་མོང་ནས་ནན་ཆེར་ཞུས་པའི་ངོ་མ་ཆོད་པར་ཡུལ་ལྷའི་རྒྱལ་བོ་གོ་ཆེན་གྱི་དཔལ་མཁར་གཞི་རྩིག་རྨང་བཏིངས་ཏེ། ཕོངས་སེལ་སྒྲོལ་མའི་གཏེར་སྒྲུབ་ཉིན་བདུན་ལ་གནང་། ས་བཅུད་བུམ་སྒྲུབ་དང་ས་བདག་སྙིང་གཏེར། ཀླུ་གཏེར་སོགས་ཕྱག་ལས་རྒྱ་ཆེན་གནང་། སྨན་པ་ཨ་ཁུ་བཟོད་པ་ལ་སྐྱབས་རྗེ་ཆེ་ཤོས་མཆོག་གིས་གནང་བའི་ཕྱག་དཔེ་རྒྱལ་བ་པཎ་ཆེན་གོང་མ་རིམ་བྱོན་གྱི་རབ་གནས་ལྡན་པའི་གསེར་འོད་དུམ་ཚར་བྱིན་ཅན་དང་བསྟན་པ་དར་རྒྱས་ཀྱིས་སྦས་པའི་ཁོང་རྡོ་རྗེ་འཆང་བློ་བཟང་ཆོས་འཕེལ་རྒྱ་མཚོའི་གསོལ་ཐག་དང་། ད་དུང་ཆོས་སྣ་དུ་མ། དུང་དཀར་ཆ་འགྲིག ཌ་དྲིལ་བུམ་ཆུང་། སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་འདོན་ཡོན་རྣམ་ལྔ་སོགས་ལྷ་ཆ་མཆོད་ཆས་ཅི་རིགས་གཏེར་ལ་སྦས་ཏེ་དཔལ་མཁར་ཚད་ལྡན་བསླངས། ལབ་སྟོད་དུའང་ཤ་བྲང་ཚོ་དྲུག དགོན་གོང་མ་སོགས་ཀྱི་སྐྱ་མི་ལྔ་སྟོང་ཙམ་འབྱོར། ཁོང་ནས་ཀུན་ལ་བཀའ་གསུང་གལ་ཆེན་བསྩལ་ཅིང་། ལྷ་བསང་དང་ཡུལ་ཁྲུས། རབ་གནས་ཀྱི་ཆོ་ག་ལེགས་པར་གནང་སྟེ་རྒྱལ་བསྟན་དར་རྒྱས་དང་ཡུལ་ཁམས་བདེ་སྐྱིད་ཡོང་བའི་ཐུགས་སྨོན་རྒྱ་ཆེར་གནང་། སྐབས་དེར་ནམ་མཁའ་ནས་སྦྲང་ཆར་བབས་ཤིང་འཇའ་འོད་ཀྱི་གུར་ཕུབ་པ་སོགས་བཀྲ་ཤིས་རྟགས་མཚན་མང་དུ་བྱུང་། ཡུལ་འདིའི་བླ་དཔོན་དྲག་ཞན་དང་། སེར་སྐྱ་དམངས་གསུམ་གྱི་གདོང་ལ་དཔྱིད་དཔལ་རྒྱས་ཤིང་སྐྱབས་རྗེ་འདི་ཉིད་ཀྱི་སྙན་པའི་བ་དན་ཀུན་གྱིས་ཕྱར། སྤྱི་ལོ2000ལོར་རྩེ་ཁོག་རྫོང་དང་འབའ་རྫོང་གཉིས་བར་གྱི་རྩྭ་སའི་རྩོད་གླེང་འདུམ་སྒྲིག་བྱས་ཏེ་ཕྱོགས་གཉིས་ཀྱི་བདེ་འཇགས་དང་མཐུན་སྒྲིལ་ལ་ཕན་ནུས་ངེས་ཅན་ཐོན། མེ་ཁྱི་སྟེ་སྤྱི་ལོ2006ལོའི་ཟླ5པའི་ཚེས26ཉིན་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན།

བདེ་ཆེན་སྐུ་དབོན་དགེ་གཞིས་བློ་བཟང་ཆོས་ཀྱི་ཉི་མའི་ཡང་སྤྲུལ་དགེ་གཞིས་བློ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་ནི། འབའ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་བྲག་དམར་སྡེ་བར་ཡབ་རྟ་མགྲིན་དང་ཡུམ་རྒྱ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་ཁྱི་སྟེ་སྤྱི་ལོ1970ལོའི་ཟླ9པའི་ཚེས18ཉིན་སྐུ་འཁྲུངས། དགུང་ལོ་བཅུའི་སྟེང་རྐ་ཆུང་སློབ་གྲྭར་སོང་། དགུང་ལོ་བཅོ་ལྔའི་སྟེང་རབ་ཏུ་བྱུང་སྟེ་བདེ་ཆེན་དགོན་བཤད་སྒྲུབ་དར་རྒྱས་ཕུན་ཚོགས་གླིང་གི་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་སྟེང་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེ་ཨ་ཁུ་ཚང་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། རབ་ཏུ་བྱུང་བའི་བསླབ་ཁྲིམས་ཚུལ་བཞིན་བསྲུང་བ་གཞིར་བྱས་ཆོས་སྤྱོད་འདོན་རྟ་དབྱངས་གསུམ་ནས་བརྩམས་ཏེ་རྒྱལ་བའི་བསྟན་པ་ལ་འཇུག་པའི་དབུ་ཚུགས། དགུང་ལོ་བཅོ་བརྒྱད་སྟེང་རྗེ་མཉམ་མེད་ཙོང་ཁ་པ་ཆེན་པོའི་གདན་ས་ཆོས་སྡེ་ཆེན་པོ་དགའ་ལྡན་གཉིས་པ་སྐུ་འབུམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བརྩོན་འགྲུས་རྒྱ་མཚོ་དང་། རྗེ་བཙུན་དཔལ་ལྡན་བློ་གྲོས། གཞན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདོ་སྔགས་གཞུང་ལུགས་སྨྲ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་རྒྱ་མཚོ་དང་། མཁས་དབང་གྲགས་པ་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་བཅུ་ཕྲག་ལྷག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གནས་སྤྱི་ལ་ཐོས་བསམ་རྣལ་མ་བྱས། གཞན་ཡང་དབྱར་གནས་པའི་ཉིན་ཞེ་ལྔའི་རིང་ལ་མངོན་རྟོགས་རྒྱན་དབུ་མ་འཇུག་པ་སོགས་གཞུང་ཆེན་རྩ་འགྲེལ་མང་པོ་ཚོགས་དབུས་སུ་བློ་རྒྱུགས་སྤྲད། དགུང་ལོ་ཉེར་གསུམ་སྟེང་དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་རྒྱ་མཚོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་མ་ཟད་ཁོང་གི་རྗེ་གསུང་འབུམ་སོགས་ཀྱི་ཁྲིད་ལུང་གང་མང་བསྩལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་བདེ་ཐང་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་མཆོག་གི་མདུན་ནས་མི་ཏྲ་བརྒྱ་རྩ་སོགས་དབང་ལུང་རྒྱས་གནང་གི་གདམས་པ་མང་དུ་གསན། དགུང་ལོ་སོ་གཉིས་སྟེ2001ལོའི་ཧོར་ཟླ1པའི་ཚེས15ཉིན་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་དང་། བདེ་ཆེན་ལྷོ་བྲག་སྐལ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ་རྣམ་གཉིས་གཙོ་བྱས་བདེ་ཆེན་སྐུ་དབོན་དགེ་གཞིས་བློ་བཟང་ཆོས་ཀྱི་ཉི་མའི་ཡང་སྤྲུལ་དུ་ངོས་འཛིན་བྱས། 2002ལོའི་ཧོར་ཟླ3པའི་ཚེ11ཉིན་ཆོས་ལུགས་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་ལྟར་ཁྲི་སར་འཁོད་དེ་འབའ་རྫོང་གི་སྲིད་གྲོས་ཨུ་ཡོན་དུ་ཞུགས། 2002ལོའི་ཟླ9པའི་ཚེས8ཉིན་མཚོ་སྔོན་ནང་བསྟན་སློབ་གླིང་དུ་ཞུགས་ཏེ2004ལོའི་ཟླ9བར་མཐོ་རིམ་ཆེད་སྦྱོང་སློབ་མཐར་ཕྱིན། 2006ལོའི་ཧོར་ཟླ9པའི་ཚེས22ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་དང་བདེ་ཆེན་བཙན་པོ་མ་བློ་བཟང་ལུང་རིགས་རྒྱ་མཚོ། མཐའ་བྲལ་ཐུབ་བསྟན་བཤད་སྒྲུབ་ཉི་མ་སོགས་གཙོ་བྱས་པའི་དགོན་པ་གོང་འོག་གཉིས་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་བླ་གྲྭ་ཡོངས། གཞན་ལྷ་སྡེའི་མི་སྣ་སོགས་གྲོས་མཐུན་བྱུང་བ་བརྒྱུད་ནས་རྫོང་ཆོས་ལུགས་ཅུའུ་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པས་དགོན་པ་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་ཡོད་ཚད་ཁོང་ཉིད་གཅིག་པུ་ལ་གཏད་དེ་དགོན་པའི་ཀྲུའུ་རིན་གྱི་འགན་བཞེས། 2007ལོའི་ཟླ7པའི་ཚེས19ཉིན་འབའ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དུ་བདམས།

ཆོས་སྡེ་འདིར་ད་ལྟ་བཞུགས་པའི་རྟེན་བརྟེན་པ་བཅས་པའི་དཀར་ཆགས་ཉུང་བསྡུས་ལ། རབ་བྱུང་བཅུ་བདུན་པའི་བགྲང་བྱ་གཉིས་པ་ས་ཕོ་འབྲུག་སྟེ་སྤྱི་ལོ1988ལོར་བདེ་ཆེན་དགོན་པའི་ཁྲི་ལས་ཐོགས་པ་མཐའ་བྲལ་སྤྲུལ་བའི་སྐུ་ཐུབ་བསྟན་བཤད་སྒྲུབ་ཉི་མ་མཆོག་གིས་ཐུགས་ཁུར་གང་མང་གནང་སྟེ་གཙུག་ལག་ཁང་ཆུང་བ་གྱན་ལྔ་ཅན་རྟེན་བརྟེན་པ་དང་བཅས་རྟེན་གྱི་གཙོ་བོ་རྗེ་བཙུན་བྱམས་མགོན་སོགས་ཕྱི་ནང་གི་བཀོད་པ་ལོ་གསུམ་གྱི་རིང་ལ་ཚགས་སུ་ཆུད། བྱམས་ཆེན་གཟུངས་འཇུག་ཏུ་རྒྱལ་བའི་བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཚར་གཅིག རིག་གསུམ་མགོན་པོ། རྗེ་ཡབ་སྲས་གསུམ། མཁན་སློབ་ཆོས་གསུམ། ཚེ་ལྷ་རྣམ་གསུམ་སོགས་ཤོག་འབུམ་བཅུ་ཕྲག་ལྷག་དང་། རྗེ་སྐུ་འབུམ་གྱི་གཟུངས་འཇུག་རིང་བོ་དང་། འཕགས་ཡུལ་གྱི་གཟུངས་འཇུག་བསྐྱར་དཔར། སེ་ར་འབྲས་སྤུངས། དགའ་ལྡན་སོགས་གདན་ས་གསུམ་གྱི་གཟུངས་འཇུག་ལ་འཁོར་ཆེན་བཞུགས་ཡོད། རྟེན་ལ་པཎ་ཆེན་བཅུ་བ་མཆོག་གི་ཕྱག་ཚྭ་འཇིགས་བྱེད་དང་ཐུབ་དབང་སོགས་དང་། གཞན་ཆེ་ཤོས་སྐུ་ཕྲེང་ཐོག་མའི་ཕྱག་ཚྭ་སོགས་བཞུགས་ཡོད། འདུ་ཁང་གྱན་ཉེར་བདུན་དང་ཐོག་ཁང་གྱན་དགུ་ལས་གྲུབ་པ་ཞིག་བཞེངས་ཏེ་ཆུ་སྤྲེལ་ལོར་ཡོངས་སུ་གྲུབ། དེའི་ནང་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་ནི། སྨན་འདམ་ལས་གྲུབ་པའི་ལྷོ་བྲག་སྐུ་ཐོག་མའི་འདྲ་སྐུ་ཁྲི་དྲུག་འགྱོག་ཅན་དང་། དགེ་གཞིས་བློ་བཟང་ཆོས་ཀྱི་ཉི་མ་ཚང་གི་འདྲ་སྐུ་མི་འཁྲུགས་པ་ཁྲི་དྲུག་ལྡན། དུས་འཁོར། རིགས་ལྡན་དྲག་པོའི་འཁོར་ལོ་ཅན། རྗེ་ཡབ་སྲས་གསུམ། དུས་གསུམ་སངས་རྒྱས། མཁན་སློབ་ཆོས་གསུམ། ཚེ་ལྷ་རྣམ་གསུམ། གསེར་ཟངས་ལས་གྲུབ་པའི་གསོ་སྦྱོང་སྟོན་པ། སྤྱི་ལོ2006ལོར་བད་ཁོའི་སྟག་ལྷ་འབུམ་དང་སྟག་རྩེ་རྒྱལ་གཉིས་གཙོས་དད་ལྡན་སྦྱིན་བདག་རྣམས་ཀྱིས་གསེར་དངུལ་སོགས་རིན་པ་ཆེ་སྣ་མང་ལས་གྲུབ་པའི་ཁོང་རྡོ་རྗེ་འཆང་གི་མཆོད་གདུང་རིན་ཆེན་ལྷུན་པོ་ཞེས་པ་དད་ལྡན་སྐྱེ་འགྲོ་ཀུན་གྱི་བསོད་ནམས་ཀྱི་རྟེན་དུ་བཞེངས་ཏེ་ཡོངས་སུ་གྲུབ། ཁོང་རིན་པོ་ཆེའི་ཞལ་གསུངས་ལྟར་ཀན་སུའུ་ཞིང་ཆེན་གྲོང་ཁྱེར་ལན་གྲུའི་དད་ལྡན་སྦྱིན་བདག་ཆེན་མོ་དགེ་བསྙེན་བདེ་ཆེན་ལྷ་མོའམ་ཙོང་ཅུན་ཧྥང་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན(ཏུང་ཧྲི་ཀྲང)གིས་མེ་ཁྱི་སྟེ་སྤྱི་ལོ2006ལོའི་ཟླ4པའི་ཚེས8ཉིན་གྱན་དགུ་ལས་གྲུབ་པའི་མགོན་ཁང་རྟེན་བརྟེན་པ་དང་བཅས་པ་ལས་མགོ་བརྩམས་ཏེ་ཡོངས་སུ་ལེགས་གྲུབ་བྱུང་། གཞན་འབའ་རྫོང་དུ་བཞེངས་ཡོད་པའི་གསེར་ཁང་མཆོད་སྡོང་རྡོ་རྗེ་ལྷུན་པོ་ནི་གོང་རིམ་ཆོས་ལུགས་འབྲེལ་ཡོད་ལས་ཁུངས་རྣམས་ཀྱི་ཆོག་མཆན་བཀོད་པ་ལྟར་དགོན་སྡེ་འདིའི་ཁོངས་གཏོགས་དགོན་ལྷག་ལྟ་བུར་གྱུར་ནས་ད་ལྟ་བདེ་ཆེན་དགོན་པས་ཐད་ཀར་བདག་གཉེར་དོ་དམ་བྱེད་བཞིན་ཡོད།

ལོ་འདི་གའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོས་ཐུགས་ཁུར་འོག་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་རྣམས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་བླ་གྲྭ་ཡོངས་ཀྱིས་འབད་བརྩོན་བྱས་ཏེ་དགོན་པའི་ལྷ་རྟེན་ཆོས་གསུམ་ཞིག་གསོ་དང་གསར་བཞེངས་བྱས་ལ། གཞན་ཆུ་དང་གློག་འཐེན་ནས་ཡོངས་སུ་ལེགས་གྲུབ་བྱུང་ཟིན། གཞུང་ལམ་འཛུགས་སྐྲུན་ཀྱང་ལས་བཞིན་པའི་སྒང་ཡིན་པས་མི་འགྱངས་པར་ལེགས་འགྲུབ་འབྱུང་ངེས། དེ་ལྟར་དགོན་སྡེ་འདིའི་བླ་གྲྭ་ཡོངས་ཀྱིས་སྒྲིག་ལམ་བརྩི་སྲུང་དང་ཆོས་སྤྱོད་སློབ་སྦྱོང་སོགས་ཀྱི་ཕྱོགས་ལ་ཧུར་བརྩོན་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས། ཆོས་ལུགས་འཕེལ་རྒྱས་བཅས་ཀྱི་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་ལྷུན་ལེན་བྱེད་ཀྱིན་མཆིས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-09

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།