P.T.1287(3)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

P.T.1287(3)
ཏུན་ཧོང་ཤོག་དྲིལ་ཨངP.T.1287ནང་དུ་བོད་ཀྱི་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་། རྒྱའི་བློན་པོ་ཧྲང་ཧྲུའུ་ཝང་ཞའོ་ཅེ་ཞེས་པ་གཉིས་ཀྱིས་ཁ་ཤགས་རྩོད་པ་བརྒྱབ་པའི་ཚིག་རྣམས་རེ་རེ་བཞིན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
ལོ་ཚིགས།
སྤྱི་ལོའི་དུས་རབས་བདུན་པ།
དུས་སྐབས།
སྲོང་བཙན་སྒམ་པོའི་སྐབས།
མིང་།
P.T.1287(3)
1 མ་ཡིག   

༇ བོད་ཀྱི་བློན་པོ། མགར་ཁྲི་འབྲྀང་བཙན་བྲོད་དང་།  །  རྒྱ་འྀ་བློན་པོ་འྭོང་ཀེར་ཞང་ཤེ་གཉིས། ཁ་དོར1གྱིས་བརྒྱའ(བརྒལ)བ་འྀ་ཚིག ། རྒྱ་འྀ་དམག་བྱྀན་ཆེད་པོ། །  དམག་པོན་འྭོང་ཀེར་ཞང་ཤེས་བདའསྟེ2། ། དཔུང་གིས་པུལ་ནས།  མཚོ་སྔོན་པོ་པྱོགས་ཀྱྀ་དམག་པོན།  ། མགར་ཁྲི་འབྲྀང་བཙན་བྲོད་འཚལ་བ་ལ།  འྭོང་ཀེར་ཞང་ཤེས་སྤྲིང་བཱ། །  ཁྲེ་རྐྱལ་གང་དང་།  ཡུངས་འབྲུ་རྐྱལ་གང་བསྐུར་ཏེ། །  བོད་ཀྱི་དམག །  སྟག་འཕྲང་གཡག་འཕྲང་དུ་བགྲངས་པ3འི་གྲངས་ཀྱང་ང་ལ་ཡོད་དོ། །  གླད་པ་ལ་ཚད་བླངས་སྟེ། །  ཞྭར(རུ)དྲུབས4། རྐང་པ་ལ་ཚད་བླང་སྟེ་ལྷམ་དུ་དྲུབས། །  བོད་ཀྱི་དམག་ཐུབ་པ་ཙམ་དུ་བརླབས5(བརླེབས)ནས། ། ང་འྀ་དམག་འདི་སྙེད་ཆིག་ཡོད་དོ། །  མགྲྀམ་པྲ་མོར6ཤོང་ན། །  ལྟོ་ཆེད་པོར་ཞུགས་ཀྲང་། །  གྀས་གནམ་པྱགས་ཆེད་པོས་བཏབ་སྟེ། །  གཆིག་མྱྀ་དགྱེ་འོ། །  མགར་ཁྲྀ་འབྲིང་གྀས་ལན་བཏབ་པའ། །  མང་ཉུང་གྀ་ཁར་མྱི་དོར་རོ། །  བྱི་འུ་མང་མང་ཡང་ཁྲ་ཆིག་གྀ་ཉོད་པའ7། །  ཉེ་འུ་མང་མང་ཡང་སྲམ་ཆྀག་གི་ཉོད་པ།  ཤ་བ་རྭ་མང་སྟེ་འགྱེན8ཏམ།  གཡག་རུ་ཐུངེ་སྟེ།  འགྱེན་པ་བལྟ་འོ། །  ཐང་ཤྀང་ལོ་བརྒྱར་སྐྱེས་པ་ཡང་།  སྟ་རེ་གཆིག་གྀ་དགྲ9འོ། །  ཆུ་གཞའ་གསང10དུ་སོང་བ་ཡང་། །  གྲུ་མདོམ་གང11གིས་སྐ་ཆིག12ཆོད་དོ། །  ནས་འབྲས་ཐང་གང་སྐྱེས་པ་ཡང་།  རང་ཏག13གཆྀག་གི་ནང་དུ་ཆྀབ་བོ14། །  སྐར་མ་གནམ་གང་ཡོད་པ་ཡང་ཉི་མ་གཆྀག་གི་འོད་ལ་མྱེད་དོ། །  ལུང་པ་གཆྀག་གི་མདའ་ནས་མྱེ་ཕར་ཆྀག་མཆེད་ན། རྀ་ལུང་གཉྀས་ཀྱི་ཤྀང་རྩྀ15ཀུན་ཚིག་པ་ཡང་ཡོད།  ཆུ་མྱིག་གཆྀག་གི་དངོའ16ནས།  དབའ་རྒལ17ཞྀག་བྱུང་ནའ། རི་ཐང་གྀ་ཤིང་རྩྀ་ཀུན་ཁྱེར་བ་ཡང་སྲྀད་དོ། །  བོང་པ18ཐང་གང་གྀ་ནང་དུ། །  རྡོ་བ་གཆིག་འདྲྀལ་དུ་བཅུག་ན།  རྡོ་ཆག་གམ།  བོང་པ་ཆག་པ་ལྟ་འོ། ཐང་ཆེད་པོ་གཆིག་ལ།  རྩྭ་ཁུར་གཆྀག་དང་།  སྨྲག(སྨྱུག)ཤད་ཀྱི་ལྕག་གཆིག་བཆྀང་སྟེ་བཞག་ན།  རྩྭ་སྔར་འདྲུལ19ལམ།  ལྕག་སྔུན་དུ་འདྲུལ་བ་བལྟ་འོ། །  ཆུ་ཟངས་གང་གྀ་ནང་ན།  ལན་ཙ་ཁྱོར་གང་བཏབ་ན།  ཆུ་བྲོ་འམ།  ལན་ཙ་བྲོ་བ་བལྟ་འོ། །  འབྲུག་དང་ཀློག་བརྟེ་བུ20ལྕེ་གྲངས་ཉུང་མོད་ཀྱོང་། །  གནམ་མཐའ་བཞིར་གྲགས་ལ་བརྩན་ཞིང་ཆེ་འོ། །  ཁྱོད་ཀྱི་དམག་ནིའ། མཚོ་ག་འྀ་སྦྲང་བུ་དང་འདྲའ་སྟེ། མང་ཞྀང་འཁོལ་ལ་མྱྀ་ཕན་ནོ། །  རི་ཀ་འྀ་ན་བུན21དང་མཚུང་སྟེ།  མྱི་ལ་མྱྀ་ལྕི་འོ།  ང་འྀ་དམག་ནི་རྩྭ་མང་པོ་ལ་ཟོར་བ་གཆྀག་གིས་གཆོད་པ22དང་མཚུང་སྟེ་ཆོད་ཀྲང་། །  གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕང་སྣ་སོད་ཀྲང་།  འྭོང་ཀེར་ཞང་ཤེས་ལན་བཏབ་པའ།  ། སྒོ་ང་ཆུ་ངུ་། ། རྀ་ཆེད་པོ་འི་ལྗིད་ཀྱྀས་མནན་ན་ཆོགས་ཀྲང་།  མྱེ་འབའར་བ།  མཚོ་ཆེད་པོ་འི་རླབས་ཀྱིས་བསད་ན་སོད་ཀྲང་།  མགར་ཁྲྀ་འབྲིང་གིས་ལན་བཏབ་པའ།  རྀ་ཆེད་པོ་འི་སྟེང་ན་བྲག །  བྲག་གྀ་ཁ་ན་ཤྀང་།  ཤྀང་གྀ་ཁ་ན་ཚང་།  ཚང་གི་ཁ་ན་སྒོ་ང་སྟེ།  རྀ་མ་རྙིལ23བར་བྲག་མྱྀ་འདྲལ།  བྲག་མ་རལ་བར་ཤྀང་མྱི་འཆག །  ཤྀང་མ་ཆག་དང་ཚང་མྱི་ཞིག   ཚང་མྱི་ཞིག་པར་སྒོ་ང་མྱྀ་ཆག་སྟེ། ། རྀས་སྒོ་ང་གཆག24དུ་དེ་ལྟར་མྱི་ཆོགས་སོ། །  མྱེ་རྀ་ཀ་ན་འབའར་བ།  ཆུ་ལུང་པ་ན་འབབ་པས།  གསད་དུ་མྱྀ་སླེབསྟེ། ། བོད་ཀྱི་སྤུ་རྒྱལ་ནི་ཉི་མ་དང་འདྲའ།  །  རྒྱ་རྗེ་ནི་ཟླ་བ་དང་འདྲ་སྟེ། །  རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱོང25། ། གནམ་མཐའ་འོག་དུ་འོད་ཐ་དད་དོ། །  ཆེ་ཆུང་གྀ་ཁར་ཡོང་མྱི་དོར་རོ། །  མཚོ་ཆེད་པོ་འི་ནང་ན་ཆུ་སྲྀན་རྒྱལ་བ26འདུག་ན།  གནམ་ལས་ཆེ(ལྕེ)ཕབ་སྟེ། །  ཆུ་སྲྀན་རྒྱལ་བ་ཆུ་འྀ་ནང་དུ་བསད་དོ། ། འབྲུག་དང་ཀློག་གཉྀས་ཀྱིས་ལྕེ་ཕབ་ན་བྲག་ལས་སྲ་བ་མྱེད་པ་ཡང་དྲལ་ལོ། ། བོད་ཀྱི་ལྷ་བཙན་པོ་དང་།  གནམ་གཉིས་ཀྱྀས་བདུད་བཆད་ན།  འབལ་ལྗྀ་རྨང་ལས་ཆེ་བ་མྱེད་པ་འྀ་བུ།  ། ས་དགུའ་རྀམ་འོག་དུ་སྭས(སྦས)པ་ཡང་བཟུང་དེ་བསད་དོ། །  དེ་ལྟ་སྟེ།  ཆེ་ཅུང་དང་མང་ཉུང་གྀ་ཁར་དེ་ལྟར་མྱྀ་དོར་རོ། ། དེ་ནས་རྒྱ་འྀ་དམག ། འྭོེང་ཀེར་ཞང་ཤེས་བཏའསྟེ་བྱུང་བ་ལས། ། བོད་ཀྱི་དམག་པོན།  བློན་ཁྲི་འབྲྀང་གིས།  དགྲ་ཐབས་དང་གཡག་ལྟར་བྱས་ནས།  གོ་བར་དུ་གཡུལ་སྤྲད་དེ། ། རྒྱ་མང་པོ་བཐུངས27ནས།  རྒྱ་འི་རོ་གཆིག་གནམ་དུ་འགྲེང28བ་ཡང(མྱི)འབུམ་བསད་པ་འྀ་མཚན་མ་ཞེས་བྱ་འོ། ། སྟག་ལ་རྒྱ་དུར་དང་རྨ་རྒྱ་དུས(དུར)ཀྱང་དེ་ནས་བཏགསོ། །  རྔ་རབ་ཕན་ཆད།  མྱང་དང་ང……དོར་པོ་ལ་སྩོགས་པ།  ། རྒྱལ་པོ་དང་བཆས་པ་འབངསུ་བཀུག་ནས།  སོ་བློན་སྡེ་ལྔ་ཡང་བཙུགས་སོ།  ……ང་ཀོག་ལ་སྩོགས་པའ།  སྟོད་པྱོགས་དང་ལྷོ་པྱོགས་ཀྱི་རྒྱལ་པྲན་མང་པོ་ཡང་འབངསུ་བསྡུས་སཱོ།

2 མ་ཡིག་གི་འབྲུ་འགྲེལ།

བོད་ཀྱི་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་།  རྒྱའི་བློན་པོ་ཧྲང་ཧྲུའུ་ཝང་ཞའོ་ཅེ་ཞེས་པ་གཉིས།  ཁ་ཤགས་རྩོད་པ་བརྒྱབ་པའི་ཚིག་གཤམ་དུ་གསལ།

དམག་དཔོན་ཧྲང་ཧྲུའུ་ཝང་ཞའོ་ཅེས་རྒྱ་དམག་མང་པོ་ཁྲིད་ནས་ས་མཚམས་ལས་བརྒལ་ཏེ་རུ་བསྒྲིགས།  མཚོ་སྔོན་པོ་ཕྱོགས་ཀྱི་དམག་དཔོན་མགར་ཁྲི་འབྲིང་བཙན་བྲོད་ཡོད་པ་ལ་ཡི་གེ་བཏང་ཞིང་།  ཁྲེ་རྐྱལ་གང་དང་ཡུངས་འབྲུ་རྐྱལ་གང་བསྐུར་ཏེ་ཁོས་བོད་དམག་སྟག་འཕྲང་གཡག་འཕྲང་དུ་དྲངས་པའི་ཁ་གྲངས་ཀྱང་ང་ལ་ཡོད།  མགོ་ལ་དཔགས་པའི་ཞྭ་མོ་དང་།  རྐང་པ་ལ་དཔགས་པའི་ལྷམ་བཟོ་བ་ལྟར།  ང་ཡང་བོད་དམག་ལ་རྒོལ་ལན་འཕྲོད་ཐུབ་ཙམ་ཞིག་འཁྲིད་ཡོད།  ངའི་དམག་དཔུང་ནི་སྟོབས་ཤུགས་འདི་འདྲ་ཞིག་ཡོད།  ཟས་མིད་པ་ཕྲ་མོར་ཤོར་ན་ལྟོ་བ་ཆེན་པོར་མི་ཤོང་པ་ག་ལ་སྲིད།  ཐོག་ཆེན་པོས་གཏོར་མི་ཐུབ་པའི་བྲག་ཆེན་ཞིག་ཡོང་མི་སྲིད་ཅེས་བཤད་པ་རེད།

མགར་ཁྲི་འབྲིང་གིས་ལན་བརྒྱབ་པ།  མང་ཉུང་ཁོ་ནར་བལྟས་ནས་ཁ་ཤགས་རྩོད་པ་རྒྱག་རྒྱུ་མེད། བྱིའུ་མང་ཡང་ཁྲ་ཡི་ཟས། ཉེའུ་མང་ཡང་སྲམ་གྱི་ཟས།  ཤྭ་བའི་རུ་ཐུར་མང་ཡང་འཛིང་མི་ཤེས།  གཡག་རུ་ཐུང་ཡང་རྒྱལ་ཁ་ལོན།  ལོ་བརྒྱར་སྐྱེས་པའི་ཐང་ཤིང་ཡང་།  སྟ་རེ་གཅིག་གིས་དུམ་བུར་གཅོད།  ཆུ་མོ་ཁ་ཞེང་ཆེ་ན་ཡང་།  གྲུ་ཆུང་གཅིག་གིས་ཕ་མཐར་བཅད།  ཐང་གང་སྐྱེས་པའི་ནས་འབྲས་ཀྱང་།  རང་འཐག་གཅིག་གིས་ཕྱེ་མར་བཟོ། ནམ་མཁའི་སྐར་ཚོགས་བཀྲ་ན་ཡང་།  ཁྲི་གདུགས་ཉི་མ་གཅིག་གིས་འཇོམས།  ལུང་པ་མདོ་ལ་མེ་མཆེད་ན།  རི་ལུང་གཉིས་ཀྱི་རྩི་ཤིང་བསྲེགས།  ཆུ་མིག་གཅིག་གི་དངོ་ནས་ཆུ་ལོག་ཅིག་བྱུང་ན་རི་ཐང་རྩི་ཤིང་ཡོད་དོ་འཁྱེར།  བོང་པ་ཐང་གང་ནང་དུ་གོར་རྡོ་ཆེན་པོ་གཅིག་རིལ་མོ་འདྲིལ་ན་བོང་པ་ཆག་གམ་གོར་རྡོ་ཆག  ཐང་ཆེན་གཅིག་ལ་རྩ་ཁུར་དང་།  སྨྱུག་ལྕག་ཕོག་པོ་བྱས་པ་གཉིས་སྔོན་དུ་རྩྭ་རུལ་སྨྱུག་མ་རུལ།  ཆུ་ཟངས་གང་གི་ནང་ན་ལན་ཚྭ་ཁྱོར་གང་བཏབ་ན་ཆུ་དེ་ཚྭ་ཁུར་མི་འགྱུར་རམ།  འབྲུག་ལྡིར་གློག་ལྕེ་གྲངས་ཉུང་མོད།  ནམ་མཁའི་མཐའ་བཞིར་འུར་འུར་སྒྲོག   ཁྱོད་དམག་ནི་མཚོ་ཁའི་སྦྲང་བུ་དང་འདྲ་བ།  མི་མང་ཡང་བཀོད་འདོམས་ལ་མི་ཉན་ན་རིའི་སྟེང་གི་སྨུག་པ་དང་འདྲ།  མི་ལ་ཡོད་མེད་ཁྱད་པར་མེད།  ངའི་དམག་ནི་རྩྭ་མང་པོ་བརྔ་ཐུབ་པའི་རྒྱ་ཟོར་དང་འདྲ་བ་ཞིག་མིན་ནམ།  གཡག་ཆེ་ཡང་མདའ་ཕྲ་མོས་གསོད་ཐུབ་པ་མིན་ནམ།  ཞེས་བཤད་པ་རེད།

ཝང་ཞའོ་ཅེ་ཧྲང་ཧྲུའུ་ཡིས་ལན་བརྒྱབ་པར།  སྒོ་ང་ཆུང་ཆུང་རི་ཡིས་མནན་ན་མི་ཆག་པ་ཡོང་སྲིད་དམ།  མེ་ཇེ་འདྲ་འབར་ཡང་མཚོ་ཆེན་པོའི་རླབས་ཀྱིས་གསོད་མི་ཐུབ་པ་ཡོང་སྲིད་དམ།

མགར་ཁྲི་འབྲིང་གིས་ལན་བརྒྱབ་པར།  རི་ཆེན་པོའི་སྟེང་ན་བྲག་བྲག་གི་ཁ་ན་ཤིང་།  ཤིང་གི་ཁ་ན་ཚང་།  ཚང་གི་ནང་ན་སྒོ་ང་རེད།  རི་མ་ཉིལ་བར་བྲག་མི་ལོག   བྲག་མ་ལོག་བར་ཤིང་མི་ཆག   ཤིང་མ་ཆག་བར་ཚང་མི་འཐོར།  ཚང་མ་འཐོར་བར་སྒོ་ང་མི་ཆག   གནས་ཚུལ་དེ་འདྲ་ཞིག་མ་བྱུང་ན་རི་འོག་སྒོ་ང་ཚུད་ཐབས་མེད།  མེ་ནི་རི་ཁར་འབར་བར།  ཆུ་མོ་ནི་ལུང་ཤུར་ནས་འབབ།  མེ་གསོད་པར་ལག་པས་སྙོབ་ཐབས་མེད།  བོད་ཀྱི་བཙན་པོ་ནི་ཉི་མ་དང་འདྲ།  རྒྱ་རྗེ་ནི་ཟླ་བ་དང་འདྲ།  གཉིས་ཀ་རྒྱལ་པོ་ཆེན་པོ་ཡིན་པ་འདྲ་ན་ཡང་།  ནམ་མཁའི་མཐའ་ལ་འོད་ཤུགས་མི་འདྲ།  ཆེ་ཆུང་ཁོ་ནར་བལྟས་ནས་ཁ་ཤགས་རྩོད་པ་རྒྱག་རྒྱུ་མེད།  རྒྱ་མཚོའི་ཆུ་སྲིན་རྐྱལ་མཁས་ཀྱང་།  གནམ་ནས་ཐོག་ཅིག་བརྒྱབ་པས་ན།  ཆུ་སྲིན་རྐྱལ་མཁས་དེ་མུར་བསད།  སྲ་བའི་བྲག་ཆེན་བརྟན་ན་ཡང་།  ཐོག་གློག་གཅིག་གིས་ཐལ་ཕུང་བཟོ།  བོད་ཀྱི་བཙན་པོ་དང་།  ནམ་མཁའི་ལྷ་ཡི་མཐུ་བསྡེབས་ན་བློན་ཆེན་འབལ་ལྗི་མང་གི་བུ་ལྟ་བུ་ཡང་བློ་ལོག་པ་དེ་ས་འོག་རིམ་དགུར་གབ་ན་ཡང་།  བཙན་པོའི་ཁྲིམས་ལས་ཐར་མི་སྲིད།  དེར་བརྟེན།  ཆེ་ཆུང་མང་ཉུང་ཁོ་ནར་བལྟ་རྒྱུ་མེད།  ཞེས་ཟེར་བས།  དེ་ནས་རྒྱའི་དམག་དཔོན་ཝང་ཞའོ་ཅེས་ས་མཚམས་བརྒལ་ནས་རུ་བསྒྲིགས་ཏེ་བྱུང་བ་ལ་བོད་ཀྱི་དམག་དཔོན་བློན་ཁྲི་འབྲིང་གི་དགྲ་ཐབས་བཤས་གཡག་གསོད་པ་ལྟར་བྱས་ནས།  གོ་བར་ཟེར་བའི་ས་ཆར་ཕན་ཚུན་གཡུལ་སྤྲད།  རྒྱ་མང་པོ་བརྡུངས།  རྒྱའི་རོ་གཅིག་མགོ་རྟིང་བསློག་ནས་བཞག   དེ་ལ་དམག་འབུམ་ཙམ་བསད་པའི་རྟགས་མཚན་ཡིན་ཟེར་སྲོལ་ཡོད་པ་རེད།  ས་ཆ་དེ་ལ་སྟག་ལ་རྒྱ་དུར་དང་།  རྨ་རྒྱ་དུར་ཟེར་བའི་མིང་ཡང་དེ་ནས་བྱུང་བར་གྲགས།

རྔ་རབ་ཕན་ཆད་མྱང་དང……ང་དོར་པོ་ལ་སོགས་པ།  རྒྱལ་པོ་དང་བཅས་པ་མངའ་ཁོངས་སུ་བསྡུས།  དེ་དུས་སོ་བློན་སྡེ་ལྔ་ཟེར་བ་བཙུགས།  ……ང་ཀོག་ལ་སོགས་པ་སྟོད་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་མང་པོ་ཡང་མངའ་ཁོངས་སུ་བསྡུས་པ་རེད།

3 མཆན་འགྲེལ།

①ཁ་དོར།  ཁ་ཤགས་རྩོད་པ།

②བདའསྟེ།  འདས་ཏེ། ས་མཚམས་ལས་བརྒལ་ཏེ།

③བགྲངས་པ(དྲངས་པ)། ཁྲིད་པ།

④དྲུབས།  བཙེམས།

⑤བརླབས(བརླེབས)།  སླེབས།

⑥མགྲྀམ་པྲ་མོ།  མགྲིན་ཕྲ་མོ།  མིད་པ་ཕྲ་མོ།

⑦ཉོད་པའ།  ཟས།

⑧འགྱེན།  འགྱེད།  འཐབ་པའམ་འཛིན་པ།

⑨དགྲ(འདྲ་བ)། གཅོད་པ།

⑩ཆུ་གཞའ་གསང་།  ཆུ་མཐའ་རྒྱ་ཆེ་བ།

11མདོམ་གང་།  འདོམ་གང་།

12སྐ་ཆིག(སྐད་ཅིག)། འཁྱུག་ཙམ།

13རང་ཏག   རང་འཐག

14ཆྀབ། ཕྱེ་མར་འཐག་པ།  ཞིབ་ཞིབ་བཟོས་པ།

15ཤྀང་རྩྀ།  རྩི་ཤིང་།

16དངོའ(དངོ)། ཆུའི་དངོ་།

17དབའ་རྒལ།  ཆུ་ལོག   ཆུའི་རླབས།

18བོང་པ(བོང་བ)།  སའི་གོང་བུ།

19འདྲུལ།  རུལ།

20བརྟེ་བུ།  ལྟ་བུ། 

21ན་བུན།  སྨུག་པ།

22གཆོད་པ།  གཅོད་པ།

23རྙིལ།  སྙིལ།

24གཆག་པ།  གཅག་པ། 

25འདྲའ་མོད་ཀྱོང་།  འདྲ་མོད་ཀྱང་། 

26རྒྱལ་བ།  རྐྱལ་བ།

27བཐུངས་བ།  བརྡུངས་པ།

28འགྲེང་བ(བསྒྲེངས་པ)། གྱེན་དུ་སློང་བ།

29སོ་བློན་སྡེ་ལྔ།  ས་གནས་འཚོ་སྐྱོང་བྱེད་མཁན་གྱི་དམག་སྲིད་དཔོན་གནས་ཤིག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།