P.T.1287(2)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

P.T.1287(2)
ཏུན་ཧོང་ཤོག་དྲིལ་ཨངP.T.1287ནང་དུ་སྲོང་བཙན་སྒམ་པོས་ཡབ་ཀྱི་རིང་ནས་བཙན་པོ་ལ་བློ་དཀར་བའི་ཕངས་ཏོ་རེ་དབྱི་ཚབ་ཕ་ཚན་སྤུར་རྒྱལ་ལ་བློ་མ་ལོག་ན་དུས་ནམ་ཡང་དབྱི་ཚབ་ཀྱི་བུ་རབས་ཚ་རྒྱུད་ལ་ཉེས་ཁྲིམས་མི་གཅོད་པ་སོགས་མནའ་ཚིག་བོར་བའི་ཚུལ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
ལོ་ཚིགས།
སྤྱི་ལོའི་དུས་རབས་བདུན་པ།
དུས་སྐབས།
སྲོང་བཙན་སྒམ་པོའི་དུས་སྐབས།
མིང་།
P.T.1287(2)
མནའ་བོར་མཁན།
དབྱི་ཚབ་དངོས་དང་། ཁོ་བོའི་བུ་བ་སེ་དོ་རེ་ཉ་སྟོ། སྣང་ཏོ་རེ་སུམ་སྣང་། ཁྲི་སུམ་རྗེ་ཅུང་། མང་རྗེ་བཙན་ཟུང་། ཁོ་བོའི་ཚ་བོ་སྟག་པོ་རྗེ་མྱེས་སྣང་། མང་པོ་རྗེ་པ་ཚབ།
1 ​མ་ཡིག

༇ འུང་གི་རྗེས་ལའ། །དབའས་ཕངས་ཏོ་རེ་དབྱི་ཚབ་རྒས་ཏེ།  ཉྀ་མ་འདེ1ཞིང་མཆིས།  ། བཙན་པོ་ཁྲྀ་སྲོང་བརྩན་ཉེན་ཀར་ནས།  སྐྱི་ལུང་དུ་གཤེགས་ཀར།  ཕངས་ཏོ་རེ་དབྱི་ཚབ་གྱིས།  །པྲྀན་སྙ་དོ་རེ་གཙུག་བློན་ལས་གསོལ་ཏེ། །གནའ་ཟྀང་པོ་རྗེ་རྒྱབ་དུ་བོར། །སྤུ་རྒྱལ་ཕང་དུ་ལེན་ལེན།  །ཆབ་སྲིད་ཆུར2ནྀ་བསྲིངས།  ཞེང་དུ་ནྀ་བསྐྱེད་བསྐྱེད་ན། །མྱང་གྀས་སྲིད་མ་ཐུབ་སྟེ།  །བཀྱོན་ཕབ་ནས།  །བདག་ཆག་སྤད་མཚན3། བླར་གློ་བ་མ་རིངས།  མཐང་མ་གྲང་ཞིང་མཆྀས་ན། ། ད་རོ་ལས་བལྟས་ན་ནི་ཉམ་ཆུང་། ། རྨ་ལས་བལྟས་ན་ཕོག་སྙ4ཆེ་ཞིང་མཆྀས་ན། ། བདག་རྒན་པོ་ཙམ་ཞྀག་མ་གུམ་པར། ། དབུ་སྙུང་ཁུད་པ5ཙམ་གསོལ། བདགྀ་བུ་ཚ་བྲོ་ཁུད་པར་སྩལད་པར་ཇྀ་གནང་། ། བཙན་པོ་ཡབ་ནྀ་བདགྀ་མཆིས་བྲང6དུ་གདན་བཏིང་ཡང་གནང་ན། །  ད་ཤུལ་ཡོགས་སུ7ལ་མོ་ཆག་པ་པྲུམ8དུ་ཕྱག་ཐབ་ཙམ་ཞིག་གསོལ9དུ་ཇི་གནང་ཞེས་གསོལ་ནས།  དེ་ཙམ་ན་མྱང་དང་ཅོག་རོ་སྟོད་རྀམས་ལ་བཀྱོན་དབབ་པར་བགྱིས་སྟེ། ། ཁྲ་ཁྲུག10(གྀ)རྗེས་ལ་བབ་པས།  གསོལ་དགུང་ཡང་གནང་སྟེ། ། བཙན་པོ་ཞ་སྔ་ནས།  བཀའ་སྩལད་པའ། ། མྱི་དྲིན……མྱྀ་ནི་སྙིང་མྱྀ་གཆད།  ། རྟ་ལྷེ་འུ་རྟ་ནི་སྒལ་མྱི་དབྱུང་། ། སྔ་ན་ང་འྀ་ཡབ་ཀྱི་རྀང་ལ། ། འབྲིང་ཐོ་རེ་སྦུང་བརྩན།  དང་།  ཕངས་ཏོ་རེ་དབྱི་ཚབ་དང་ཁྱེད་གཉྀས། །  ཆབ་ཕ་རོལ་ཚུ་རོལ་གྱི། ། གུང་བློན་འཚོལ་ཆིག་པར་དགོད། དགོད(དགོང་དགོང)པ་ལས།  འབྲིང་ཏོ་རེ་སྦུང་བསྩན་ནྀ་ཤྀ ། ཁྱོད་ནྀ་རྒས་སྟེ་ཉྀ་མ་འདེར་གནང་སྟེ་བཞག །  མྱང་ཞང་སྣང་བློན་ཆེར་བསྐོས་ཏེ་བཞག་ན། ཡབ་ནོངས་ནས།  མྱང་གིས་ཀྱང་གློ་བ་རིང་སྟེ།  བཀྱོན་ཕབ་པའ།  ཡྀན་ནོ། ། ད་ཁྱེད་དབའས་ཕ་ཆྀག་ནི།  གདོའ་ཐག་གཉྀས་སུ།  གློ་བ་མ་རིངས་བས།  ལ་མོ་ཆག་པ་པྲུམ་དུ་པྱག་ཐབ་ཀྱང་གསོལ་ཆིག །  དབུ་སྙུང་ཡང་གནང་ངོ་ཞེས་བཀའ་སྩལ་ཏོ། །  ལ་མོ་ཆག་པ་པྲུམ་དུ། །  རྩང་ཕྱེད་པུབ་སྟེ། །  པྱག་ཐབ་གསོལ་ཏོ། ། སྐུ་རྟེན་དུ་ཁྲབ་བསེའ་སྣ་བཅུ་དང་།  ལྡོང་པྲོམ11གྱྀ་རལ་གྱི་མདོར་ཅོད12གཉིས་གསོལ་ཏོ། །  བཙན་པོས་དབུ་སྙུང་ཡང་གནང་ངོ་། །  དབའས་དབྱི་ཚབ་སྤུན་མཚན་བདུན་ཡང་བྲོ་སྩལ་ཏོ། །  བཙན་པོས་བཀའ་སྩལད་པ། །  དབྱྀ་ཚབ་གློ་བ་ཉེ་བས།  གུམ་ན་མཆད13པྱག་དར14ཏེ་བརྩིག་པར་གནང་།  རྟ་ནྀ་བརྒྱའ་དགུམ་བར་གནང་། ། བུ་ཚ་གང་རུང་བ་གཆིག །། གསེར་གྱི་ཡི་གེ་མྱྀ་ཆད་པར་སྩལད་པར་བཀའ།  སྩལ་ཏོ། ། བཙན་པོ་ཞ་སྔ་ནས། ། མགུར་བླངས་པའ། །

ཡར་མོ15ནི་ཆུ་ཐུངས་ཀྱིས། །

མདི་ནས་ནྀ་རྩང་དུ། བསྲིང་།

ཡར་མོ་ནི་ཞེང་ཆུངས་ཀྱིས།

ལྷོ་ནས་ནྀ་བྱང་དུ་བསྐྱེད།

འཐམ་འཐམ16ནྀ་འདུ་འདུ་ན།

ངག་རྗེས17ནྀ་མྱིས་མྱྀ་བརྗོད། །

འགྲོ་འགྲོ་ནི་འཆམ་འཆམ་ན། །

ཆགས་ལྷམ་ནྀ་ཆུས་མྱྀ་སྣང་། །

ད་ནས་ནི་ཕན་ཆད་དུ།

ཁྱོད་གྱིས་ནྀ་ང་མ་གཏང18།

ང་འྀས་ནི་ཁྱོད་མྱྀ་གཏང་། །

ང་འྀས་ནི་ཁྱོད་བཏང་ན། །

དགུང་མཐའྀ་ནི་སྲུང་དུ་རུང་། །

ཁྱོད་ཀྱིས་ནྀ་ང་བཏང་ན། །

ངས་པོ་ནྀ་རྨད་དུ་རུང་། །

ཞེས་བཀའ་སྩལ་རྟོ། ། དེ་ནས་དབའས་དབྱི་ཚབ་ཀྱིས་མཆྀད་བླངས་པ།

བཙན་དུ་ནི་བདག་འཚལ་ན། །

ཆུང་ན་ནི་རྗེ་ཁུར་ཆིག །།

པྱུག་དུ་ནྀ་བདག་འཚལ་ན། །

ལྷ་རྀ་ནི་གཡང་སྐྱོང19ཤྀག །།

རྗེ་འྀས་ནི་བཀའ་སྩལ་ན་

གཞའ་མ20ནྀ་ཡུན་ཀྱི་སྲིད(སྲིང)། །

བྱ་འྀས་ནི་ཞུ་པུབ21ན། །

ལ་པྱི་ནི་གདངས22སུ་དྲོ23། །

ཞེས་མཆིད་བླངས་ནས།  སྤད་མཚན་བདུན་གྱྀས་གཏང་རག24ཆེད་པོ་བཏང་ངོ་། །  དབུ་སྙུང་གནང་བའི་གོར་མ25པྱག་དུ་འོན26པ་ནྀ། །  རྒྱལ་འབྲིང་ལན་ཏོན་གྱིས་བླང་སྟེ་པྱག་དུ་གསོལ་ནས།  གོར་མ་དཀར་པོ་དངོས་ནྀ། དབྱྀ་ཚབ་ཀྱི་མཆད་པ་འྀ་རྨང་དུ་བརྩིགསོ། ཞང་ལོན་ཞ་འབྲིང་དུ་བྲོ་འདོར་འདོར་བ།  ཁུ་ཁྲྀ་དོ་རེ་སྨྱང་ཟུང་དང་།  གནུབས་སྙ་དོ་རེ་གཙུག་བློན་དང་།  རྔེགས་རྒྱལ་འབྲིང་ལན་ཏོན་དང་།  ཚེས་པོང་ཁྲི་བཙན་ཁོང་སྟོ་དང་།  འོ་མ་ལྡེ་ཁྲི་བཟང་ལོད་བཙན་དང་།  ཁུ་སྨོན་ཏོ་རེ་ཕངས་ཚབ་དང་།  རྗེ་བློན་བདུན་གྱིས་དེ་ལྟར་དབུ་སྙུང་། གནང་ངོ་། ། དབུ་སྙུང་གནང་བ་འྀ་ཚིག་ནི། ད་པྱིན་ཆད་ཁྱེད་སྤད་མཚན་གྱིས། །  བཙན་པོ་སྤུ་རྒྱལ་གྱི་ཞ་སྔར།  གློ་བ་མ་རྀངས་མཐའང་མ་གྲང་ན།  ནམ་ནམ་ནམ་ནམ། ཞ་ཞ་ཞ་ཞར27ཡང་།  དབྱྀ་ཚབ་གྱི་བུ་ལ་མ་ཉེས་པར་བཀྱོན་དབབ་རེ།  འཕྲའ་མ28མྱི་དག་གསན་རེ།  འཕྲའ་མ་ཞིག་གསན་ན་ཡང་།  ཤགས་བྱ་སྟེ།  ཡུས་བཀྲོལ29ནས།  བཀའས་མྱྀ་གཆད་རེ། །  དབྱྀ་ཚབ་ཀྱི་བུ་ཚ་ལ་ལ་ཞིག་གྀས། མ་བསམས་སྟེ་སྙིང་རྀངས་ན་ཡང་།  ། གང་སྙིང་རྀངས་པ་ཉི་ཙེ30འི་སྒོར་མྱི་བཀྱོན་རེ། ། གཞན་བྲོ་ལ་མ་གཐོགས་པ་རྣམས་ལ།  བཀྱོན་རེ། །  ཕག་དང་མཚུངས་མཚོན་གྱིས་མྱྀ་དགར་རེ། བྱ་དང་མཚུངས་ཁྱུས་བདའ་རེ།  མ་ཉེས་པ་ཞྀག་གིས་རྔོ་ཐོག་ན།  བསྐྱུང་རེ་སྨད་རེ། །  དབྱི་ཚབ་ཀྱི་བུ་གཆིག་ལ།  གསེར་གྱི་ཡྀ་གེ་ལས་སྨད་རེའ།  ཁོལ་ཡུལ་ཡང་མ་ཉེས་པར་དཔྲོག་རེ། །  སྙྀང་མ་རིངས་པར་རབས་ཆད་ན།  ཁོལ་ཡུལ་བཞེས་རེའ། །  ཁྱེད་གློ་བ་རིངས་ན་དབུ་སྙུང་ལ་མ་གཐོགས་། ཁྱེད་ཀྱིས་ཁོལ་ཡུལ་ཞིག་བརྗེས་སམ་པུལ་ན།  དབུ་སྙུང་ལ་མ་གཐོགས།  ནམ་ནམ་ནམ་ནམ།  ཞ་ཞ་ཞ་ཞར།   སྲས་དབོན་གྱི་ཞ་སྔར་འདྀ་བཞིན་དུ་གནང་ངོ་། །  དབྱྀ་ཚབ་སྤད་སྤུན31བྲོ་སྩལད་པའ།  བཙན་པོ་སྤུ་རྒྱལ་ཁྲྀ་སྲོང་བརྩན་ཡབ་སྲས་དྔ།  གདུང་རྒྱུད་ལ།  གློ་བ་འདྲིང་རེ།  ནམ་ནམ་ཞ་ཞར་ཡང་།  དབོན་སྲས་རྒྱལ་པོ་གང་མཛད་པ་ལ།  གློ་བ་འདྲྀང་རེ།  གཞན་མྱྀ་འོ་ཆོག་ལ་རྗོ་བོ་ལྷག་པ་ཚོལ་རེ།  ། གཞན་གློ་བ་འདྲྀང་བར་སེམས་པ་དང་བློད32རེ།  ཟས་ཀྱི་དོན་བཞག་པ་དང་།  དུག་དུ་བསྲེ་རེ།  བཙན་པོ་ཁྲི་སློན་བཙན་ལ།  ངག་སྣ་ཆིག་འཚལ་རེའ། ། བདགི་པུ་མ་ནུ་དང་།  བུ་ཚ་ལ་ལ་ཞིག་གྀས། །  སྙིང་རྀངས་སུ་བྱེད་ན། །  སྙིང་རིངས་སོ་ཞེས་ཀྱང་མྱི་འཐོལ33རེའ། པུ་ནུ་སྙིང་རྀངས་པ་འྀ་གྲོགས་བྱེད་རེ། །  བཙན་པོ་ལ་གཞན་ཞིག་སྙིང་རིངས་པར་ཚོར་ན་ཡང་།  མྱྀ་འཐོལ་རེ། ། སུར་མྱྀ་མ་ནོངས་པ་ལ། ། འཕྲའ་མ་དང་འཔྲག་དོག་མཆི་རེ།  དཔོན་དུ་བཅུག་ནའ། འབངས་སོ་ཆོག་ལ་སྙིང་སྙོམས་པར་མྱྀ་འཚལ་རེ།  ། བཙན་པོས་བཀའ་ཇི་སྩལད་པ་གཟུངས་སུ་མྱི་འཛིན34རེ་ཞེས་བྲོ་སྩལད་ཏོ། ། བྲོ་བོར་བ་ནྀ། དབྱྀ་ཚབ་དངོས་དང་།  བུ་བ་སེ་དོ་རེ་ཉ་སྟོ། སྣང་ཏོ་རེ་སུམ་སྣང་།  ཁྲྀ་སུམ་རྗེ་ཅུང་།  མང་རྗེ་བཙན་ཟུང་།  ། ཚ་བ་སྟག་པོ་རྗེ་མྱེས་སྣང་།  མང་པོ་རྗེ་པུ་ཚབ་དང་བདུན་གྱིས་བྲོ་བོར་རོའ། །

2 མ་ཡིག་གི་འབྲུ་འགྲེལ།

དེའི་རྗེས་ལ། དབས་ཕངས་ཏོ་རེ་དབྱི་ཚབ་རྒས་ཏེ།  ཉིན་ལྟར་ཉི་མར་བསྲོས་ནས་བསྡད་ཡོད་ཅིང་།  བཙན་པོ་སྲོང་བཙན་སྒམ་པོ་སྟོད་ལུང་ཉེན་ཀར་ནས་ལྷ་སའི་སྐྱི་ལུང་དུ་ཕེབས་ཁར།  ཕངས་ཏོ་རེ་དབྱི་ཚབ་ཀྱིས་བཙན་པོའི་ཞབས་འབྲིང་སྙ་དོ་རེ་གཙུག་བློན་ཞེས་པ་བརྒྱུད་ནས་བཙན་པོ་ལ་ངག་ཕྲིན་གསོལ་བར།  སྔར་ཟིང་པོ་རྗེ་རྒྱབ་དུ་དབྱུགས།  བཙན་པོ་སྤུ་རྒྱལ་པང་དུ་བླངས་རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱང་རིང་ཐུང་གི་ཐོག་ནས་བལྟས་ན་རིང་དུ་གཏོང་བཞིན་ཡོད་པ་དང་།  ཞེང་ཆེ་ཆུང་གི་ཐོག་ནས་བལྟས་ན་རྒྱ་ཆེ་རུ་གཏོང་བཞིན་ཡོད་པའི་སྐབས་སུ།  བློན་པོ་མྱང་ཙེང་སྐུའི་བུ་མང་པོ་རྗེ་ཞང་སྣང་གིས་རྒྱལ་སྲིད་སྐྱོང་མ་ཐུབ་པས་ཁྲིམས་གཅོད་ཕོག་ཡོད་མོད།  ང་ཚོ་དབྱི་ཚབ་ཕ་བུ་རྣམས་ནི་གོང་བཙན་པོ་ལ་བློ་མ་ལོག་པ་དང་ཞབས་འདྲེན་མ་ཞུས་པར་བསྡད་ཡོད།  ད་ང་ནི་ཚེ་མཐར་གཏུགས་ནས་རྨ་ཁ་ལས་རྨ་རྗེས་ཆེ་ཟེར་བ་ལྟར།  ལུས་འདི་རོ་ལས་ཉལ་སྐྱོ་བ་ཞིག་ཡོད་པས་ན།  རྒན་པོ་བདག་མ་ཤི་གོང་ལ་ང་དང་བུ་ཚ་རྣམས་ལའང་ཟུར་དུ་དབུ་མནའ་ཞིག་བཞེས་རོགས།  སྔར་བཙན་པོའི་ཡབ་གནམ་རི་སྲོང་བཙན་ངའི་ཁྱིམ་དུ་ཕེབས་མྱོང་བས།  ད་ལྟ་དེའི་ཤུལ་རྗེས་སུ་བཙན་པོ་ཁྱེད་ཀྱང་འཕན་ཡུལ་ལ་མོ་ཆག་པ་ཕྲུམ་དུ་ཁྱུག་ཙམ་ཞིག་ཅི་ནས་ཀྱང་ཕེབས་གནང་ཡོད་པ་ཞུ་ཞེས་ཞུས།  དེ་དུས་མྱང་དང་ཅོག་རོའི་གོང་རིམ་བཙན་པོ་ལ་བློ་ལོག་པའི་རྐྱེན་གྱིས་དེ་དག་ལ་ཁྲིམས་གཅོད་བྱས་ཏེ་ནང་འཁྲུག་ཐག་ཆོད་མཚམས་སུ་དབྱི་ཚབ་ཀྱི་ཞུ་འབུལ་ལ་ཆོག་མཆན་གནང་ནས་བཙན་པོ་སྐུ་ངོ་མས་བཀའ་གནང་བར།  དྲིན་ཅན་མི་ཡི་ཡིད་མ་བཅད།  ལྷ་ཡི་རྟ་ལ་སྒམ་མི་དབྱུང་།  སྔོན་མ་ངའི་ཡབ་ཀྱི་རིང་ལ་འབྲིང་ཐོ་རེ་སྦུང་བརྩན་དང་ཕངས་ཏོ་རེ་དབྱི་ཚབ་ཁྱེད་གཉིས་གཙང་ཆབ་ཕར་ཕྱོགས་ཚུར་ཕྱོགས་ཀྱི་དགུང་བློན་བྱེད་དུ་འཇུག་དགོས་བསམ་བཞིན་པའི་སྐབས་དེར་འབྲིང་ཏོ་རེ་སྦུང་བརྩན་ནི་ཤི།  ཁྱོད་ནི་རྒས་ཏེ་ཉི་མ་སྲོས་ནས་བཞག   མྱང་ཞང་སྣང་བློན་ཆེར་བསྐོས་ཏེ་བཞག་ན་ཡང་།  ཡབ་གནམ་རི་སྲོང་བཙན་གཤེགས་མ་ཐག་ཏུ་ཁོས་རྒྱབ་གཏོད་བྱས་སྟབས་ཁྲིམས་གཅོད་བྱས་པ་ཡིན།  ཁྱེད་དབས་དབྱི་ཚབ་ཀྱི་ཕ་ཚན་ནི་ཐོག་མཐའ་བར་གསུམ་དུ་བློ་མ་ལོག་པས་བདག་ལ་མོ་ཆག་པ་ཕྲུམ་དུ་ཁྱུག་ཙམ་ཞིག་ཡོང་ཆོག་ལ།  མནའ་འབྲེལ་ཡང་བྱས་ཆོག་ཅེས་བཀའ་གནང་བ་རེད།

དབྱི་ཚབ་ཀྱིས་ལ་མོ་ཆག་པ་ཕྲུམ་དུ་འབྲུ་ཁལ་ཕྱེད་ཀྱིས་ཆང་བཙོས་ཏེ།  བཙན་པོ་དེ་གར་ཕེབས་དུས།  དབས་དབྱི་ཚབ་ཀྱིས་འབུལ་རྟེན་དུ་ཁྲབ་བསེ་སྣ་བཅུ་དང་།  དམག་ས་ནས་ཐོབ་པའི་དངོས་པོ་གྲི་ཤུབས་རང་འགྲིག་གཉིས་ཕུལ་བས་བཙན་པོས་ཀྱང་མནའ་འབྲེལ་གནང་བ་དང་།  དབས་དབྱི་ཚབ་ཕ་ཚན་བདུན་གྱིས་ཀྱང་བྲོ་བོར་བ་ལས།  བཙན་པོས་བཀའ་གནང་དོན་དུ། དབྱི་ཚབ་ང་ལ་སྙིང་ཉེ་བས་ཁྱེད་ཤི་ན་དུར་ཁང་ང་རང་མི་ངོ་མས་བརྩིགས་པའི་ཐོག   རྟ་བརྒྱ་ཐམ་པ་བསད་ནས་མཆོད་པ་འབུལ་རྒྱུ་ཡིན་ལ།  དབྱི་ཚབ་ཀྱི་བུ་ཚ་གང་རུང་བ་ཞིག་ལ་གསེར་གྱི་ཡིག་གཙང་རྒྱུན་མི་ཆད་པར་གནང་རྒྱུའི་བཀའ་གནང་བ་རེད། 

བཙན་པོ་སྐུ་ངོ་མས་མགུར་བླངས་པར།

སྔར་ཡར་ཀླུང་ཆུ་བོ་སྲིད་ཐུང་ཡང་།

དུས་ད་ལྟ་མདའ་ནས་ཕུ་རུ་བསྲིང་།

སྔར་ཡར་ཀླུང་ཆུ་བོ་ཞེང་ཆུང་ཡང་།

དུས་ད་ལྟ་ལྷོ་ནས་བྱང་དུ་བསྐྱེད།

སྔར་ཁ་འཐོར་རྒྱལ་ཁབ་གཅིག་དུ་བསྡུས།

དེའི་ལོ་རྒྱུས་མི་ཡིས་བཤད་མི་ཚར།

ས་གང་དང་གང་ལ་འཆམ་ན་ཡང་།

རྐང་ལྷམ་མཐིལ་ཆུ་ཡིས་བང་མི་འགྱུར།

དུས་དེ་རིང་ཉི་མ་ཕན་ཆད་དུ།

ཁྱོད་དབྱི་ཚབ་ཚན་པས་སྙིང་ཉེ་ན།

ང་བཙན་པོ་ཡིས་ཀྱང་ཁྱོད་མི་དོར།

ང་བཙན་པོ་ཁྱེད་ཚོ་དོར་ཟེར་ན།

དགུང་ནམ་མཁའི་ལྷ་ཡིས་ཁྱོད་ཉིད་སྲུང་།

ཁྱེད་དབྱི་ཚབ་ཕ་བུ་སྙིང་རིང་ན།

ང་བཙན་པོས་ཁྲིམས་གཅོད་བྱེད་ངེས་ཡིན།

ཞེས་བཀའ་གནང་།  དེ་ནས་དབས་དབྱི་ཚབ་ཀྱིས་མགུར་བླངས་པར།

ཁྱེད་བཙན་པོར་ང་ཚོ་དགོས་དུས་སུ།

བདག་དབྱི་ཚབ་ཆུང་ཡང་བཙན་པོ་ཁུར།

བདག་ཕྱུག་པོར་འགྱུར་བར་འདོད་པས་ན།

སྟོད་ལྷ་རིས་གཡང་གིས་སྐྱོང་རོགས་གནང་།

གོང་བཙན་པོས་བཀའ་ངག་གང་གནང་ཡང་།

དུས་ནམ་ཡང་འཕྲལ་དུ་ཇི་བཞིན་སྒྲུབ།

བྱ་གཤོག་པ་བརྐྱངས་ནས་འཕུར་དུས་ཡོད།

དུས་མཐར་ཐུག་ད་དུང་གདངས་སུ་དྲོ། །

ཞེས་མཆིད་བླངས་ནས།  དབྱི་ཚབ་ཕ་རུ་བདུན་གྱིས་དྲིན་གཟོ་བའི་གཏང་རག་ཆེན་པོ་བཏང་བ་རེད།  མནའ་འབྲེལ་གནང་དུས་བཙན་པོའི་ཕྱག་ཏུ་བསྣམས་པའི་རྡོ་གོར་མ་དེ་ཡང་རྒྱལ་འབྲིང་ལན་ཏོན་གྱིས་བླངས་ནས་བཙན་པོའི་ཕྱག་ཏུ་ཕུལ་བ་ཡིན།  རྗེས་སུ་རྡོ་གོར་མ་དཀར་པོ་དེ་དབྱི་ཚབ་ཀྱི་དུར་ཁང་གི་རྨང་རྡོར་བརྩིགས་ཡོད་ཅིང་།  མནའ་འབྲེལ་དུ་གཞུག་མཁན་ཞང་བློན་དང་ཞབས་འབྲིང་ནི་ཁུ་ཁྲི་དོ་རེ་སྨྱང་ཟུང་དང་།  གནུབས་སྙ་དོ་རེ་གཙུག་བློན།  རྔེགས་རྒྱལ་འབྲིང་ལན་ཏོན།  ཚེས་པོང་ཁྲི་བཙན་ཁོང་སྟོ།  འོ་མ་ལྡེ་ཁྲི་བཟང་ལོད་བཙན།  ཁུ་སྨོན་ཏོ་རེ་ཕངས་ཚབ་བཅས་རྗེ་བློན་བདུན་གྱི་མནའ་འབྲེལ་དེ་ལྟར་གནང་ཞིང་།  མནའ་ཚིག་ནི་འདི་ལྟར།

ད་ཕྱིན་ཆད་ཁྱེད་དབྱི་ཚབ་ཕ་ཚན་གྱིས་བཙན་པོ་སྤུ་རྒྱལ་སྐུ་ངོ་མར་བློ་མ་ལོག་པ་དང་ཞབས་འདྲེན་མ་ཞུས་ན།  དུས་ཡུན་ནས་ཡུན་དུ་ཡུན་ནས་ཡུན་དུ་ཡང་།  དབྱི་ཚབ་ཀྱི་བུ་ལ་མ་ཉེས་པར་ཁྲིམས་གཏན་ནས་མི་གཅོད།  ཕྲ་མ་བྱེད་མཁན་མི་རྣམས་ཀྱི་ངག་ལ་གཏན་ནས་མི་ཉན།  གལ་ཏེ་ཕྲ་མའི་ངག་ལ་ཉན་ན་ཡང་། རྩོད་གླེང་བྱས་ནས་བདེན་ཡུས་བཤད་དུ་འཇུག་རྗེས་གཞི་ནས་བཀའ་བཅད།  དབྱི་ཚབ་ཀྱི་བུ་ཚ་འགའ་ཞིག་གིས་བཙན་པོའི་བཀའ་དྲིན་མ་བསམས་པར་བློ་ལོག་ནའང་།  གང་བློ་ལོག་པ་དེ་ཁོ་ན་ལ་ཁྲིམས་གཅོད་པ་ལས་གཞན་མནའ་འབྲེལ་དུ་མ་གཞུག་མཁན་ལ་ཁྲིམས་གང་ཡང་མི་གཅོད།  མཚོན་གྱིས་ཕག་གསོད་པ་བཞིན་མི་བྱེད།  བྱ་ཁྱུ་དེད་པ་བཞིན་མི་བྱེད།  ཉེས་པ་མེད་པའི་བུ་སུ་ཞིག་གིས་ཞབས་འདེགས་ཞུ་ཐུབ་ན།  དེ་རིང་དུ་མི་འདོར་ཞིང་དམའ་འབེབས་མི་བྱེད།  དབྱི་ཚབ་ཀྱི་བུ་གཅིག་ལ་གསེར་གྱི་ཡི་གེ་ལས་དམའ་བ་མི་སྦྱིན།  མ་ཉེས་པའི་ས་ཞིང་དང་བྲན་གཡོག་རྣམས་གོང་གིས་མི་འཕྲོག་དབྱི་ཚབ་ཀྱི་བུ་བརྒྱུད་རྣམས་བློ་མ་ལོག་པར་རབས་ཆད་ན།  དེའི་ས་ཞིང་དང་བྲན་གཡོག་རྣམས་ཀྱང་གོང་གིས་མི་བཞེས།  གལ་སྲིད་གང་ཞིག་བློ་ལོག་པ་ཡིན་ན་དེར་ཁྲིམས་གཅོད་ངེས་ཡིན་པས།  དེ་མནའ་འབྲེལ་གཏོར་བཤིག་བཏང་བར་བརྩི་རྒྱུ་མེད།  ཁྱེད་དབྱི་ཚབ་ཕ་ཚན་གྱིས་ས་ཞིང་དང་བྲན་གཡོག་བརྗེ་པའམ།  ཡང་ན་གོང་ལ་ཡར་ཕུལ་ན།  དེའང་མནའ་འབྲེལ་གཏོར་བཤིག་བཏང་བར་བརྩི་རྒྱུ་མེད།  དུས་ཡུན་ནས་ཡུན་དུ་ཡུན་ནས་ཡུན་དུ་བཙན་པོའི་སྲས་དབོན་སྐུ་ངོ་མ་སུ་ཞིག་གིས་ཀྱང་འདི་བཞིན་གནང་དགོས། 

དབས་དབྱི་ཚབ་ཕ་ཚན་གྱི་མནའ་འབྲེལ་གྱི་ཚིག་ནི།  བཙན་པོ་སྤུ་རྒྱལ་ཁྲི་སྲོང་བརྩན་ཡབ་སྲས་དང་གདུང་རྒྱུད་ལ།  བློ་གཏན་ནས་མི་ལོག  བཙན་པོ་སྲས་དབོན་སུ་ཞིག་གིས་རྒྱལ་པོ་མཛད་ཀྱང་ང་ཚོས་དུས་གཏན་དུ་རྒྱབ་གཏོད་མི་བྱེད།  བཙན་པོ་ཁོ་ན་མ་གཏོགས་གཞན་སུ་དང་སུ་ལའང་རྒྱབ་རྟེན་མི་བཅོལ།  མི་གཞན་དག་སུ་ཞིག་བཙན་པོ་ལ་བློ་ལོག་བསམ་པ་ཡིན་ན་ང་ཚོས་ཁོ་དང་གཏན་ནས་མཉམ་འབྲེལ་མི་བྱེད།  ཟས་ལ་དུག་རྩ་བ་ནས་མི་བསྲེ།  བཙན་པོ་ཁྲི་སློན་བཙན་ལ་ཚིག་ངན་གཅིག་ཀྱང་མི་འདེབས།  བདག་གི་ཕུ་ནུ་དང་བུ་ཚ་གང་ཞིག་བློ་ལོག་པ་ཡིན་ན།  དེ་བློ་ལོག་སོང་ཞེས་མི་གསང་བར་སྙན་སེང་ཞུ་བ་ལས།  ཕུ་ནུ་བློ་ལོག་པ་དེ་དང་གྲོགས་གཏན་ནས་མི་བྱེད།  མི་གཞན་ཞིག་བཙན་པོ་ལ་བློ་ལོག་པ་ང་ཚོས་ཤེས་ན་དེའང་ངེས་པར་མི་གསང་བར་གོང་ལ་སྙན་སེང་ཞུ་བ་ལས།  མི་ཉེས་མེད་ལ་ཉེས་བཟོ་དང་ཕྲག་དོག་གཏན་ནས་མི་བྱེད།  གལ་སྲིད་ང་ཚོ་དཔོན་དུ་བསྐོས་ན་འབངས་ཐམས་ཅད་ལ་ཡིད་འཇོག་སྙོམས་པར་བྱེད་ངེས་ཡིན།  བཙན་པོས་གང་གསུངས་པ་དེ་སྲོག་ཤིང་ལྟར་དུ་འཛིན་ངེས་ཡིན་ཞེས་མནའ་བོར།  མནའ་བོར་མཁན་ནི།  དབྱི་ཚབ་དངོས་དང་།  ཁོ་བོའི་བུ་བ་སེ་དོ་རེ་ཉ་སྟོ།  སྣང་ཏོ་རེ་སུམ་སྣང་།  ཁྲི་སུམ་རྗེ་ཅུང་།  མང་རྗེ་བཙན་ཟུང་།  ཁོ་བོའི་ཚ་བོ་སྟག་པོ་རྗེ་མྱེས་སྣང་།  མང་པོ་རྗེ་པ་ཚབ་བཅས་ཕ་བུ་བདུན་གྱིས་མནའ་བོར་བ་རེད།

3 མཆན་འགྲེལ།

①ཉི་མ་འདེ།  ཉི་མར་བསྲོས།

②ཆུ།  དཀྱུས་ཚད།

③སྤད་མཚན(ཕ་ཚན)། ⑴ཕ་བུ། ⑵ཕ་རྒྱུད།

④ཕོག་སྙ། རྨ་ཤུལ།

⑤ཁུད་པ་ཟུར་དང་སྒེར།

⑥མཆིས་བྲང་། ⑴སྡོད་ཁང་།  ⑵ཆུང་མ།

⑦ད་ཤུལ་ཡོགས་སུ།  ད་ཤུལ་རྗེས་སུ། 

⑧ལ་མོ་ཆག་པ་པྲུམ།  ལ་མོ་ཅག་པ་ཕྲུམ།  འཕན་ཡུལ་གྱི་ཆག་ལ་ཡིན་ནམ་སྙམ། (《དེབ་ཐེར་དཀར་པོ》ཤིང་པར་ཤོག་ལྷེའི25པའི་མདུན་ཤོག)

⑨ཕྱག་ཐབ་ཙམ་ཞིག་གསོལ།  ཕྱག་ཁྱུག་ཙམ་ཞིག་ཕེབས། 

⑩ཁྲ་ཁྲུག   ནང་འཁྲུག

11ལྡོང་པྲོམ(ལྡོང་སྲོམ།  མདོང་གསོལ)། དམག་ས་ནས་ཐོབ་པའི་དངོས་པོ།

12རལ་གྱི་མདོར་ཅོད།  གྲི་ཤུབས་ཆ་སྦྲགས།

13མཆད་པ།  དུར་ཁང་།

14པྱག་དར། (ཕྱག་བདར)རང་ཉིད་ཀྱིས་ལག་ལེན་བསྟར་བ།

15ཡར་མོ།  ཡར་ཀླུང་གཙང་པོ།

16འཐམ་འཐམ།  འཐོར་འཐོར།  གྲམ་གྲམ།

17ངག་རྗེས།  ལོ་རྒྱུས།

18གཏང་།  བཏང་།  དོར།

19གཡང་སྐྱོང་།  ལྷའི་བསོད་ནམས་ཀྱིས་བདག་སྐྱོབ་རོགས་གནང་།

20གཞའ་མ།  སྐབས་དེར་དུས་ནམ་ཡང་ཟེར་བའི་དོན་མིན་ནམ།

21ཞུ་པུབ།  གཤོག་པ་རྐྱང་ནས་འཕུར་བ།

22གདངས།  བྱ་གདང་།

23དྲོ།  དྲོད།

24གཏང་རག   ཐུགས་རྗེ་ཆེ་ཞུས་ནས་དངོས་པོ་འབུལ་བ།

25གོར་མ།  གོར་མ་ནི་རྡོ་སྟེ་མནའ་སྐྱེལ་ཚེ་རྡོ་བ་རེ་ལག་ཏུ་ལེན་སྲོལ་དེ་ཁམས་དང་འབྲས་ལྗོངས་སོགས་ན་ཉེ་དུས་བར་དུ་ཡོད་པར་སྣང་། (《དེབ་ཐེར་དཀར་པོ》ཤིང་པར་ཤོག་ལྷེ25པའི་རྒྱབ་ཤོག་ཏུ་གསལ)

26འོན་པ།  ཁྱེར་བ།

27ནམ་ནམ་ནམ་ནམ། ཞ་ཞ་ཞ་ཞར། ནམ་ནམ་ཞ་ཞར་བྱ་བ་ནམ་ཡང་བྱ་བ་དང་དོན་གཅིག་སྟེ།  ཤེས་རབ་བརྒྱ་པར།  དེ་དག་ནམ་ནམ་ཞ་ཞར་འཕུང་།  ཞེས་པ་ལྟ་བུ་ཡིན།  འབྲུག་པའི་ཕལ་སྐད་ལ་ཡང་འདུག(《དེབ་ཐེར་དཀར་པོ》ཤིང་པར་ཤོག་ལྷེ25པའི་རྒྱབ་ཏུ་གསལ)

28འཕྲའ་མ།   ཕྲ་མ།

29ཡུས་བཀྲོལ།  བདེན་ཡུས་བཤད་པ།

30ཉི་ཙེ(ཉི་ཚེ)། ཁེར་རྐྱང་།

31སྤད་སྤུན།  ཕ་སྤུན།

32བློད།  མཉམ་འབྲེལ།

33འཐོལ(མཐོལ)། ⑴རང་གི་ནག་ཉེས་ངོས་ལེན་བྱས་པ། ⑵མ་སྦས་པ།

34གཟུངས་སུ་འཛིན།  ⑴མི་བརྗེད་པར་སེམས་ལ་ངེས་པ། ⑵སྲོག་ཤིང་ལྟར་དུ་འཛིན་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-12

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།