P.T.1287(1)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

P.T.1287(1)
ཏུན་ཧོང་ཤོག་དྲིལ་ཨངP.T.1287ནང་དུ་བཙན་པོ་སློན་བཙན(གནམ་རི་སྲོང་བཙན)དང་སློན་ཀོལ་སྤུན་མཆེད་གཉིས་དང་། མྱང་ཙེ་སྐུ་དང་དབས་དབྱི་ཚབ། དབས་མྱེས་སྣང་། དབས་པུ་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་རྗེ་བློན་བརྒྱད་ཀྱིས་ཕན་བར་ལ་བཞག་པའི་མནའ་ཚིག་དེ་ཇི་མ་ཇི་བཞིན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
ལོ་ཚིགས།
སྤྱི་ལོའི་དུས་རབས་བདུན་པ་ཡས་མས།
དུས་སྐབས།
གནམ་རི་སྲོང་བཙན།
མིང་།
P.T.1287(1)
1 མ་ཡིག

༄།།། བཙན་པོ་སློན་མཚན་དང་།  སློན་ཀོལ་མཆེད་གཉྀས་ཀྱིས།  མྱང་ཙེ་སྐུ་དང་།  དབའས་དབྱྀ་ཚབ་དང་།  དབའས་མྱེས།  སྣང་དང་།  དབའས་པུ་ཚབ་དང་།  མནོན་འདྲོན་པོ་དང་།  ཚེས་པོང་ནག་སེང་དྲུག །   བྲོ་སྩལ་པའྀ་ཚིག་ནྀ། །  དེང་ཕན་ཆད།  ཟིང་པོ་རྗེ་རྒྱབ་དུ་མྱྀ་དོར་རེ1། སྤུ་རྒྱལ་པང་དུ་མྱྀ་ལེན་རེ། །  བཙན་པོ་སྤུ་རྒྱལ་ལ་གློ་བ་འདྲྀང2རེད།  མཐང་གྲང3རེ།  མན་ངག་ཐུབ་པར4མྱི་འཚལ་རེ།  པྱྀ་མ5ནང་འཚལ་རེ།  སོམ་ཉི་བགྱྀད་རེ། །  བརྟུལ་ཕོད་པར་མྱྀ་འཚལ་རེ། ། སྲོག་སྤོངས(མྱྀ)འཚལ་རེ། ། བཙན་པོ་སློན་བཙན་གྱིས། །  བཀའ་ཇྀ་སྩལད་པ་བཞྀན་མྱི་ཉན་རེ།  གཞན་སུས་བསླུས་ཀྱང་ཉར་རེ་བར་བྲོ་སྩོལ་ཏོ། ། མྱང་ཙེར་ཅུང་དང་།  མྱང་མུ་གསེང་དང་།  ཚེས་པོང་ན་གུ་དང་།  དབའས་མྱེས་སྣང་།  དབའས་པུ་ཚབ་རྣམས་བྲོ་ལ་གཐོགསོ། ། དེ་ནས་དགུང་ཐུས6བགོས་སྟེ།  སླར་མཆིས་སོ། །  གཅུང་སློན་ཀོལ་དང་།  ཡུམ་སྟོང་ཙུན་གཉྀས་ནྀ། སླད་ན་ཡུལ་འཚོའ། །  ཞྀང་བཞུགས་སོ། །  བཙན་པོ་ཁྲི་སློན་བཙན་གྱིས།  ཞབས་ཀྱྀས་བཙུགསཏེ།  དམག་ཁྲྀ་དང་ཆསྟེ་དྲངས་སོ། །  མྱང་ཙེང་སྐུ། །  དང་།  མནོན་འདྲོན་པོ་གཉིས་ནྀ། །  སྟག་པ་ཤརུ་ལ་ཚུན་ཆད།  བྱ་གཆོད7ཆིང་ཉན་རྣར་བཀྱེའོ8། །  དབའས་དབྱྀ་ཚབ་དང་།  ཚེས་པོང་ནག་སེང་གཉིས་ནྀ།  བཙན་པོའི་སྤྱན་འདྲེན་ནོ། །  ཆུ་བོ་ནི་རབ་དུ་བཏོད་དོ། །  དྲ་ལ9ནྀ་དབྱེ་རུ་བཏྀང་ངོ་། །  མཁར་ཡུ་སྣ་ནྀ་ཕབ་བོ། །  དགུ་གྲྀ་ཟིང་པོ་རྗེ་ནྀ་བརླག་གོ ། ། མང་པོ་རྗེ་སུམ་བུ་ནྀ་དྲུ་གུ་ཡུལ་དུ་བྲོས་སོ། །  ཕགྀ་ཡུང་བ་སྣ་མན་ཆད། །  རྐོང་བྲེ་སྣར་ཡན་ཆད།  བཙན་པོ་པྱག་དུ་བོན་ཏོ། །  བཙན་པོ་ཁྲི་སློན་བཙན་གྱྀས།  བཀའ་སྩལ་ཏེ།  ཡུལ་ངས་པོ་ལས། །  འཕན་ཡུལ་དུ་མྱྀང་སྤོས་སོ། །  མྱང་དབའས་ཀྱྀས།།  མཆྀད་བླངས་པ། གཟུས10ནྀ་ལྷ་བོན་ཏོ། སློན་མཚན་སློན་ཀོལ།  གཟུས་ནྀ་ལྷ་བོན་ཏོ། །  སྲིན་བྱ་རྒོད་ཀྱིས་བཏགསྟེ།  ཚེས་པོང་ནག་སེང་གིས་བཏགས་སོ། །  རྗེ་བདེན་གྱྀས་ནྀ་བཀོལ་ཏོ། སྒ་བདེན་གྱྀས་ནི་བསྟད་དོ། ། མྱྀ་སྨོན་རུམ་དུ་བྱུང་ངོ་། །  མཚེ་གཟུགས11རུམ་དུ་འཁྲུངས་སོ། །  དེ་ནས་ཡུལ་ངས་པོ་འི། འབངས། །  དབའས་དབྱྀ་ཚབ་ལསྩོགས་པས། ། བཙན་པོ་འི་མཚན་གསོལ་པ།  ། ཆབ་སྲིད་གནམ་བས་མཐོ། །  དབུ་རྨོག་རི་བས་བརྩན་ཏེ། །  གནམ་རྀ་སློན་མཚན་དུ་བཏགསོ། །  མྱང་དབའས་མནོན་དང་གསུམ་གྱིས། །  ཟྀང་པོ་རྗེ་འྀ་སྲིད།  བཙན་པོ་སྤུ་རྒྱལ་གྱི་པྱག་དུ་དངར12ཏོ། །  དེ་ནས་གནམ་རི་སློན་མཚན་གྱྀས་པྱག་ལྕག13གིས།  དྲས14ཏེ། །  མྱང་ཙེང་སྐུ་འྀ་བྱ་དགའར། ། མཉན་འཛྀ་ཟུང་གིས་མཁར་སྔུར་བ་དང་།  བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལཏོ། ། དབའས་དབྱི་ཚབ་ཀྱྀ་བྱ་དགའར། ཟ་གད་གཤེན་ཀྱི་ཡུལ་ས་དང་།  མལ་ཏྲོ་པྱོགས་ནས་བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལ་ཏོ། །  མནོན་འདྲོན་པོ་འི་བྱ་དགའར། ཁོ་ན་འྀ་པུ་ནུ་པོ་མནོན་ལ་སྩོགས་པ་བྲན་ཁྱིམ་སྟོང་ལྔ་བརྒྱའ་སྩལ་ཏོ། །  ཚེས་པོང་ནག་སེང་གྀ་བྱ་དགཱར།  འོན་ཀྱྀ་སྨོན་མཁར་ནས།  བྲན་ཁྱིམ་སུམ་བརྒྱའ་སྩལ་ཏོ། ། མྱང་ཙེང་ཅུང་དང་།  ཕ་སྤུན་པོ་མུ་གསེང་གཉྀས་ནྀ་དཀུ་ལ།  གཐོགས་སྟེ། དཀུ་རྒྱལ་པ་འི་ནང་དུ་ཡང་གཐོགས་སོ། །  དབའས་དབྱྀ་ཚབ་ཀྱི་ཚ་བོ། ། སྟག་པོ་རྗེ་མྱེས་སྣང་དང་།  མང་པོ་རྗེ་པུ…ཚབ་གཉྀས་དཀུའ་རྒྱལ་ལ་གཐོགས་སོ། །  ཚེས་པོང་ནག་སེང་གྀ་ནུ་བོ་ན་གུ་དཀུའ་རྒྱལ་ལ་གཐོགས་སོའ།། འུང་ལྟ་སྟེ།  མྱང་དབའས་མཐོན་དང་གསུམ།  ཚེས་པོང་སྲིན་དང་བཞིས།  གློ་བ་ཉེ་ནས།  བྲན་ཁྱྀམ་མང་པོ་དང་།  ཡུལ་ཆེད་པོ་སྩལ་ཏོ། །  བཙན་པོ་འི་བློན་པོར་བཅུག་གོ ། ། རྒྱལ་པོ་འདྀ་འི་རིང་ལ། །  ཁྱུང་པོ་སྤུང་སད་ཀྱིས།  རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ། །  རྩང་བོད་ཁྱིམ་ཉི་གྲི།། བཙན་པོ་འི་པྱག་དུ་པུལ་ཏེ།  ཟུ་ཙེ་གློ་བ་ཉེ་འོ། །  འུང་ནས།  བཙན་པོ་སློན་བཙན་གྱྀས།  རྩང་བོད་ཁྱིམ་ཉི་གྲྀ །། ཟུ་ཙེ་གློ་བ་ཉེ་བ་འི་བྱ་དགའར་སྩལ་ཏོ། །  འུང་གྀ་འོག་དུ།  བཙན་པོ་མཆེད་གཉིས་ལ། ། མོང་སྔོན་པོ་གློ་བ་རྀངས་པ།  ཟུ་ཙེ་གློ་བ་ཉེ་བས་དཀུའ་བེལ15ནས། ། བཙན་པོ་མཆེད་གཉིས་ཀྱི་སྐུ་ལ་མ་དར་པར། །  མོང་སྔོན་པོ་བཀུཾ་སྟེ།  ཟུ་ཙེ་གློ་བ་ཉེ་འོ། །  ཟིང་པོ་རྗེ་སྲིད་བརླག་པ་འྀ་བློ་ལའ།  གཐོགས་ཏེ། །  ཟུ་ཙེ་གློ་བ་ཉེ་འོ། ། འུང་ག་རྗེས་ལ་དགས་པོ་འབངས་སུ་མངའ་བ་ལས་ལོག་གོ །། འུང་ནས་རྗེ་བློན་ཡོངས་སུ་འདུས་ཏེ། །  དགས་པོ་ལྷ་དེ་དགུག་པ་འྀ་བཀའ་གྲོས་མཛད་ནས།  དམག་པོན་སུས་བྱ་ཞེས་བློད(གླེང)ན། སེང་གོ་མྱི་ཆེན་གྱིས། །  ཁོ་བོས་རྔོ་ཐོག་ཆེས་ཁས་བླངས་སོ། །  འུང་ནས་ཁྱུང་པོ་སྤུང་སད་ན་རེ། ། ཁྱོ་འདའས། 16དམག་པོན་འོང་ངམ། །  མྱྀ་འཛངས་པ་གོ །།  སྒྱེའུ་ནང་དུ་སྨྱུང་བུ་བཅུག་པ་དང་མཚུངས་ཤེས་བྱ་ན། །  ཁྱོ་འདའ།  བཙན་པོ་འི་སྣམ་པྱྀ་པར17བཀའ་སྩལ་ནས།  ལོ་དུ་མ་ཞིག་ལོན་ན། ། འཛངས་རྔོ་ཐོག་གོ་ཞེས། ། མྱྀ་ཆིག་གྀས། བསྟོད་པ་ཁོ་བོས་མ་ཐོས་ན། ། ཁྱོ་འདའས་མྱྀ་འོང་བ་ལ་བསྒྲེ་བསྒྲེ18སྟེ། །  འབངས་ཆབ་འཚལ་བར19མཆི་འོ། །  ཞེས་བྱས་སོ། །  མྱྀ་ཆེན་ན་རེ། །  མྱི་ཡོངས་ཀྱིས་ཁོ་བོ་ལ་སྙན་དུ་མྱི་བརྗོད་པ་ཡང་བདེན་ནོ། །  ཁོ་བོ་སྔོན་སྒྱེ་འུ་ནང་དུ་ཞུགས་ཀྱང་མ་ཞུགས།  རྩེ་མོ་པྱིར20མ་བྱུང་བ་ཡང་བདེན་ནོ། །  ཁོ་བོ་སྔོན་སྒྱེ་འུ་ནང་དུ་ཞུགས་སུ་ཟིན་ན། །  རྩེ་མོ་བས་ཡུ་བ་ཕན་ཆད་པྱུང21སྟེ་སོང་ཟིན་ནོ། །  འུང་གྀས་དེང་ཁོ་བོས་གསོལ་བ་ཡང་། །  སྔོན་ཇི་འི་ནང་དུ་ཡང་མ་ཞུགས་པས།  གདོད་འཇུག་པར་གསོལ་བ་ཡྀན་ནོ་ཞེས་བྱས་སོ། ། འུང་ནས། །  བཙན་པོས་ཀྱང་། །  མྱི་ཆེན་གསོལ་བ་བཞིན་གནང་ནས། །  དགས་པོ་འབངསུ་དགུག་པ་འྀ་དམག་པོན་དུ་བཀའ་སྩལ་ཏོ། ། འུང་ནས་མྱི་ཆེན་གྱིས།  དགས་པོ་ལྷ་དེ་ལ་བརྒལ22ཏེ། །  དགས་པོ་ཡོངས་སུ་བཀུག་སྟེ། ། མྱི་ཆེན་གྱི་བྱ་དགའར། ། གསེར་ཁུང་རེ་འུ་རྒལ་གྱི་མྱི་དང་འབྲོག་དུ་བཆས་ཏེ་སྩལ་ཏོ། །  འབྲོང་ཆེ་པོ་རྔུལ་གྱི་རྭ་མྱི།  ཡོངས་ཀྱི་ཁ་ན་བརྗོད་ན། །  སོང་འགོ(སེང་གོ)མྱི་ཆེན་གྱྀས། ། དགས་ཀྱི་བསེན་མཁར་ལ། །  མདུང་མོ་ཐབས་གཆིག་གྀས།  འབྲོག་མོ་ཐང་གང་ཐོབ། །  པྱོགས་རྔེགས་སུམ་བརྩན་སྐྱ་བོ་རེང23གིས།  དཔའ་བའྀ་པུལ་པྱིན་ན24། །  ཉིན་ཆིག་ལ་དགས་པོ་མྱི་བརྒྱའ་བསད་ཆེས་འུང་སྐད་དོ25། །  འུང་གྀ་རྗེས་ལ།  ། མྱང་སྨོན་ཏོ་རེ་གློ་བ་ཉེ་བ་འྀ་བུ། །  ཞང་སྣང་བཙན་པོ་འི་ཞ་འབྲྀང་སྣང་མ་པ26འཚལ་ཞྀང་མཆིས་སོ། །  འུང་གྀ་རྗེས་ལའ། །  བཙན་པོ་རྗེས་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་ལོ། །  འུང་གྀ་ཚེ་ཁྱུང་པོ་སྤུང་སད་ཀྱི་ཀླུ27བླངས་པ་འི་ཚིག་ལ། །

མོན་ཀ་འྀ་ནི་སྟག་ཆིག་པ།

སྟག་བཀུམ་ནྀ་ཟུ་ཙེས་བཀུམ།

གུང་བཀྲོས28ནྀ་པྱག་དུ་པུལ29།

སླ་ལྭོ30ནྀ། ལྷེ(ལྷོ)རྔེགས31སྩལད། །

རྩང་བྲང་ནྀ་ཡ་སྟོད་ཀྱི།

ཐང་པྲོམ32ནྀ་རྒོད་ལྡིང་བའ། །

རྒོད་བཀུཾ་ནྀ་ཟུ་ཙེས་བཀུམ། །

རྒོད་གཤོག་ནྀ་པྱག་དུ་པུལ།

གསལ་གསོབ33ནྀ་ལྷོ་རྔེགས་སྩལད། །

ན་ནྀང་ནི་གཞེ་ནྀང་སྔ། །

ཏྀ་སེ་ནི་གངས་དྲུང་ནས། །

ཤ་དང་ནྀ་རྐྱང་བྱེར་བའ34། །

ཤམ་པོ་ནྀ་སྩ35ལ་བྱེར། །

དྀ་རིང་ནྀ་སང་ལྟ་ན། །

ཤམ་པོ་ནྀ་གཉན་གྱྀ་རྩ། །

ཤ་རྐྱང་ནྀ་ཚས་མ་ངན།

ཤ་རྐྱང་ནྀ་ཚས་མ་ངན36ན། །

ཏི་སེ་ནྀ་གངས་ཀྱི་བྲུན། །

ན་ནིང་ནྀ་གཞེ་ནིང་སྔོན། །

མ་པང37ནྀ་མཚོ་འགྲམ་ནས།

ངང་དང་ནྀ་ངུར་བྱེར་བ། །

དང་ཀོ38ནི་མཚོ་ལ་བྱེར། །

དྀ་རིང་ནྀ་སང་ལྟ་ན།

དང་ཀོ་ནི་ལྷ་འི་མཚོའ། །

ང་ངུར་ནྀ་ཚས་མ་ངན།

ང་ངུར་ནྀ་ཚས་ངན་ན། །

མ་པང་ནྀ་མཚོ་འིས་བྲུན། །

ལྷོ་རྔེགས་ནྀ་འཕན་གྱི་སྣོན།

སེ་ཁྱུང་ནྀ་འཕན39གྱིས་བཏབ། །

སྔ་ན་ནྀ་འཕན་བ་ལ།

ད་ཙམ་ནྀ་སྤྱན་ཡང་ཡས40།

དབུ་པྱིང41ནྀ་གྲོ་བོ་ལ།

ཐ་མ42ནི་གཡགྀས་བསྐོརད།

ཟུ་ཙེ་ནི་སྩལ་ལགས་ཀྲང43།

ཀླུ་དེ་ཞེས་བླང་སོ། །  འུང་ནས་བཙན་པོ་འི་ཐུགས་ལ་དགོངས་པ། ། བློན་པོ་ལྷོ་རྔེགས་གཆིག་གྀས་ལན་བླན་བར་ཐུགས་རེ་བ་ལས།  སུས་ཀྱང་མ་བླན་ཏོ། །  འུང་ནས་ཞང་སྣང་པེ་འུ་ཟུར་འབྲིང་པོ་བཆས་པ་ཙམ་ཞིག ། སྣང་མ44ལྟོམ45ཞིང་མཆིས་པ་ལ།  ཁྱོད་ཕ་སྙིང་ཉེ་བ་འྀ་བུ་ན། ། ཀླུ་ཤེས་སམ་ཞེས་རྨས་པ་དང་།  ཞང་སྣང་གིས་མཆིད་འཚལ་ཞེས་གསློ་ཏོ། །  ཞང་སྣང་གིས་ཀླུ་བླངས་པ། །

ཀྱེ་ན་ནིང་ནྀ་གཞི་ནིང་སྔ། །

ཆབ་ཆབ་ནྀ་ཕ་རོལ་ན། །

ཡར་ཆབ་ནྀ་ཕ་རོལ་ན།

དགུ་གྲི46ནི་ཟིང་པོ་རྗེ། །

ཉ་ལས་ནྀ་ཁམ་དུ་བཀོང4748 །

ཁམ་ལས་ནྀ་རྨེག་དུ་བཏའ49

སྐྱི་ནས་ནྀ་ཉ་འདོན་པ།

དབྱི་ཚབ་ནྀ་པངས་ཏོ་རེ།

ཀླུམ་ན་ནྀ་ཆབ་གཆོད་པ།

ཙེང་སྐུ་ནྀ་སྨོན་ཏོ་རེ།

ཁུར་ར་ནྀ་རགས་ཐོགས་ཤིང་།

དོག50གྀ་ནི་ས་སྐྱེད་པ། །

པང་སུམ་ནྀ་འདྲོན་པོ་ཞིག །

ཐང་ལ་ནྀ་རྩེ་བཆད51ཆིང་། །

ཤམ་པོ་ནི་རྨེད་དུའ་བསྣན། །

ཡུ་སྣ་འྀ་ནི་མཁར་པབ་ཆྀང་།

པྱིང་བའྀ་ནྀ་སྣོན་དུ་བགྱིས།

སྔ་ན་ནི་མཐོ་བ་ལ།

ད་ཙམ་ནི་དགུང་ལ་རེག །

ངས་པོ་ནི་སྒང་དྲས52ཤྀང་།

ཡར་མོ་ནྀ་ཁོལ་དུ་སྩལ་

སྔ་ན་ནི་ཆེ་བ་ལ།

ད་ཙམ་ནི་མཐའ་ཡང་ཡས། །

ལྷོ་རྔེགས་ནི་འཕན་གྱིས་བཏབ།

སྔ་ན་ནི་འཕན་པ་ལ།

ད་ཙམ་ནི་སྤྱན་ཡང་ཡས།

ན་ནྀང་ནི་གཞེ་ནིང་སྔ། །

ཕོ་བ་འྀ་ནི་འབྲོང་བཀུཾ་བ།

ལྷོ་ཤིང་ནི་སྨྱུག་མོ་རྒྱལ། །

ལྕགས་ཀྱྀས་ནི་མ་དྲལ53ན། །

སྨྱུག་གྀས་ནི་རེ54མྱི་པུགས55། །

རྒོད་ཀྱིས་ནི་མ་བསྒྲོན་ན།

འབྲོང་ལ་ནྀ་རེ་མྱི་འཇེན56། །

ངས་བོ་ནི་རུ་ཡུལ་གྱི།

ཀོམ་རྩེ57ནི་གཟིགས་མོ་རྒྱལ། །

ཁབ་ཀྱིས་ནྀ་མ་པུག་ན།

རྒྱུས་ཀྱི་ནྀ་རེ་མྱི་སུགས(ཟུག)58།

རྒྱུས་ཀྱིས་ནྀ་མ་དྲངས་ན།

ཀོམ་ཙེ་ནྀ་ཉིད་མྱི་འཇོ59

ཞེས་གླུ་བླངས་ནས། །  ཚིག་དེས།  བཙན་པོ་ཐུགས་བཉེ་སྟེ། །  མྱང་ཞང་སྣང་བློན་པོར་བཅུག་ནས།  བློན་པོ་འི་མཚན་མར་ཡང་རྔུལ་གྱི་སུག་བུ་ཆུང60སྩལཏོ། །

2 མ་ཡིག་གི་འབྲུ་འགྲེལ།

བཙན་པོ་སློན་བཙན(གནམ་རི་སྲོང་བཙན)དང་སློན་ཀོལ་སྤུན་མཆེད་གཉིས་དང་།  མྱང་ཙེ་སྐུ་དང་དབས་དབྱི་ཚབ།  དབས་མྱེས་སྣང་།  དབས་པུ་ཚབ།  མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་རྗེ་བློན་བརྒྱད་པོས་བཞག་པའི་མནའ་ཚིག་འདི་ལྟར།  ཉི་མ་དེ་རིང་ཕན་ཆད་ནས་ཟིང་པོ་རྗེ་རྒྱབ་ཏུ་འདོར་ངེས་ཡིན།  སྤུར་རྒྱལ་བཙན་པོ་ནི་སྙིང་དབུས་སུ་བཞག་ངེས་ཡིན།  བཙན་པོ་ལ་ནམ་ཡང་བློ་མི་ལོག  ཞབས་འདྲེན་པའི་བླ་འཚོང་པོ་མི་བྱེད།  གསང་བ་སྒོ་ཕྱིར་མི་འདོན།  ཕྱི་མི་ནང་ལ་མི་འཛུད།  བློ་གཅིག་སེམས་གཉིས་གཏན་ནས་མི་བྱེད།  དམག་སར་དཔའ་གཏན་ནས་མི་ཁུམས།  རང་སྲོག་འདོར་བར་མི་འཛེམ།  བཙན་པོའི་བཀའ་ཅི་གསུང་དང་ལེན་ཞུ་ངེས་ཡིན།  གཞན་གྱིས་བསླུས་བྱེད་ལ་གཡོ་འོག་ཏུ་གཏན་ནས་མི་ཚུད་པ་བཅས་ཀྱི་དབུ་མནའ་དེ་ལྟར་བཞེས་ཅིང་།  དེ་མིན་མྱང་ཙེང་ཅུང་དང་།  མྱང་མུ་གསེང་།  ཚེས་པོང་ན་གུ་དབས་མྱེས་སྣང་།  དབས་པུ་ཚབ་སོགས་ཀྱང་ཐེངས་དེའི་མནའ་ཁོངས་སུ་ཞུགས་ཡོད། 

དེ་ནས་དམག་ནམ་དྲངས་པའི་དུས་ཚོད་བཀག་རྗེས་སོ་སོ་རང་གནས་སུ་ཕྱིར་ལོག་པ་རེད།  གཅུང་སློན་ཀོལ་དང་ཡུམ་སྟོང་ཙུན་གཉིས་གཞིས་སྲུང་དུ་བཞག   བཙན་པོ་ཁྲི་སློན་བཙན་སྐུ་ངོ་མས་དམག་ཁྲི་དང་བཅས་ཏེ་ཐོན།  མྱང་ཙེང་སྐུ་དང་མནོན་འདྲོན་པོ་གཉིས་ནི་སྟག་པ་ཤར་རུ་ལ་ཚུན་ཆད།  ཉིན་མོའི་བྱ་ར་དང་མཚན་མོའི་མེལ་ཚེ་དང་བཅས་དབས་དབྱི་ཚབ་དང་།  ཚེས་པོང་ནག་སེང་གཉིས་ཀྱིས་བཙན་པོའི་དཔུང་གི་རུ་སྣེ་དྲངས།  ཆུ་བོ་ནི་རབ་ཀྱིས་བཅད།  འགྲོ་ལམ་ཡོད་མེད་ནི་ཞིབ་མོས་དཔྱད་ནས་མཁར་སྔུར་བའི་ཡུ་སྣ་བཅོམ་ཞིང་།  དགྲ་བོ་ཟིང་པོ་རྗེ་རྩ་མེད་བཏང་སྟེ།  མང་པོ་རྗེ་སུམ་བུ་ཟེར་བ་དེ་དྲུ་གུ་ཡུལ་དུ་བྲོས་ཕྱིན་པ་རེད།  ཕག་གི་ཡུང་བ་སྣ་ཟེར་བ་མན་ཆད།  ཀོང་པོའི་བྲེ་སྣར་ཡན་ཆད་ཀྱི་ས་ཆ་དེ་དག་བཙན་པོའི་མངའ་འོག་ཏུ་བསྡུས་པ་རེད།  དེ་ནས་བཙན་པོ་ཁྲི་སློན་བཙན་གྱི་བཀའ་དོན་ལྟར་དེ་སྔ་ཡུལ་ངས་པོ་ཟེར་བ་དེར་འཕན་ཡུལ་ཞེས་པའི་མིང་བཏགས་པ་རེད།  དེ་དུས་མྱང་དབས་ཀྱིས་གླུ་བླངས་པ།

བཙན་པོའི་མཚན་ལ་ནི་ལྷ་ཞེས་པ།

གཅེན་སློན་བཙན་དང་གཅུང་སློན་ཀོལ་གཉིས།

ཁོང་གཉིས་མཚན་ལ་ནི་ལྷ་ཞེས་པ།

སྲིན་བྱ་འུག་པ་དེ་རྒོད་ཀྱིས་བསད།

ཚེས་པོང་ནག་སེང་གིས་ཟིང་རྗེ་བསད།

རྗེ་བདེན་གྱི་ནི་འབངས་འཁོར་རྣམས་སྐྱིད།

སྒ་མཛེས་པ་རྟའི་རྒྱན་དུ་གྱུར།

མིས་ཡིད་སྨོན་བུ་ཞིག་པང་དུ་འཁྲུངས།

གཡང་དཀར་ལུག་ནི་མཚེ་མ་ལ་སྐྱེས།

དེ་ནས་ཡུལ་ངས་པོའི་འབངས་དང་དབས་དབྱི་ཚབ་ལ་སོགས་པས་བཙན་པོའི་མཚན་སྙན་གསོལ་བའི་སྐབས་སུ།  ཆབ་སྲིད་ནི་གནམ་ལས་མཐོ་བ་དང་།  དབུ་འཕང་ནི་རི་ལས་བཙན་པས་མཚན་གནམ་རི་སློན་བཙན་དུ་བཏགས་ཏེ།  མྱང་དང་།  དབས།  མནོན་ཁོང་གསུམ་གྱིས་ཟིང་པོ་རྗེའི་ས་ཡུལ་རྣམས་བཙན་པོའི་ཕྱག་ཏུ་རྩིས་འབུལ་ཞུས་པ་རེད།  དེ་ནས་གནམ་རི་སློན་བཙན་རང་ཉིད་ངོ་མས་མྱང་ཙེང་སྐུའི་བྱ་དགའ་ལ།  མཉན་འཛི་ཟུང་གི་མཁར་སྔུར་བ་དང་།  བྲན་གཡོག་ཁྱིམ་དུད་སྟོང་ལྔ་བརྒྱ་བསྩལ།  དབས་དབྱི་ཚབ་ཀྱི་བྱ་དགའ་ལ།  ཟ་གད་གཉེན་ཀྱི་ཡུལ་ས་དང་།  མལ་ཏྲོ་ཕྱོགས་ནས་བྲན་གཡོག་ཁྱིམ་དུད་སྟོང་ལྔ་བརྒྱ་སྩལ།  མནོན་འདྲོན་པོའི་བྱ་དགའ་ལ་ཁོའི་ཕུ་ནུ་མནོན་ལ་སོགས་པ་བྲན་གཡོག་ཁྱིམ་དུད་སྟོང་ལྔ་བརྒྱ་སྩལ།  ཚེས་པོང་ནག་སེང་གི་བྱ་དགའ་ལ་འོན་ཀྱི་སྨོན་མཁར་ནས་བྲན་གཡོག་ཁྱིམ་དུད་སུམ་བརྒྱ་སྩལ་བ་རེད།  མྱང་ཙང་ཅུང་དང་ཕ་སྤུན་ཡིན་པའི་མུ་གསེང་གཉིས་ཀྱང་སྐབས་དེའི་མནའ་ཁོངས་སུ་ཞུགས་ཤིང།  དབས་དབྱི་ཚབ་ཀྱི་ཚ་བོ་སྟག་པོ་རྗེ་མྱེས་སྣང་དང་མང་པོ་རྗེ་པུ་ཚབ་གཉིས་ཀྱང་མནའ་ཁོངས་སུ་ཞུགས།  ཚེས་པོང་ནག་སེང་གི་ནུ་བོ་ན་གུ་ཟེར་བ་ཡང་མནའ་ཁོངས་སུ་ཞུགས་པ་རེད།  དེ་ནས་མྱང་།  དབས།  མནོན་དང་གསུམ།  ཚེས་པོང་སྲིན་དང་བཞིས།  བཙན་པོར་བློ་གཏོད་རྒྱབ་བཅོལ་བྱས་པས་བྲན་གཡོག་ཁྱིམ་དུད་མང་པོ་དང་ཡུལ་ས་ཆེན་པོ་བསྩལ་ནས་བཙན་པོའི་བློན་པོར་བསྐོས་པ་རེད།

བཙན་པོ་གནམ་རི་སློན་བཙན་དེའི་སྐབས་སུ།  ཁྱུང་པོ་སྤུངས་སད་ཟེར་བ་དེས་གཙང་ཁུལ་གྱི་རྗེ་བོ་མར་མུན་ཞེས་པ་དེའི་མགོ་བཅད་ནས་གཙང་ཁུལ་གྱི་མི་སྡེ་ཁྱིམ་ཚང་ཉིས་ཁྲི་ཙམ་གནམ་རི་སློན་བཙན་གྱི་འབངས་སུ་ཕུལ་བ་རེད།  དེ་དུས་བཙན་པོའི་ཐུགས་ལ་ཟུ་ཙེ་སྙིང་ཉེ་བ་ལ་དགོངས་ནས་གཙང་ཁུལ་གྱི་མི་སྡེ་ཁྱིམ་ཚང་ཉིས་ཁྲི་ཡང་ཟུ་ཙེ་ལ་གནང་བ་རེད།  དེའི་རྗེས་སུ།  མོང་སྔོན་པོ་ཟེར་བ་བློན་པོ་དེས་བཙན་པོ་མཆེད་གཉིས་ལ་བློ་ལོག་སྐབས་ཟུ་ཙེས་བཙན་པོར་སྙིང་ཉེ་བའི་ཐོག་ལ་གཡོ་སྒྱུ་ཐེར་འདོན་བྱས་ནས་བཙན་པོ་མཆེད་གཉིས་ཀྱི་སྐུ་ལ་གནོད་འཚེ་བྱེད་མ་ཐུབ་པར་བརྟེན་བཙན་པོས་མོང་སྔོན་པོ་བསད་ཅིང་།  ཟུ་ཙེ་ནི་དངོས་སུ་སྙིང་ཉེ་བའི་བློན་པོའི་གྲས་ཤིག་ཏུ་བརྩིས།  ཟིང་པོ་རྗེའི་རྒྱལ་སྲིད་བརླག་པའི་ཐབས་ཇུས་ནང་ལའང་ཞུགས་པས་བཙན་པོའི་བློ་གཏོད་ས་ཞིག་ལ་བརྩི་གི་ཡོད་པ་རེད།

དེའི་རྗེས་ལ་དྭགས་པོའི་འབངས་རྣམས་ངོ་ལོག་བྱས་པས།  དེ་ནས་རྗེ་བློན་ཡོངས་རྫོགས་ཚོགས་འདུར་བསྡུར་ཤིང་།  དྭགས་པོའི་རྒྱལ་པོ་དགུག་པའི་གྲོས་བསྡུར་མཛད།  དྭགས་པོར་དམག་འདྲེན་པའི་དམག་དཔོན་སུས་ཕེར་ཅེས་གླེང་བའི་ཚེ།  སེང་གོ་མི་ཆེན་གྱིས་ངས་ཡོང་ཞེས་མ་བསྐུལ་དང་བླངས་བྱས་པ་རེད།  དེ་ལ་ཟུ་ཙེ་ཡིད་མི་དགའ་བར་སེང་གོ་མི་ཆེན་ལ་མཐོང་ཆུང་བྱས་ནས་ཁྱོད་ལྟ་བུས་དམག་དཔོན་ཕེར་རམ།  མི་དཔའ་ལ་མཛངས་པ་ཟེར་བ་དེ་ནི་སྒྱེའུ་ནང་དུ་སྙུང་བུ་བཅུག་པ་དང་འདྲ་བར་རྩེ་མོ་ཕྱིར་འཐོན་པ་ཞིག་དགོས།  ཁྱོད་ལྟ་བུ་བཙན་པོའི་ཞབས་ཕྱི་ནང་མ་བྱས་ནས་ལོ་མང་དེ་ཙམ་སོང་།  སེང་གོ་མི་ཆེན་མཛངས་ལ་མཁས་ཟེར་བ་རྣ་བས་མ་ཐོས།  ཁྱོད་ལྟ་བུ་མི་འཇོན་འཇོན་མདོག་བྱེད་མཁན་འབངས་ལ་གནོད་པ་ཙམ་ལས་ཅིས་མི་ཡོང་།  སེང་གོ་མི་ཆེན་ན·རེ།  མི་རྣམས་ཀྱིས་ང་ལ་བསྟོད་བསྔགས་མ་བྱས་པ་དེ་ཡང་བདེན། ང་སྔོན་ཆད་སྒྱེའུའི་ནང་དུ་འཛུལ་ཀྱང་འཛུལ་མ་མྱོང་།  རྩེ་མོ་ཕྱིར་ཡང་ཐོན་མ་མྱོང་བ་དེ་བདེན།  གལ་སྲིད་ང་སྔོན་ཆད་སྒྱེའུ་ནང་དུ་འཛུལ་ཡོད་ན་རྩེ་མོ་ལས་ཡུ་བ་ཡན་ཆད་ཕྱིར་དོན་ཟིན་པ་ཞིག་རེད།  དེར་བརྟེན་ད་ལྟ་ངས་ཞུས་པ་དེ་ནི་དེ་སྔོན་གང་ཞིག་ནང་དུ་འཛུལ་མ་མྱོང་བས་དེ་ལྟར་ཞུས་པ་ཡིན།  དེ་ནས་བཙན་པོས་ཀྱང་མི་ཆེན་གྱིས་ཞུས་པ་བཞིན་གནང་ནས་དྭགས་པོ་འབངས་སུ་དགུག་པའི་དམག་དཔོན་དུ་བསྐོས།  མི་ཆེན་གྱིས་དྭགས་པོའི་ཡུལ་དུ་དམག་དྲངས།  དྭགས་པོ་ཐམས་ཅད་བཅོལ་ཐུབ་པ་བྱུང་བས་མི་ཆེན་གྱི་བྱ་དགར་གསེར་ཁུང་རེའུ་རྒལ་ཞེས་པའི་ས་ཆ་དེའི་མི་དང་ཡུལ་འབྲོག་བཅས་པ་གནང་བས།  འབྲོང་གི་རུ་ཐུར་ལ་དངུལ་གྱིས་རྒྱན་ཆ་སྤྲས་པ་ལྟ་བུ་ཡོངས་སུ་གྲགས་པ་རེད།  སེང་གོ་མི་ཆེན་གྱིས་དྭགས་པོའི་བསེན་མཁར་ལ་མདུང་མོ་གཡུག་ཐེངས་གཅིག་ལ་འབྲོག་མོ་ཐང་གང་ཐོབ།  ཕྱོགས་རྔེག་སུམ་བརྩན་གྱི་མི་ཆེན་དཔའ་བོ་མང་པོའི་ནང་ནས་མཆོག་ཏུ་གྱུར་པ་ཞིག་བྱུང་ནས་ཉིན་གཅིག་ལ་དྭགས་པོའི་མི་བརྒྱ་བསད་པ་ཞེས་ཟེར།

དེའི་རྗེས་ལ།  མྱང་སྨོན་ཏོ་རེའི་སྙིང་ཉེ་བའི་བུ་ཞང་སྣང་ཟེར་བ་དེ་བཙན་པོའི་ཞབས་ཕྱི་ནང་མ་བྱས་ཤིང་།  དེ་དུས་བཙན་པོ་རྗེ་བློན་རྣམས་དམག་སྟོན་མཚོན་བྱེད་གསོལ་སྟོན་རྒྱ་ཆེར་བཤམས་སྐབས་ཁྱུང་པོ་སྤུང་སད་ཀྱིས་གཙང་བཙན་པོའི་འབངས་སུ་ཕུལ་ཚུལ་སོགས་ངོམ་སོ་བྱས་པའི་གླུ་འདི་ལྟར།

ས་མོན་ཀ་ཡུལ་གྱི་སྟག་ཅིག་པོ།

སྟག་སུས་བཀུམ་ཞེ་ན་ཟུ་ཙེས་བཀུམ།

སྟག་པགས་པ་བཙན་པོའི་ཕྱག་ཏུ་ཕུལ།

གློ་རྒྱུ་མ་ལྷོ་རྔེགས་དཔའ་བོར་སྩལ།

ཡུལ་གཙང་གི་ཕོ་བྲང་ཡར་སྟོད་ན།

རྒོད་ཐང་དཀར་ནམ་མཁར་ལྡིང་སྐོར་བརྒྱབ།

རྒོད་སུས་བཀུམ་ཞེ་ན་ཟུ་ཙེས་བཀུམ།

བྱ་རྒོད་སྒྲོ་བཙན་པོའི་ཕྱག་ཏུ་ཕུལ།

སྤུ་ཐུལ་ལ་རྔེགས་དཔའ་བོར་སྩལ།

དུས་ན་ནིང་སྔོན་དུ་གཞེས་ནིང་སྔ།

གངས་ཏི་སེ་དཀར་པོའི་འགྲམ་ངོགས་ན།

ཤ་བ་རྐྱང་ཁྱུ་རྣམས་སོ་སོར་གྱེས།

ཤམ་པོ་རི་ལྡེབས་ཀྱི་རྩྭ་ཡི་ཆེད།

དུས་དེ་རིང་སང་ཉིན་བལྟས་ཙ་ན།

ཤམ་པོའི་རྩྭ་ཟ་ནི་ཡུལ་གཉན་པ།

ཤ་རྐྱང་རྣམས་རྩལ་ངོམས་མ་ཆེ་ཞིག

ཤ་རྐྱང་རྣམས་རྩལ་ངོམས་ཆེ་དྲགས་ན།

གངས་ཏི་སེའི་ངོས་ཀྱི་བྱ་བྲུན་འདྲ།

དུས་ན་ནིང་སྔོན་དུ་གཞིས་ནིང་སྔ།

མཚོ་མ་ཕམ་གཡུ་མཚོ་མེར་བའི་འགྲམ།

བྱ་ངང་པ་ངང་སེར་སོ་སོར་གྱེས།

མཚོ་དང་ཀོའི་ཕྱོགས་སུ་འཕུར་ནས་འགྲོ །

དུས་དེ་རིང་སང་ཉིན་བལྟས་ཙ་ན།

མདོ་དང་ཀོ་ཟེར་བ་ལྷ་ཡི་མཚོ།

བྱ་ངང་ངུར་འགྱུར་སྐྱེན་མ་ཆེ་ཞིག

བྱ་ངང་ངུར་འགྱུར་སྐྱེན་ཆེ་དྲགས་ན།

མཚོ་མ་ཕམ་འགྲམ་གྱི་བྱ་བྲུན་འདྲ།

ཡུལ་ལྷོ་རྔེགས་ཐོག་ལ་འཕན་པོ་སྣོན།

རུས་སེ་ཁྱུང་ཞེས་པས་འཕན་པོ་བླངས།

དུས་སྔར་སོང་ས་ཡུལ་རྒྱ་ཆེ་ལ།

དུས་དེང་སང་རྒྱ་ཁྱོན་མཐའ་ལས་འདས།

དབུ་ཕྱིང་ནི་འབྲུ་ཡི་བང་མཛོད་འདྲ།

གམ་འབྲོག་ན་འབྲོག་ལས་དར་རྒྱས་ཆེ།

ང་ཟུ་ཙེས་བྱས་རྗེས་མ་ཡིན་ནམ།

ཁྱུང་པོ་སྤུང་སད་ཟུ་ཙེས་གླུ་དེ་ལྟར་བླངས་པ་རེད།  དེ་ནས་གནམ་རི་སློན་བཙན་གྱི་ཐུགས་ལ།  རིགས་རུས་ལྷོ་རྔེགས་ཡིན་པ་ཞིག་གིས་གླུ་དེ་ལ་ལན་ཞིག་བྱུང་ན་དགོངས་པའི་ཚེ།  སུས་ཀྱང་ལན་རྒྱག་ནུས་མཁན་མ་བྱུང་བ་རེད།  དེ་ནས་བཙན་པོས་ཞང་སྣང་པེའི་ཟུར་འབྲིང་པོ་ཟེར་བ་ཞིག་བཙན་པོའི་ཞབས་ཕྱི་ནང་མའི་གྲས་ཡིན་བཞིན་པ་དེར་ཁྱོད་ཕ་བཟང་གི་བུ་ཞིག་ཡིན་ན་གླུ་ལེན་ཤེས་སམ་གསུངས་པ་ན།  ཞང་སྣང་གིས།  ངས་གླུ་དེ་ལ་གླུ་ལན་འཕྲོད་ཐབས་ཙམ་ཤིག་ཡོད་ཟེར་ནས་གླུ་འདི་ལྟར་བླངས།

ཀྱེ་ལོ་ན་ནིང་ལས་གཞེས་ནིང་སྔ་།

ཆུ་བོ་ཆུ་བོ་ཡི་ཕ་རོལ་ན།

ཡར་ཆབ་གཙང་པོ་ཡི་ཕ་རོལ་ན།

གཏུམ་དྲག་གི་དགྲ་ཟླ་ཟིང་པོ་རྗེ།

འགྱུར་ཙམ་གྱི་ཉ་མོ་གཏི་གར་བགོས།

ཁམ་རེ་བཞིན་མིད་ནས་རྨེག་མེད་བཏང་།

སྐྱིད་ཆུ་བོའི་གཞུང་ནས་ཉ་འདོན་མཁན།

དབས་དབྱི་ཚབ་ནི་པང་ཏོ་རེ་ཙམ།

ཀླུམ་ཡ་གསུམ་ཆུ་བོ་བརྒལ་ནུས་མཁན།

ཙེང་སྐུ་སྨོན་ཏོ་རེ་ཁོ་ཙམ་མཆིས།

ལས་འགན་ལྗིད་པོ་ནི་ཁུར་ཐོགས་པ།

དོག་མོའི་ས་གཞི་འདིར་རྒྱར་བསྐྱེད་པ། 

མནོན་འདྲོན་པོ་ཙམ་ལས་ཅང་མ་ཐོས།

ཐང་ཆེན་པོ་དེ་ལ་དམིགས་གཏད་ནས།

རི་ཡར་ལྷ་ཤམ་པོ་དེ་ཐོག་སྣོན།

མཁར་སྔུར་བའི་ཡུ་སྣ་བཅོམ་ནས་ནི།

ཡུལ་ཕྱིང་བ་སྟག་རྩེའི་ཁ་སྣོན་བྱས།

སྔར་ནས་ནི་དབུ་འཕང་མཐོ་བཞིན་པ།

དུས་ད་ལྟ་ནམ་མཁའི་དགུང་ལ་བསྙེགས།

ངས་པོ་ནི་བཙན་པོ་ངོ་མས་བཅོམ།

ཡུལ་ཡར་མོ་འབངས་སུ་བདག་རྐྱེན་སྩལ།

དུས་སྔར་སོང་ཡུལ་ས་རྒྱ་ཆེ་ལ།

དུས་དེང་སང་རྒྱ་ཁྱོན་མཐའ་ཡང་ཡས།

ཡུལ་ལྷོ་རྔེགས་ཐོག་ལ་འཕན་པོ་སྣོན།

རུས་ལྡོང་ཏོང་ཞེས་པས་འཕན་པོ་བླངས།

དུས་སྔར་སོང་ས་ཡུལ་རྒྱ་ཆེ་ལ།

དུས་དེང་སང་རྒྱ་ཁྱོན་མཐའ་ལས་འདས།

དུས་ན་ནིང་གཞེས་ནིང་ལོ་ཡི་སྔ།

ཕོ་སྟག་ཤར་ཞིག་གིས་འབྲོང་རྒོད་བཀུམ།

ལྷོ་ལྗོན་པའི་ཚལ་ན་སྨྱུག་མ་རྒྱས། 

ལྕགས་རྣོན་པོའི་མདེའུ་མ་སྦྱར་ན།

མདའ་སྨྱུག་མས་འབྲོང་ཀོ་བརྟོལ་ཐབས་བྲལ།

མདའ་མཇུག་ལ་རྒོད་སྒྲོས་མ་བསྒྲོན་ན།

འབྲོང་གཡག་རྒོད་ཐུལ་བ་རེ་མ་མཆིས།

ཡུལ་འཕན་པོའི་ཐོན་ཁུངས་ར་པགས་མང་།

གཟིག་ཐིག་ལེའི་ཀོམ་ཙེ་བཟོ་འདོད་ཚེ།

ཁབ་རྣོན་པོས་ཚེམ་བུ་མ་བརྒྱབ་ན།

རྒྱུད་སྐུད་པས་འཚེམ་བུ་ཡོང་ཐབས་མེད།

རྒྱུད་སྐུད་པས་འཚེམ་པོས་མ་དྲུབས་ན།

གཟིག་ཐིག་ལེའི་ཀོམ་ཙེ་ཡོང་ཐབས་བྲལ།

ཞེས་གླུ་བླངས་པས།  གླུ་ཚིག་དེ་ལ་བཙན་པོ་དགྱེས་པར་བརྟེན།  མྱང་ཞང་སྣང་བློན་པོར་བསྐོས།  བློན་པོའི་རྟགས་མར་དངུལ་གྱི་ཡི་གེ་ཆུང་ངུ་ཞིག་གནང་བ་རེད།

3 མཆན་འགྲེལ།

①རེ།  བྱ་ཚིག་རང་དབང་ཅན་གྱི་རྗེས་སུ་སྦྱར་ཞིང་དགག་སྒྲ་དང་མཚུངས་པའི་རྣམ་གཅོད་ཀྱི་ཚིག་ཕྲད་འདིས་མནའ་བོར་བའི་ཚུལ་གྱིས་བྱ་སྤྱོད་གཏན་ནས་མི་སྤེལ་ཞེས་པའི་དོན་སྟོན།  དཔེར་ན།  དབྱི་ཚབ་གྱི་བུ་ལ་མ་ཉེས་པར་བཀྱོན་དབབ་རེ། འཕྲའ་མ་མྱི་དག་གསན་རེ་ནི་དབྱི་ཚབ་གྱི་བུ་ལ་མ་ཉེས་པར་ཁྲིམས་གཏན་ནས་མི་གཅོད། ཕྲ་མ་བྱེད་མཁན་མི་རྣམས་ཀྱི་ངག་ལ་གཏན་ནས་མི་ཉན་ཞེས་པའི་དོན་ཡིན་ལ།  གེ་སར་རྒྱལ་པོའི་སྒྲུང་དང་དེང་སང་མདོ་ཁམས་ཀྱི་ཡུལ་སྐད་དུའང་དེ་ལྟ་བུའི་རེ་སྒྲ་སྦྱར་སྲོལ་ཡོད།  དཔེར་ན།  ཁམས་སྡེ་དགེའི་སྐད་དུ་ད་ཕན་ཆད་ཕ་མའི་ཁ་ལ་མི་ཉན་རེ(ཕྱིན་ཆད་ཕ་མའི་ཁ་ལ་ཏན་ཏན་ཉན་གྱི་ཡིན)། ནང་གཏམ་ཕྱི་ལ་བཤད་རེ(ནང་ཁུལ་གྱི་གཏམ་དེ་ཕྱི་ལ་གཏན་ནས་མི་བཤད)ལྟ་བུ་སོགས་ཀྱིས་མཚོན།

②གློ་བ་འདྲྀང་། གློ་བ་རིངས།  གློ་ལོག་པའམ་རྒྱབ་གཏོད་བྱས་པ།

③མཐང་གྲང(མཐའ་གྲང)། ⑴ཞབས་འདྲེན་ཞུས་པ། ⑵མཐའ་མ་འཁྱོལ་བ།

④མན་ངག་ཐུབ་པ།  གསང་བ་ཐུབ་པ།

⑤པྱྀ་མ།  ཕྱི་མ།  ཕྱི་མི། 

⑥ཐུས།  དུས།

⑦བྱ་གཆོད།  བྱ་གཅོད།  བྱ་ར་བྱེད་པ།   (《དེབ་ཐེར་དཀར་པོ》ཤིང་པར་ཤོག་ལྷེའི22པར་གསལ)།

⑧བཀྱེ།  བཏང་པ།

⑨དྲ་ལ།  རྒྱལ་རོང་ཡུལ་སྐད་དུ་ལམ་གྱི་དོན།

⑩གཟུས།  མིང་གི་ཞེ་ས།

11མཚེ་གཟུགས(མཚེ་ཟུགས)། ལུག་མཚེ་མ།

12དངར།  སྐབས་འདིར་ཕུལ་ལ་གོ་དགོས།

13པྱག་ལྕག   ཕྱག་ལྕག(ཕྱག་བསྣམ་གྱི་ལྕག་ཚན་མིན་ནམ)

14དྲས།  དུམ་བུ་ཞིག་དྲས་ཏེ་བླངས་པའི་དོན།

15དཀུའ་བེལ་བ།  གཡོ་སྒྱུ་ཐེར་འདོན་བྱས་པ།  བེལ་བ་ནི་བཀོག་པའམ་འདོན་པའི་དོན།  ད་ལྟ་ཁམས་སྐད་དུའང་སོ་བཀོག་པ་ལ་སོ་བེལ་ཞེས་ཟེར།

16ཁྱོ་འདའས།  ཁྱོད་ལྟ་བུས།

17སྣམ་པྱི་པ།  སྣམ་ཕྱི་པ།

18བསྒྲེ་བསྒྲེ།  མི་འཇོན་འཇོན་མདོག

19ཆབ་འཚལ་བ།  འཕྲོ་བརླག་བཏང་པའི་དོན། 

20པྱིར།  ཕྱིར།  ཕྱི་རུ།

21པྱུང་།  ཕྱུང་།

22བརྒལ། ⑴དམག་རྒྱག་པ། ⑵ཚད་ལས་བརྒལ་བ།

23སྐྱ་བོ་རེང་།  ཁེར་རྐྱང་།

24དཔའ་བའྀ་པུལ་པྱྀན་ན།  དཔའ་བོའི་ནང་ནས་མཆོག་ཏུ་གྱུར་བ། 

25ཆེས་འུང་སྐད་དོ།  ཅེས་དེ་སྐད་དོ།

26ཞ་འབྲྀང་སྣང་མ་པ།  ⑴ཞབས་འབྲིང་ནང་མ། ⑵གསང་བའི་གཏམ་ཉན་ཆོག་ཕའི་གཡོག་པོ།

27ཀླུ། གླུ།

28གུང་བཀྲོས།  སྟག་ལྤགས།

29པྱག་དུ་པུལ།  ཕྱག་ཏུ་ཕུལ།

30སླ་ལྭོ། གློ་བ་དང་རྒྱུ་མ།

31ལྷོ་རྔེགས།  རུས་མིང་ངམ་ས་ཆའི་མིང་།  དཔེར་ན།  P.T.1038ཡིག་ཕྲེང13ནས19པའི་བར་ལས་གནམ་གི་ལྷ་ལས།  ས་གདོག་དྲུག་དུ།  འགྲེང་འགོ་ནག་གྀ་རྗེ་མྱེད་གྀ་རྗེ།  དུད་རྔོགས་ཆག་བླ་མྱེད་ཀྱྀ་བླར།  བློན་པོ་ལྷོ་རྔོགས(རྔེགས)། ཆོན་པོ་མཚྀ་གཅོ།  ཕྱག་ཚང་ཤ་སྤུག །  མྱྀ་རྗེ་ལྷ་དང་བདུད།  དུ་བརྒྱྀས་ནས། ། ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆི། །

32ཐང་པྲོམ།  བྱ་རྒོད་ཐང་དཀར།  བྱ་རྒོད་ལུས་པོའི་སྤུ་མདོག་དཀར་བ།

33གསབ་གསོབ།  སྤུ་ཐུལ་ལུ།

34བྱེར་བ།  སོ་སོར་གྱེས་པ།

35སྩ། རྩྭ།

36ཚང་ངན། ⑴སྐབས་འདིར་འགྱུར་སྐྱེན་ལ་གོ་དགོས་པ་འདྲ།  ⑵སྤོབས་པ་མཐོ་དྲགས་ན།

37མ་པང་།  མ་ཕམ།  མཚོ་མ་ཕམ། བོད་རང་སྐྱོང་ལྗོངས་ཁོངས་སྤུ་ཧྲེང་རྫོང་གྱི་མཚོ་ཞིག

38དང་ཀོ   མཚོ་ཞིག

39འཕན། ⑴རྒྱ་ཆེན་པོ། ⑵ས་མིང་ངས་པོ།

40སྤྱན་ཡང་ཡས།  མཐའ་ཡང་ཡས།  མཐའ་རྒྱ་མིག་གིས་མཐོང་མི་ཐུབ་པ།

41དབུ་པྱིང་།  དབུ་རུའི་ཕྱིང་བ་སྟག་རྩེ།

42ཐ་མ།  མཐའ་སྐོར།

43ཀྲང(གྲང)། འདྲི་ཚིག་ལ་འཇུག་པའི་འབྱེད་སྡུད་ཀྱི་སྒྲ་གམ་ངམ་སོགས་དང་ཆ་འདྲ་བའི་གནའ་བོའི་ཕྲན་ཅིག

44སྣང་མ།  ཞབས་འབྲིང་ནང་མ།

45ལྟོམ(ལྡོམ)། འདེམས།

46དགུ་གྲི   གཏུམ་དྲག་གྱི་དགྲ་ཟླ།

47བཀོང་།  བསྒོང་།

48ཁམ་དུ་བཀོང་།  ཁམ་དུ་བཅད་པ་སྟེ།  དུམ་བུར་བཅད་པ། 

49རྨེག་བཏའ།  བརླག་པ།

50དོག   ས་དོག་མོ།

51རྩེ་བཆད(བཅད)། མིག་གཏད་ས་བྱས།

52སྒང་དྲས།  དབང་འོག་ཏུ་བསྡུས་པ།

53དྲལ།  སྦྲེལ།

54རེ།  ནམ་ཡང་།

55པུགས།  ཕུག

56མྱི་འཇེན།  མི་ཐེབས།

57ཀོམ་རྩེ། ⑴ཀོ་བའི་ཁུག་མ།  ⑵སྒ་ཆས་ཀོ་གདན་འཇའ་རིས་མ་ལྟ་བུ་ཞིག་ཡིན་ནམ།

58སུགས།  ཟུག་པ།

59ཉིད་མྱི་འཇོ།  གཏན་ནས་མི་འགྲུབ།

60རྔུལ་གྱི་སུག་བུ་ཆུང་།  དངུལ་གྱི་སུག་བུ་ཆུང་།  དངུལ་ཡིག་ཆུང་ངུ་། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།