སེང་ལྕམ་འབྲུག་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེང་ལྕམ་འབྲུག་མོ།
སྐྱ་ལོ་ཚོ་ཤོག་གི་མགོ་དཔོན་བསྟན་པ་རྒྱལ་མཚན་གྱི་སྲས་མོ་དང་། གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་དང་གླིང་དཀར་དྭངས་སྨན་མཆེད་བདུན་གྱི་གཙོ་མོ་སྟེ། སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡིན་པར་གྲགས། གླིང་གི་རྟ་རྒྱུག་རྒྱལ་འཇོག་ཐོག་ཏུ་སེང་ལྕམ་འབྲུག་མོ་དང་སྐྱ་ལོ་ཚང་གིས་གཉེར་བའི་རྒྱུ་ནོར་འབོར་ཆེན་རྒྱན་དུ་བཙུགས་ཏེ། རྟ་རྒྱུག་རྒྱལ་འཇོག་བྱས། གླིང་རྗེ་གེ་སར་རྒྱལ་པོ་གསེར་ཁྲིར་མངའ་གསོལ་རྗེས་སེང་ལྕམ་འབྲུག་མོ་བཙུན་མོར་ཁབ་ཏུ་བཞེས། འབྲུག་མོ་ནི་གཤིས་རྒྱུད་བཟང་ཞིང་ཚུལ་ལྡན་ཞིག་ཡིན་པས་གླིང་རྗེ་གེ་སར་རྒྱལ་པོ་ལ་ཞབས་ཞུ་ལེགས་པོ་ཞུས་ཡོད། གླིང་རྗེ་གེ་སར་རྒྱལ་པོ་བྱང་ཕྱོགས་སུ་བདུད་འདུལ་བར་ཆས་ནས་ཚུར་གླིང་ཡུལ་དུ་མ་སླེབས་གོང་ལ་ཧོར་གླིང་དམག་འཁྲུག་བྱུང་སྟེ་ཧོར་དམག་གིས་གླིང་ལ་ཚུར་རྒོལ་བྱེད་པར་འབྲུག་མོས་དམག་ལ་འགོག་རྒོལ་བྱས། ཇ་མཁར་རིང་མོ་ཧོར་ལ་ཤོར་རྗེས་འབྲུག་མོས་གླིང་གི་དམག་འབངས་བདེ་འཇགས་སུ་འགོད་པའི་ཆེད་དུ། དཔའ་མོ་གཅིག་པུ་ཧོར་གྱི་དམག་སྒར་དུ་ཕྱིན་ནས་ཞི་མཐུན་ཡོང་རྒྱུའི་རེ་བ་བཏོན། མོ་ཧོར་ཡུལ་དུ་ཡུན་རིང་བཞུགས་དགོས་བྱུང་ཡང་རང་གི་ཡུལ་དང་གླིང་རྗེ་གེ་སར་རྒྱལ་པོ་རྟག་པར་སེམས་ལ་དྲན། ཧོར་རྒྱལ་བཏུལ་རྗེས་སུ་འབྲུག་མོ་གླིང་ཡུལ་དུ་ཚུར་བྱོན་པ་རེད། སྒྲུང་ཡིག་ལས་མོ་དང་གླིང་རྗེ་གེ་སར་རྒྱལ་པོ་བར་གྱི་བློ་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་རང་མདངས་མ་ཉམས་པའི་གནས་ཚུལ་ཤིན་ཏུ་རྒྱས་པར་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
森姜珠姆
ཁོངས་གཏོགས།
གླིང་དཀར་དྭངས་སྨན་མཆེད་བདུན་གྱི་གཙོ་མོ་ཡིན།
ཡབ།
སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན།
རིགས་དབྱེ།
གླིང་སྒྲུང་མི་སྣ།
ཡུམ།
བྱང་བཟའ།
1 སྐྱེས་རབས།

སེང་ལྕམ་འབྲུག་མོ་ནི་གླིང་གི་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་སྲས་མོ་དང་། གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ། གླིང་གི་དྭངས་སྨན་མཆེད་བདུན་གྱི་གཙོ་མོ་བཅས་ཡིན། ཁོ་མོའི་སྐྱེས་ཡུལ་ནི《འཁྲུངས་གླིང་མེ་ཏོག་ར་བ》ལས། སྐྱ་ལོ་སྔོ་ལོ་གྲོ་ལོ་གསུམ། མཚོ་སྐྱ་རེངས་ཁ་རུ་སྐྱ་ལོ་བསྡད། མཚོ་སྔོ་རེངས་ཁ་རུ་སྔོ་ལོ་བསྡད། མཚོ་གྲོ་རེངས་ཁ་རུ་གྲོ་ལོ་བསྡད་ཟེར་བ་བཞིན། ད་ལྟའི་མགོ་ལོག་རྨ་སྟོད་རྫོང་གི་ཁོངས་སུ་གཏོགས་པའི་མཚོ་སྐྱ་རེངས་ཁ་ཡིན་ཞིང་། ཡུལ་དེ་རུ་སྐྱ་ལོའི་མཁར་ཡིན་ཟེར་བའི་མཁར་ཤུལ་རྙིང་བ་ཞིག་ཀྱང་ཡོད། ཁོ་མོའི་མཚན་ལ་སེང་ལྕམ་འབྲུག་མོ་ཐོགས་དོན་ཡང་སྒྲུང་དཔེ་རུ་འདི་ལྟར་བྲིས་འདུག་སྟེ། ང་སེང་ལྕམ་འབྲུག་མོ་ཐོགས་དོན་དེ།། དབྱར་ལ་མ་སྐྱེས་དགུན་ལ་སྐྱེས།། དགུན་སྟག་ཡོས་གཉིས་ཀྱི་བར་སྒང་དུ།། སེར་མོ་སྐྱ་དེ་འཁྲུངས་ཞོགས་དེར།། ཨ་སྔོན་དགུང་ནས་འབྲུག་ཅིག་གྲགས།། དོག་མོ་ས་ནས་ལྕམ་གཅིག་སྐྱེས།། དཀར་ཡག་གངས་ལ་སེང་གེ་འགྱིང་།། སེང་ལྕམ་འབྲུག་མོ་དེ་ནས་ཐོགས།། ཞེས་མིང་གི་བྱུང་བ་གསལ་བོར་བརྗོད་ཡོད།། 

2 བྱད་གཟུགས།

སེང་ལྕམ་འབྲུག་མོ་སྐྱེས་པ་ནས་གཞུང་རྒྱུད་དྲང་བ་སྨྱུག་མ་དང་། བློ་ཁོག་ཡངས་པ་མདའ་སྒྲོ། བློ་རྩེ་རྣོ་བ་མདེའུ་དང་མཚུངས་ལ། ལང་ཚོ་དབྱར་གྱི་དཔལ་ལ་འགྲན་པ་དང་གཟུགས་བྱད་རི་མོར་བྲིས་པ་དང་ཁྱད་མ་མཆིས། དེར་ཡང་སྒྲུང་དཔེ་ལས་འདི་ལྟར་ཞིབ་འབྲི་བྱས་འདུག་སྟེ། ཁྱོད་འདྲའི་ན་ཆུང་མཚར་མོ་ཞིག །བོད་མ་བརྒྱའི་རུམ་ནས་སྐྱེ་ཚུལ་མེད། །དེ་སྐྱེས་ཀྱང་ཁྱོད་འདྲ་འོང་ལུག་མེད། །ཁྱོད་སྒྲོལ་མ་དཀར་མོའི་སྐྱེས་མཐའ་ཡིན། །ཁ་ཕར་འཁོར་སྐྲ་མཛེས་རྒྱན་ཡག་མ། །ཁ་ཚུར་འཁོར་འཇའ་རིས་མདངས་ལྡན་མ། །འགྲོས་ཕར་འགྲོ་གོམ་པ་རྟ་བརྒྱའི་རིན། །མ་མཁའ་འགྲོས་གར་སྟབས་བསྒྱུར་བ་འདྲ། །ཚུར་འོང་ལུགས་སྨུག་པོ་དྲེལ་བརྒྱའི་རིན། །ལྷ་རིག་འཛིན་རྩེ་བྲོ་འཁྱུག་པ་འདྲ། །ཉམས་དགའ་བའི་རྩེ་ལུགས་མཛོ་བརྒྱའི་རིན། །མི་གཞན་ཡིད་འཕྲོག་པའི་ལྕགས་ཀྱུ་འདྲ། །སོ་འཛུམ་དཀར་བསྟན་ན་ལུག་བརྒྱའི་རིན། །ཤེལ་མུ་ཏིག་ཕྲེང་ཆུང་བསྒྲིགས་པ་འདྲ། །ལྷའི་བུ་མོ་མི་ཡུལ་འོངས་པ་འདྲ། །ཞེས་སེང་ལྕམ་འབྲུག་མོའི་མཛེས་ཤིང་སྡུག་པའི་བཞིན་རས་དང་ཉམས་འགྱུར། གཞན་དང་མི་མཚུངས་པའི་ཁྱད་ཆོས་སོགས་གསལ་བོར་བཀོད་ཡོད་དོ། ། 

3 གླིང་ལ་རྒྱབ་རོགས་མཛད་པ།

དེར་ཡང་ཁོ་མོས་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་ཡང་ཧོར་གུར་དཀར་རྒྱལ་པོ་གཙོ་བྱས་པའི་ཧོར་དམར་ཁྲི་སྟོང་མང་པོས་གདུག་རྩུབ་ཆེན་པོས་གླིང་དཀར་སྟོད་ལ་བཙན་འཛུལ་ཅི་འདྲ་བྱས་ཀྱང་བློ་སེམས་འགྱུར་བ་མེད་པར་གླིང་དམག་ཁྲིད་དེ་དཀའ་ངལ་ཆེན་པོས་ཧོར་དམག་ལ་འགོག་རྒོལ་ཡང་ཡང་བྱས། གླིང་གི་ཇ་མཁར་རིང་མོ་ཧོར་ལ་ཤོར་རྗེས་གླིང་གི་འབངས་མི་ཐམས་ཅད་བདེ་བའི་སླད་དུ། ཁོ་མོ་གཅིག་པུ་འཇིགས་སྐྲག་ཅི་ཡང་མེད་པར་ཧོར་གྱི་དམག་སྒར་དུ་སོང་ནས་ཞི་མཐུན་ཡོང་རྒྱུའི་རེ་བ་བཏོན་ཡང་མ་ཕན་པར། མོ་རང་ཧོར་ཡུལ་དུ་ཡུན་རིང་འདུག་དགོས་པ་བྱུང་ཡང་གླིང་སྡེའི་ཆེ་ཆུང་རྒན་གཞོན་ཐམས་ཅད་རྟག་ཏུ་དྲན་པ་དང་། ཁྱད་པར་དུ་གླིང་རྗེ་གེ་སར་རྒྱལ་པོ་བདུད་ཡུལ་ནས་ལམ་སང་ཕེབས་ཡོང་བར་ལྟོགས་པས་ཟས་དང་སྐོམ་པས་ཆུ་འདོད་པ་ཇི་བཞིན་རེ་སྒུག་བྱས། ཧོར་རྒྱལ་གུར་དཀར་སོགས་འདུལ་བའི་དུས་སུའང་གེ་སར་རྒྱལ་པོ་ལ་མངོན་ལྐོག་གཉིས་ནས་རྒྱབ་རོགས་མང་པོ་བགྱིས་མྱོང་། ཧོར་རྒྱལ་ཕམ་རྗེས་འབྲུག་མོ་དང་གེ་སར་གཉིས་ལྷན་དུ་འབྱོར་ཞིང་ཁོང་གཉིས་ཀྱི་བརྩེ་དུང་ནི་སྔར་བཞིན་རི་རབ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་ལགས། དེར་མ་ཟད་ད་དུང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་རེ་རེ་བཞིན་ཆམ་ལ་འབེབས་པའི་དུས་སུའང་། འབྲུག་མོས་གང་ནུས་ཀྱིས་རོགས་འདེགས་བསམ་གྱིས་མི་ཁྱབ་པ་གནང་མྱོང་ངོ་།།

4 ཇོ་རུ་དང་འབྲུག་མོའི་གཏམ་རྒྱུད།

འབྲུག་མོ་དང་ཇོ་རུ་གཉིས་ཀྱིས་ཐོག་མར་ཇི་ལྟར་ངོ་ཤེས་པའམ་ཡང་ན་ཇི་ལྟར་ཐོག་མའི་བརྩེ་དུང་ཆགས་པ་ཡིན་ཞེ་ན། .jpgའདིར་ཡིད་སེམས་འགུག་པའི་གཏམ་རྒྱུད་ངོ་མཚར་བ་ཞིག་འདུག་པ་འདི་ལྟ་སྟེ། དེ་ཡང་ལྡོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་དེས། ཇོ་རུ་གདན་འདྲེན་ལ་འབྲུག་མོ་མ་སོང་ཐབས་མེད་དུ་མཁྱེན་ནས། དཔའ་རྒྱ་ཚ་དང་བློན་འདན་མ་གཉིས་ལ། ད་ལན་རྨ་སྨད་དུ་ལྷ་སྲས་ཇོ་རུ་གདན་འདྲེན་པར། ང་སྤྱི་དཔོན་དང་ཡབ་སེང་བློན་སོགས་སོང་ཀྱང་ཆོག་མོད། འོན་ཏེ་ལྷའི་ལུང་བསྟན་ལ་ཇོ་རུའི་རྟེན་འབྲེལ་འཕྲིན་ལས་ཀྱི་སྒོ་འབྱེད་ལ་སེང་ལྕམ་འབྲུག་མོ་མ་སོང་ཐབས་མེད་ཡིན་པས་ཁྱེད་གཉིས་སྐྱ་ལོའི་མཚེར་ས་གོང་མར་སོང་ལ། འབྲུག་མོ་ལ་ཇོ་རུ་མ་ལོན་ན་མི་ཆོག་ཅེས་ཤོད་གསུངས་པ་བཞིན། འབུམ་པའི་ཞལ་ལུ་དཀར་པོ་དཔོན་བློན་གཉིས་སྐྱ་ལོའི་མཚེར་ས་གོང་མའི་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་རུ་ཐོག་ཏུ་ཕེབས་ཏེ་གསུང་གླེང་ཞིབ་རྒྱས་མཛད་མཐར་འབུམ་པའི་ཞལ་ལུ་དཀར་པོས་སེང་ལྕམ་འབྲུག་མོ་ལ་ཇོ་རུ་གདན་འདྲེན་ལ་འགྲོ་དགོས་ལུགས་ཀྱི་གཏམ་སྨྲས། སྐྱ་ལོ་སྟོན་པ་རྒྱལ་མཚན་དང་འབྲུག་མོ་བཅས་ནས་གདན་འདྲེན་ལ་འགྲོ་རྒྱུ་ཁས་ལེན་བྱས། ཞལ་དཀར་དཔོན་བློན་ཕྱིར་ཕེབས། དེ་ནས་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ། སྒྲོལ་མ་དཀར་མོའི་རྣམ་སྤྲུལ། རིག་པ་བཟང་ཞིང་གཡོ་སྒྱུ་མེད་པ། བློ་རྣོ་ཞིང་ཤེས་རབ་གསལ་བ། སྙིང་གཏད་ཀྱི་གྲོགས་ལ་བསླུ་བ་མེད་པས་ཡིད་བརྟན་འཕེར་བ། དམ་བཅའ་བརྟན་ཞིང་སྙིང་སྟོབས་ཆེ་བ། འདོད་པ་ཆུང་ཞིང་ངོ་ཚ་དང་ལྡན་པ། ལུས་ནི་མཉེན་ལྕུག་སྨུག་མ་འདྲ་བ། བཞིན་མདངས་པད་དཀར་ཟླ་བ་འཆར་འདྲ། མཁུར་ཚོས་དམར་བ་ལི་ཁྲི་བྱུགས་འདྲ། རིང་ཐུང་འཚམས་པས་ལྟ་ན་སྡུག་པ། དབུ་སྐྲ་གནག་སྣུམ་སྐུ་རྒྱབ་ཁེབས་པ། སྤྱན་དཀྱུས་རིང་ཞིང་སྤྱན་འབྲས་གསལ་བ། ཚེམས་ཐགས་བཟང་ཞིང་ཚེམས་མདོག་དཀར་བ། ཤ་རྩ་འཇམ་ཞིང་དྲོ་གྲང་འཚམ་པ། མཆུ་པ་པདྨའི་རི་མོ་བཀྲ་བ། ལྗགས་སྟེང་ཨཱཿཡིག་དཀར་པོས་བརྒྱན་པ། གསུང་སྐད་སྙན་ཞིང་སྨྲ་བརྗོད་མཁས་པ། ཀུན་དང་མཐུན་ཞིང་སྒྱུར་སླ་བ་སོགས། གཞོན་ནུ་མའི་ཡོན་ཏན་མ་ལུས་པས་ཉེ་བར་མཛེས་ཤིང་། འདོད་པའི་སྒྱུ་རྩལ་ལ་མཁས་པ། ཅི་ལ་བསམས་ཀྱང་སྐྱོན་དང་བྲལ་བ། གང་དུ་བལྟས་ཀྱང་ཡིད་དུ་འོང་བ་དེས། གཡས་སྐྲ་གཡས་སུ་ཤད། གཡོན་སྐྲ་གཡོན་དུ་ཤད། རྩེ་ལུ་ཁྱུང་གཤོག་བརྒྱངས་འདྲ། སྐྲ་ལེབ་ཆེན་མི་འཕར་གོང་གནོན་ལ། སྤོས་ཤེལ་འཛམ་གླིང་གཡས་བཞག ལན་ཆུང་མི་འཕར་གོང་གནོན་ལ། གཡུ་བྱུ་རུའི་ལན་ཚར་རིང་མོ་བཏགས། ཁྲ་བོའི་གཟི་ཞགས་རིང་མོ་ལ། དམར་པོ་བྱུ་རུའི་རྒྱན་ཆ་སྤྲས། སྔོན་པོ་གཡུ་ཡི་ཕྲེང་བ། པདྨ་རཱ་གའི་གའུ། ཨིནྡྲ་ནཱི་ལའི་གདུ་བུ། གསེར་མགུལ་ཉི་མ་རང་ཤར། སྲམ་ཐུ་སྨེ་བ་དགུ་བརྩེགས། དར་ལྷམ་འཇའ་རིས་སུམ་བརྩེགས་སོགས། དར་གོས་ནོར་བུའི་རྒྱན་གྱི་བརྒྱན་པ། གསལ་ཉི་ཟླ་ཡིན་ཡང་མོག་པོར་བྱེད་ལེ། ལྷ་དྲང་སྲོང་ཡིན་ཡང་འདོད་པ་སློང་ལེ། བཀྲག་པདྨ་ཡིན་ཡང་མདངས་འོད་འཕྲོག་ལེ། དགྲ་འཆི་བདག་ཡིན་ཡང་ཅི་གསུངས་སྒྲུབ་ལེ་ཞིག་བྱས་ཏེ་རྟ་གྲོ་སྨུག་ཁྱུང་རུ་ལ་ཞོན་ནས་ཆས་ཀ་ཁུར་ཏེ་རྨ་སྨད་ཡུལ་དུ་ཆས་སོ།། དུས་དེར་འགོག་མོའི་ལྷ་སྲས་ཇོ་རུ་དེས། ཨ་མ་ལགས། དེ་རིང་སྐྱ་ལོའི་སེང་ལྕམ་འབྲུག་མོ་འདིར་འོང་ཞིང་འདུག་པས་དེའི་བསུ་མར་འགྲོ་དགོས་གསུངས་ནས་ཕེབས་སོ།། འབྲུག་མོ་དེ་གདོང་བྷེ་རི་ཆགས་པའི་ཟུར་ལུང་རྨ་ཡུལ་ཆགས་པའི་མཇུག་དང་ཉེ་ས། མི་མེད་ལུང་སྟོང་ཞིག་གི་འདབས་སུ་བསླེབས་ཚེ། ཁོ་མོ་ལོ་ཆུང་བ་དང་། རྒྱན་ཆ་མང་བ། འགྲོ་རོགས་མེད་པ་བཅས་ཀྱིས་དགྲ་ཇག་འདྲ་ཨེ་ཡོད་དམ་སྙམ་ནས་དོག་པ་ཞིག་གློ་བུར་དུ་སྐྱེས་ཏེ་དངངས་སྐྲག་ངང་འོང་བ་ན། དེར་དགོས་པའི་དབང་གིས་ཇོ་རུ་ཉིད་མི་ནག་རྟག་ནག་ཅན་ཞིག་ཏུ་སྤྲུལ། དར་མདུང་ནག་པོ་ནམ་མཁར་བསྙེགས་འདྲ་ཞིག་ཕྱར་ནས་བྷེ་རི་ཉི་མ་རྒྱལ་མཚན་གྱི་ཚུལ་དུ། ཡ། ཁྱོད་བུ་མོ་གང་ལ་འགྲོ་ཞེས་པར། འབྲུག་མོ་སྐྲག་སྟེ་རྒྱན་ཆ་རྣམས་ཕུལ་ནས་ན་རེ། ཇོ་རུ་གདན་འདྲེན་ཞུ་རུ་འགྲོ་བ་ཡིན་ཟེར། འོ། ཁྱོད་བུ་མོས་བློ་སེམས་བདེ་མོ་བྱོས། ངས་སྨན་བུ་མོ་བཅོམ་འཕྲོག་མི་བྱེད། ཁྱེད་རང་ནས་བྱིན་པའི་ནོར་དེ་ཚོ་ཞག་བདུན་གྱི་ནངས་པར་འདིར་བསླེབས་ངེས་གྱིས་དང་ཕྱིར་སྤྲད་ཆོག དེ་རིང་ཁྱོད་བཏང་ཆོག་ནའང་དེའི་གཏམ་དན་ལ་གསེར་མགུལ་དེ་ང་ལ་སྤྲོད་དགོས། ལར་ཇོ་རུ་ཟེར་བ་དེ་སུ་རེད། ཟོག་གམ་རི་དྭགས་འདྲ་ཞིག་ཨེ་རེད་ཅེས་གསུངས་པ་ན། དེར་མོ་ན་རེ། རི་དྭགས་མ་རེད་མི་རེད། གླིང་དཀར་གྱི་མི་རྣམས་ཀྱིས། ཇོ་རུ། ཨབ་གསོད། སྣབས་ལུགས། འདྲེ་སྐེ་སྤོར་ཉག་ཟེར་ནས་བརྙས་བཅོས་བྱེད་ས། ལྷ་གྲལ་དུ་མཆོད་ན་འདྲེ་ལ་བརྫུ་བ། འདྲེ་གྲལ་དུ་བཀར་ན་ལྷ་འཁོན་གཏོང་བ། ཕྱུག་པོ་མུ་གེར་ཤི་ན་དགའ་སྣང་འཆར་འདྲ། དཔའ་བོ་ཁྱིས་རྨུགས་ན་མཚར་སྣང་ཤར་འདྲ། དཔོན་རྒྱུད་སྤྲང་ལུས་ལེན་ལ་སྐྱིད་སྣང་ཤར་མཁན། རང་ཆུས་རྒྱབ་ཏུ་སྐྱུར། ཨ་བྲ་དང་ས་ཆུས་རྩོད། ཟ་རྒྱུ་གྲོ་མ་ལས་མེད་པ། དོན་དུ་སྨུག་པོ་ལྡོང་གི་རྒྱལ་རྒྱུད། སེང་བློན་གྱི་བུ་སྐལ། རྒྱ་ཚའི་ནུ་བོ། མི་མ་སྐྱེས་ས་མཐར་འཁྱམས་པ་ཞིག་ཡོད་པས། དེ་འབོད་དུ་འགྲོ་བ་ཡིན་ཟེར་ནས། གསེར་མགུལ་རྡོ་རྗེ་ཕྲ་གཅིག་དེ་ཕྱག་ཏུ་ཕུལ། ཞག་བདུན་གྱི་ནང་དེར་འཛོམ་པའི་དུས་ཆད་བྱས་ཏེ་ཕེབས་སོ།། དེ་ནི་ཇོ་རུ་དང་སེང་ཆེན་འབྲུག་མོ་ཐོག་དང་པོར་མཇལ་བའི་ཕྱག་རྟེན་གྱི་རྟེན་འབྲེལ་ལ་དགོངས་ཏེ་གསེར་མགུལ་དེ་བཞེས་དགོས་པའི་དོན་དུ་སྣང་ལ། འབྲུག་མོས་བརྗོད་པའི་ངག་རྣམས་ཀྱང་འཕྲིན་ལས་ཐུགས་རྒྱུད་བསྐུལ་བའི་བརྡ་ཚིག་ཏུ་སོང་ངོ་།།

དེ་ནས་འབྲུག་མོ་སོང་སོང་བས་གངས་དཀར་རྩེ་གསུམ་ལ་བསླེབས་པ་ན། ཕ་རིའི་བྱེ་མའི་ལ་བདུན་ན་ཇོ་རུས་སྤྲུལ་བའི་སྐྱེས་བུ་ཡིད་དུ་འོང་བ། མི་དཀར་རྟ་དཀར་ཅན་བདུན་བག་ཕེབས་ཏེ་བཞུགས་འདུག་པར། འབྲུག་མོ་ཡང་དེར་ཉེ་བར་ཕྱིན་ནས་བལྟས་པས། གཙོ་བོའི་མི་དེ་གཞན་དང་མི་འདྲ་བའི་མཛེས་ཤིང་ལྟ་ན་སྡུག་པ། ཤ་མདོག་དུང་ལས་དཀར་བ། མཁུར་ཚོས་མཚལ་ལས་དམར་བ། རྒྱན་གོས་འཇའ་འོད་འཁྱིལ་འདྲ། བཀྲག་མདངས་པདྨ་འདྲ་བ། མི་མིན་ལྷ་ཡི་འཕྲུལ་བུ་འདྲ་བ་ཞིག་དགའ་ཡལ་ལེ། འཛུམ་དམུལ་ལེ་བཞུགས་འདུག་པར། མོ་ཡི་སེམས་དེ་ལ་ཤོར་ཏེ། སེམས་ལ་ཅི་དྲན་མེད་ཅིང་། མིག་ལ་འབྱེད་འཛུམ་མེད་པའི་ངང་དུ་ཧང་ངེར་ལུས་པའི་མོད་ལ། ཇོ་རུའི་ཐུགས་རྗེས་ཁོ་མོའི་སྒོ་གསུམ་དབང་དུ་བསྡུས་ཏེ་རང་དབང་བརྟན་པ་དང་བྲལ་བས། ཤོག་སྐྱ་རླུང་གིས་བཏེགས་པ་དང་འདྲ་བར། ཡིད་ཆགས་པ་ལུས་ཀྱིས་མི་བཟོད་པ་ཞིག་བྱུང་ནས། མི་དགའ་ཁ་ནས་སྨྲས་ཀྱང་། དགའ་བའི་འཛུམ་མདངས་ཤོར། གསང་འདོད་ཞེ་ལ་ཡོད་ཀྱང་། གསང་ཚིག་ཁ་ནས་ཤོར། ངོ་ཚ་ཕུག་ལ་སྦས་ཀྱང་། རང་མཚང་མི་ལ་ངོམ། ཕྱི་སྒྱུ་ལུས་གོས་ཀྱིས་གཡོགས་ཀྱང་། ནང་སེམས་ཉིད་རྗེས་པར་ཐོན་པ་འདྲ་བ་ཞིག་ཏུ་གྱུར་ཏེ། ཅི་ཆ་མེད་པར་སྐལ་བ་བཟང་ཚུལ་གྱི་གཏམ་མང་དུ་སྨྲས་པ་ན། བློན་པོ་དེས་མི་རྒྱུས་མེད་ཀྱི་གཏམ་ལ་གཏད་སོ་ཆེར་མེད། ཁྱོད་འབྲུག་མོ་རང་ཨེ་ཡིན་ན་གསུངས་པར། འབྲུག་མོས་ངེས་པར་ཡིན་པའི་མནའ་བསྐྱལ། གྲུབ་པ་རྒྱལ་མོའི་ཚེ་ཆང་དེ། ཇོ་རུ་ལ་དྲངས་དགོས་པ་ཡིན་ཡང་ཇོ་རུ་སྤྲུལ་བའི་བདག་པོ་ཡིན་པས་མཁྱེན་ནས་ཡིད་ཀྱིས་མཆོད་ན་ཆོག་སྙམ་སྟེ། རྫུ་འཕྲུལ་གྱིས་བདུད་རྩིའི་དྭངས་མ་སྲིན་མཛུབ་ཀྱིས་བླངས་ཏེ་ཕུད་མཆོད་པ་ན་མོ་རང་བློན་པོའི་རྩར་ཤར་གྱིས་སོང་བས་ཐེ་ཚོམ་ཕྲན་བུ་བྱུང་། ཚེ་ཆང་བློན་པོ་ལ་དྲངས། ཕན་ཚུན་མཐུན་པའི་གསུང་གླེང་ཞིབ་རྒྱས་མཛད། གླུ་བྲོ་བདེ་སྟོང་གི་བརྩེ་དགའ་ལ་ལོངས་སུ་སྤྱད་པས་སྐུ་གསུང་ཐུགས་ཀྱི་དགྲ་བླ་ཝེར་མ་རྣམས་དགྱེས་པའི་གཟི་མདངས་བསྐྱེད། འཇིག་རྟེན་པའི་དྲེགས་པ་རྣམས་ལས་ལ་བཙུད། ཕྱོགས་བཞིའི་བདུད་བཞི་ཐུལ་པའི་རྟེན་འབྲེལ་འགྲིགས། གཉིས་མཐུན་གྱི་གཏམ་མཚམས། ས་མི་འགྱུར་བའི་རྟེན་དུ་ཕ་བོང་ཆེན་པོ་ཞིག་ཡོད་པ་རྟགས་སུ་བཞག ཚིག་མི་འགྱུར་བའི་མཐའ་མནའ་ཡིས་བགགས། དོན་མི་འགྱུར་བའི་ལག་རྟགས་སུ་འབྲུག་མོས་རྒྱ་གར་གྱི་བློན་པོ་དེ་ལ་དར་དཀར་པོ་གཅིག་ལ་མདུད་པ་དགུ་བརྒྱབ་སྟེ་བྱིན། བློན་པོས་འབྲུག་མོ་ལ་ཤེལ་གྱི་གདུ་བུ་ཞིག་བྱིན་ནས། འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་སླར་སྲིབ་ལུང་ནགས་རྒྱལ་ཕྱུག་མོ་ལ་འཛོམ་པའི་དུས་བཏབ་སྟེ་སོ་སོར་ཕེབས་སོ།།

དེ་ནས་འབྲུག་མོ་ལ་ལུང་བརྒལ་ཏེ་སོང་བས་མཁན་ལུང་རི་དྲུག་དུ་བསླེབས་པ་ན། ཉིན་སྲིབ་མེད་པའི་ཨབ་ཁུང་རེ་རེའི་སྒོ་ན་ཇོ་རུ་རེ་བཞུགས་པར་མཐོང་བས། ཇོ་རུའི་ཆོ་འཕྲུལ་ལ་མོ་ཞེད་དེ་འགྲོ་མ་སྤོབས་ནས་ཕ་བོང་རྟ་འདྲ་ཞིག་ཡོད་པའི་རྒྱུད་དུ་གབ་ནས་བསྡད་པས། རེ་ཞིག་ན་ཇོ་རུས་སྤྲུལ་བ་གཅིག་ལ་བསྡུས་ཏེ། ཇོ་རུ་གཅིག་གིས་ཨ་བྲ་ཆེ་བ་ཞིག་བསད་ནས་འདུག་པ་ལ། འབྲུག་མོ་ཡར་ལངས་ནས་ཇོ་རུ་ཞེས་ལན་གསུམ་བོས་པས། ཇོ་རུས་མཐོང་མ་ཐག་འབྲུག་མོ་དང་འདྲེ་མོ་ནོར་མདོག་མཛད་ནས། འུར་རྡོ་ཆུ་མིག་དགུ་སྒྲིལ་དེ་ཚུར་བླངས་ཏེ་ཨབ་གློ། ཨབ་རྒྱུ། ཨབ་མཆིན་རྣམས་འུར་སྟེགས་སུ་བཞག་ནས་འཕངས་པས། འབྲུག་མོའི་སྐྲ་དང་སོ་ལ་ཕོག་སྟེ། མགོ་སྐྲ་མེད་ཟངས་སྐྱོགས་འདྲ་བ། ཁ་སོ་མེད་རྐྱལ་སྟོང་འདྲ་བ་ཞིག་ཏུ་གྱུར་ནས་སྡུག་བསྔལ་དཔག་ཏུ་མེད་པས་གནོན་ཞིང་ངུ་བཞིན་འདུག་པར་ཇོ་རུ་དེ་ཕྱིར་རང་ཡུལ་དུ་ཕེབས་ནས། མ་འགོག་མོ་ལ། དེ་རིང་འབྲུག་མོ་བསླེབས་འདུག་པས་སྔོན་རྒྱུག་གི་འདྲེ་རྗེས་འབྲང་གི་བདུད་མང་ཞིང་འདུག་པས་དེ་ཚོ་ནི་བཏུལ་ཡོད། འབྲུག་མོ་ཕ་བོང་རྟ་འདྲའི་རྒྱུད་ན་ངུ་འབོད་ལྷང་ལྷང་གིས་བསྡད་འདུག་གསུངས། དོན་དུ་དེ་ནི་བག་མའི་སྣ་འདྲེ་འདུལ་བའི་ཕྱིར་དང་། འབྲུག་མོའི་ལུས་ལ་གཟི་བྱིན་བསྐྱེད་པའི་དགོས་ཆེད་དུ་སྣང་ངོ།། དེ་མ་ཐག་འགོག་མོ་འབྲུག་མོའི་རྩར་མགྱོགས་པར་འོངས་ཏེ། སྐད་ཆ་དྲིས་པས་ལོ་རྒྱུས་ཞིབ་ཏུ་བཤད་ཅིང་ཉམ་ཐག་པར་གནས་པ་ལ། འགོག་མོ་ན་རེ། བུ་མོ་ཁྱོད་སྡུག་བསྔལ་མ་བྱེད་པར་ཡར་འགྲོ་དང་ཁྱོད་ཀྱི་ལུས་སྔར་བས་མཛེས་པ་ཞིག་ཇོ་རུ་ལ་ཞུ་དང་བྱེད་འོང་། ཇོ་རུ་འདིས་ཅི་བྱས་ཐམས་ཅད་རྫུ་འཕྲུལ་ཁོ་ནར་སྣང་བས་མི་སྐྱོན་ཟེར་ནས་ཡར་ཁྲིད་པ་དང་། ཇོ་རུས་ཡ་འབྲུག་མོ་ཡིན་པ་ལ། ངས་འདྲེ་མོ་དང་ནོར་བས། ལས་ཚབས་པོ་ཆེ་ཐོན་སོང་། ཁྱོད་རང་ཚུར་འོང་རྒྱུ་བསྐྱུར་ཏེ། འབོད་པ་གཏང་དོན་ཅི་ཡོད། ང་ཇོ་རུ་དང་ཐུག་མི་འདོད་ན་རྨ་སྨད་དུ་འོང་དོན་ཅི་ཡིན། དེས་མི་ཚད་ང་འབྲུག་མོ་ཡིན་ཞེས་སྨྲས་ན་དེ་ཙམ་ཞིག་ཅི་ལ་འོང་། འོན་ཀྱང་ད་ཚར་བའི་ལས་ལ་འགྱོད་པས་ཅི་ཕན་གསུངས། སྐྱ་ལོའི་སེང་ལྕམ་འབྲུག་མོ་དེས་སྡུག་བསྔལ་མཐོང་ཚུལ་གྱི་གླུ་ཞུས་དང་། གླིང་དཀར་གྱིས་གདན་འདྲེན་བཏང་ལུགས་སོགས་ཞུ་དོན་མ་ལུས་པར་ཕུལ་བས། ཇོ་རུའི་ཞལ་ནས། ཡ། འོ་ན་ང་ཡི་ཚེ་རབས་ལས་ཀྱི་རྟ་ནི་ད་ལྟ་རྐྱང་མ་བརྒྱ་བུ་བརྒྱའི་ཁྲོད་ན་རྟ་མིན་རྐྱང་མིན་ཅང་ཤེས་ཤིག་ཡོད་པ་དེ་ཡིན་པས་.jpgརྟ་དེ་འཛིན་པར་མ་འགོག་མོ་དང་། ཁྱོད་འབྲུག་མོ་གཉིས་མ་སོང་ན་གཞན་གྱིས་མི་ཟིན། ཁྱོད་གཉིས་སོང་དང་རྟས་མི་སྐད་གོ མངོན་ཤེས་ཐོགས་མེད་ཡོད། གྲུབ་རྟགས་ཅིར་ཡང་སྒྱུར་ནུས། མ་ཟིན་ཤོར་དོགས་བྱུང་ན། ངའི་ཕུ་བོ་དང་། ནུ་བོ་གཉིས་ལ་གདུང་ཤུགས་ཀྱིས་བོས་དང་ཉི་ཟླ་འཕྲུལ་འཛིན་གྱི་ཞགས་པས་འཛིན་རོགས་བྱེད་ངེས། ཟིན་ནས་ཤོར་ན་ཨ་མ་ལན། རྟ་ངོ་མ་ཤེས་ན་འབྲུག་མོ་ལན། འབོད་པ་མ་བྱས་ན་གཉིས་ཀ་ལན། གྲོགས་དན་མ་བྱས་ན་ཕུ་ནུ་ལན། དེ་ལོན་པའི་དམ་བཅའ་ཕུལ་དང་། ཁྱོད་ཀྱི་ལུས་ལ་ལང་ཚོའི་གཟི་བྱིན། ངག་ལ་བདེན་ཚིག་ནུས་པའི་བྱིན་ཆེན་ཕབ་ཆོག་གསུངས། འབྲུག་མོས་བཀའ་སྒྲུབ་པ་ཁས་ལེན་བྱས། དེ་ནས་འགོག་མོའི་ལྷ་སྲས་ཇོ་རུས་འཇིན་རྟེན་ཡུལ་སྲོལ་དང་བསྟུན་ནས་བག་མར་འོངས་པ་ལ་གཡང་འགུགས་ཀྱི་ཚུལ་དུ་མི་རྟོག་ཆེན་པོའི་ཐུགས་ཀྱིས་མཉམ་པར་བཞག་ནས་འབྲུག་མོའི་ལུས་ལ་བྱིན་ཆེན་ཕབ་སྟེ་ཕྱག་གིས་བྱུག་བྱུག་ཞིག་མཛད་པ་ན། འབྲུག་མོ་སྔར་བས་གཟི་མདངས་ལེགས་ཤིང་། སྐྱེ་གཟུགས་ཀྱང་སྔར་བས་དགུ་འགྱུར་གྱིས་ལྷག་པ་ཞིག་ཏུ་གྱུར་ཏོ།། དེ་ནས་འབྲུག་མོ་དེ་ཇོ་རུ་མ་བུའི་སྦྲ་ནང་དུ་འགྲོ་སྙིང་མོ་འདོད་ཅིང་སྦྲ་ལ་ལྷན་པ་སོགས་མི་གཙང་བར་མཐོང་ནས་ཐེ་ཚོམ་ཕྲན་བུ་བྱུང་བར། ཇོ་རུས་ནམ་མཁའ་ལ་གཟིགས་སྟངས་ཀྱིས་སྡེ་བརྒྱད་རྣམས་བཅུམས་པས་སེར་བ་ཐོག་འབྲུག་སོགས་གནམ་ས་གཅིག་ཏུ་སོང་བ་ལྟ་བུའི་གཡོ་འཁྲུག་བྱུང་བ་ན། འབྲུག་མོའང་སྐྱབས་རེ་ས་སྦྲ་ཆུང་མ་གཏོགས་མེད་པས་ཁྱིམ་དུ་བྱུང་། དེའི་ཚེ་ཇོ་རུས་ཨབ་ཤ་གྲོ་མ་སོགས་ལྷའི་ཟས་རོ་བརྒྱ་དང་ལྡན་པར་བྱིན་གྱིས་བརླབས་ཏེ་འབྲུག་མོ་ལ་དྲངས། འབྲུག་མོ་ལའང་བཀྲེས་སྐོམ་གྱི་སྣང་བ་ཚད་མེད་ཅིག་བྱུང་བར་བརྟེན་ལྷག་མེད་དུ་ཟོས། ཟོས་མཐར་སྐྱུག་པས་ཁྱིམ་གང་བ་ཞིག་བྱུང་བས་ཡུལ་ལ་དངོས་གྲུབ་ཆེ་བའི་རྟེན་འབྲེལ་འགྲིགས། དེ་ནས་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ་དེ་སྔ་རེས་འགར་སྐྲག་རེས་སྡུག་རེས། རེས་འགར་བཀྲེས་རེས་སྐོམ་རེས་སོགས་སྣང་བ་མི་འདྲ་བ་དུ་མ་བྱུང་བས་ཞུ་དོན་གྱི་སྙིང་བོ་རྣམས་བརྗེད་ནའང་སླར་ཞུ་དོན་གྱི་གཏམ་མང་དུ་སྨྲས་པ་ན་ཇོ་རུ་ན་རེ། འོ་ཨ་མ་དང་ཁྱོད་གཉིས་ཀྱིས་ང་ཡི་ཚེ་རབས་ལས་ཀྱི་རྟ་ཕོ་དེ་བཟུང་དང་གླིང་ལ་འགྲོ། འབྲུག་མོའི་སྐྲ་བདག་སྐྱ་ལོའི་རྒྱུ་བདག་གླིང་དཀར་པོའི་གསེར་ཁྲི་འཛིན་པ་ལས་སླ། དེས་མི་ཚད་ཧོར་གུར་དཀར་ལ་གཉའ་སྒ། བདུད་ཀླུ་བཙན་ལ་ཐོད་མདའ་སོགས་སྤྲད་ཆོག རྟ་མ་ལོན་ན་སྤྲང་པོས་རྒྱལ་ས་མི་ཐུབ། དབྱུག་པས་མགྱོགས་དར་མི་ལོན། རང་ས་རུ་འདུག་པའི་ལས་ཐབས་མེད་ཨེ་གོ་གསུངས་སོ།། ཞེས་གོང་གསལ་གྱི་སེང་ལྕམ་འབྲུག་མོ་དང་གླིང་རྗེ་གེ་སར་གཉིས་ཀྱི་ཐོག་མའི་བརྩེ་དུང་གི་འབྲེལ་ཐག་དམ་པོར་འཐེན་པའི་གཏམ་རྒྱུད་གསོན་ཉམས་ལྡན་པ་འདི་བོད་གངས་ཅན་གྱི་ཞིང་ཁམས་མདོ་དབུས་ཁམས་གསུམ་དུ་གནའ་ནས་ད་བར་དུ་དར་ཁྱབ་ཤིན་ཏུ་ཆེ་ལ། ཁྱད་པར་དུ་ཨ་མདོའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཁོར་ཡུག་ཏུ་དར་ཁྱབ་དེ་བས་ཀྱང་ཆེ་བ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-12

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།