ཐེག་དམན་གྱི་གྲུབ་མཐའ་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་སྟེ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་པོ་དེ་དག་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཉིས་སུ་བསྡུ་བ་ཡིན་ཏེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས་ཐེག་དམན་གྲུབ་མཐའ་སྨྲ་བ་དང༌། སེམས་ཙམ་པའི་གྲུབ་མཐའ་དང་དབུ་མ་པའི་གྲུབ་མཐའ་གཉིས་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་ཡིན།
1 རྒྱས་འགྲེལ།

བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་སྟེ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་པོ་དེ་དག་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཉིས་སུ་བསྡུ་བ་ཡིན་ཏེ། བྱེ་བྲག་སྨྲ་བའི་གྲུབ་མཐའ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས་ཐེག་དམན་གྲུབ་མཐའ་སྨྲ་བ་དང༌། སེམས་ཙམ་པའི་གྲུབ་མཐའ་དང་དབུ་མ་པའི་གྲུབ་མཐའ་གཉིས་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་ཡིན། དེ་ཡང་ཐེག་པ་ཆེ་ཆུང་གི་ཁྱད་པར་ལ། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། ཅེས་གཞན་དོན་དུ་བྱང་ཆུབ་སེམས་བསྐྱེད་ཡོད་མེད་ཀྱིས་འབྱེད་པ་དང༌། ཆེན་པོ་བདུན་དང་ལྡན་མི་ལྡན་གྱིས་ཁྱད་པར་འབྱེད་པ་སོགས་ཡོད་པ་ལས། ཆེན་པོ་བདུན་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་འགྱུར་བ་དང༌། །ཡང་དག་སྒྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་ཉིད་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར། དམིགས་པ་ཆེན་པོ་ཉིད་ནི་ཐེག་པ་ཆེན་པོའི་ཆོས་སྡེ་སྣོད་རྒྱ་ཆེན་པོ་ལ་དམིགས་པ། སྒྲུབ་པ་ཆེན་པོ་ཉིད་ནི། རང་དོན་དང་གཞན་དོན་གཉིས་ཀ་བསྒྲུབ་པ། ཡེ་ཤེས་ཆེན་པོ་ཉིད་ནི་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀ་རྟོགས་པ། བརྩོན་འགྲུས་རྩོམ་པ་ཆེན་པོ་ཉིད་ནི། བསྐལ་པ་གྲངས་མེད་གསུམ་དུ་རྟག་ཏུ་གུས་སྦྱོར་བརྩོན་འགྲུས་རྩོམ་པ། ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པ་མེད་པ། ཡང་དག་པར་སྒྲུབ་པ་ཆེན་པོ་ཉིད་ནི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་ཡང་དག་པར་སྒྲུབ་པ། སངས་རྒྱས་ཀྱི་འཕྲིན་ལས་ཆེན་པོ་ཉིད་ནི་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པའི་འཕྲིན་ལས་རྣམས་སོ། །དེ་བདུན་དང་ལྡན་པ་ནི་ཐེག་ཆེན་དང༌། མི་ལྡན་པ་ནི་ཐེག་དམན་ནོ། །དེས་ན་ཆེད་དུ་བྱ་བ་བདག་གཅིག་པུའི་ཕྱིར་དུ་ཐོབ་བྱ་དམན་པ་འཁོར་བའི་སྡུག་བསྔལ་ཙམ་ཞི་བའི་གོ་འཕང་དོན་དུ་གཉེར་བའི་གང་ཟག་གིས། ཐོབ་པའི་ཕྱིར་དུ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཁས་བླངས་པ་ལ་ཐེག་དམན་གྲུབ་མཐའ་སྨྲ་བ་དང༌། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་ཐོབ་བྱ་མཆོག་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་གང་ཟག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཁས་བླང་པ་ལ་ཐེག་ཆེན་གྲུབ་མཐའ་སྨྲ་བ་ཟེར་རོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-21

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།