ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ནི་སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ་ལ། མུ་སྟེགས་འཕྲོག་བྱེད་དགའ་བོ་རིགས་པས་ཚར་བཅད་དེ་ནང་བའི་བསྟན་པ་ལ་བཅུག ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དང་དེའི་སློབ་མ་སཾགྷ་ཤྲི་སོགས་ལས་སྒྲ་ཚད་སོགས་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་ཅིང་། ཁོང་གིས་བོད་དུ་བཅུ་ཕྲག་རིག་པའི་གནས་ཆ་ཐམས་ཅད་ནས་དར་བའི་སྲོལ་ཐོག་མར་བཏོད་པས་བོད་གངས་ཅན་གྱི་པཎྜི་ཏའི་མཚན་གྱི་ཐོག་མ་ཆགས། ཁོང་གི་སྐུ་ཚེ་ཧྲིལ་བོར་ནང་དོན་རིག་པ་དང་། ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྙན་ངག སྡེབ་སྦྱོར། རོལ་མོ་བཅས་རིག་གནས་ཆེ་ཆུང་ཀུན་ལ་ཁྱབ་པའི་བརྩམས་ཆོས་གྲགས་ཅན་མང་དུ་བརྩམས་ཡོད་པའི་ཁར། ནང་བའི་བསྟན་པ་དར་སྤེལ་དང་བོད་ཁམས་བདེ་ལ་བཀོད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
萨班•贡噶坚赞
འཁྲུངས་འདས་ལོ།
སྤྱི་ལོ( 1182.2.26--1251.11.14 )
རིགས་རུས།
འཁོན།
འཁྲུངས་ཡུལ།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་ས་སྐྱ་རྫོང་།
ཡབ།
དཔལ་ཆེན་འོད་པོ་ཆེ།
གྲུབ་མཐའ།
ས་སྐྱ་པ།
ཡུམ།
མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ།
ས་སྐྱའི་གདན་རབས།
1216ལོ-1251ལོའི་བར་ས་སྐྱའི་གདན་རབས་དྲུག་པ་མཛད།
བླ་མ་གཙོ་བོ།
རྗེ་བཙུན་གྲགས་པ་རྒྱལ་མཚན།
སློབ་མ་གཙོ་བོ།
འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།
བྱས་རྗེས་གཙོ་བོ།
བོད་ལ་རིག་པའི་གནས་བཅུའི་སྲོལ་གཏོད་པ། བོད་ཁམས་བདེ་ལ་བཀོད་ཅིང་མེས་རྒྱལ་གོང་བུ་གཅིག་གྱུར་བྱས་པ།
བརྩམས་ཆོས་གྲགས་ཅན།
《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》《མཁས་པ་ལ་འཇུག་པའི་སྒོ》《རོལ་མོའི་བསྟན་བཅོས》《ཚད་མ་རིགས་གཏེར》
1 ​ལོ་རྒྱུས་མདོར་བསྡུས།

དཔལ་ས་སྐྱའི་གདན་རབས་ཁྲི་ཐོག་དྲུག་པ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་མཆོག་ནི། ས་སྐྱ་འཁོན་གྱི་གདུང་རྒྱུད་དུ་ཡབ་དཔལ་ཆེན་འོད་པོ་ཆེ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གསུམ་པའི་ཆུ་ཕོ་སྟག(སྤྱི་ལོ1182)ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་སྐུ་བལྟམས། དགུང་ལོ་ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང༌། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ། བཟོ་རིག་པ། སྐར་རྩིས། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་སོགས་མདོ་ཕྱོགས་དང༌། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་ཤེས་པའི་རྐང་གྲངས་ཙམ་མིན་པར་ལག་ལེན་ཐོག་འཁྱོལ་ཐུབ་པའི་མཁས་པར་གྱུར།

དེའི་སྙན་གྲགས་རྒྱ་གར་ཡུལ་ཀུན་དུ་ཁྱབ་པ་ན་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་སོགས་སྟོན་པ་དྲུག་བོད་དུ་སངས་རྒྱས་ཆོས་ལུགས་ལ་ཚུར་རྒོལ་བྱེད་དུ་འོང༌། ཆོས་རྗེ་ས་སྐྱ་པཎྜི་ཏ་ཉིད་ཀྱང་མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏི་བཟང་པོའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་ཚོང་འདུས་སུ་བཞུགས་པའི་སྐབས་སུ་འབྱོར་བ་རྩོད་གླེང་གི་སྒོ་ནས་ཕམ་པར་མཛད། དེའི་དཔང་རྟགས་ཁོའི་རལ་པ་བྲེགས་ནས་བོད་དུ་བསྣམས་ཕེབས་པ་སྔར་ས་སྐྱའི་དབུ་རྩེ་རྙིང་མའི་མགོན་ཁང་ནང་དུ་ཡོད་པར་གྲགས།

དགུང་ལོ་ཉེར་གསུམ་པ་བོད་རབ་བྱུང་གསུམ་པའི་ཤིང་བྱི(སྤྱི་ལོ1204)ལོར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བོད་དུ་ཕེབས་པ་དང་མཇལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རབ་བྱུང་གསུམ་པའི་ས་བྱ(སྤྱི་ལོ1189)ལོ་ནས་མོང་གོལ་མི་རིགས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་མོང་གོལ་ཚོ་པ་ཁག་གཅིག་གྱུར་བྱས་པའི་སྲིད་དབང་བཙུགས་ཏེ་དེར་མུ་མཐུད་ནས་ཨེ་ཤ་ཡའི་ཤར་ཕྱོགས་དང༌། ཡོ་རོབ་ཀྱི་ཤར་རྒྱུད་ཆ་ཤས་དང་བྱང་རྒྱུད་ཆ་ཤས་བཅས་ལ་དམག་དྲངས་ནས་མངའ་འོག་ཏུ་བསྡུས་མཐར། ཀྲུང་གོའི་རྒྱལ་ནང་གི་མན་ཇུ་དང༌། རྒྱ་ནག  ཤིས་ཞ་བཅས་དབང་འོག་ཏུ་བསྡུས་ནས་གཅིག་གྱུར་བྱས་རྗེས། ཁྱིམ་པ་དང་རབ་བྱུང་གི་དབྱེ་བ་མེད་པར་ཐམས་ཅད་དམག་ཁྲལ་དང་འུ་ལག་གི་ཁྲལ་སྒྲུབ་ཏུ་བཅུག 

རབ་བྱུང་བཞི་པའི་ཤིང་རྟ(སྤྱི་ལོ1234)ལོར། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཐའི་ཙུང་ཨོ་གོ་ཏའི་བུ་ཆུང་བ་གོ་དན་གྱིས་སྲིད་དབང་བཟུང་རྗེས། འདིའི་ཁྲི་ལོ་དྲུག་པ་རབ་བྱུང་བཞི་པའི་ས་ཕག(སྤྱི་ལོ1239)ལོར་ས་སྐྱ་པ་དང༌། ཕག་གྲུ། འབྲི་གུང༌། ཚལ་པ། སྟག་ལུང་བཅས་ཀྱི་ཆོས་ལུགས་མི་སྣ་ཚོས་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་དང་རྒྱལ་སྲས་སོ་སོར་མགོ་བཏགས་ཞུས།(ས་སྐྱ་པ་དང་ལྷ་སྡེ་གཞུང་པ་གཉིས་རྒྱལ་པོ་གོ་དན་རང་ཉིད་ལ་མགོ་བཏགས་ཞུས། དེ་བཞིན་དུ་འབྲི་གུང་པ་དང་གཙང་མགུར་མོ་བས་རྒྱལ་སྲས་མོང་གོལ་ཧན་ལ་མགོ་བཏགས་ཞུས། ཚལ་པས་རྒྱལ་སྲས་སེ་ཆེན་ཧན་ལ་མགོ་བཏགས་ཞུས། ཕག་གྲུ་གཡའ་བཟང་ཐང་པོ་ཆེ་བ་བཅས་ཀྱིས་ཧུ་ལའི་ཧུ་ལ་མགོ་བཏགས་ཞུས། སྟག་ལུང་པས་རྒྱལ་སྲས་ཨ་རི་བོ་ག་ལ་མགོ་བཏགས་ཞུས)ལོ་དེའི་ཕྱི་ལོ་རྒྱལ་པོ་གོ་དན་གྱིས་བློན་པོ་དོར་རྟ་ནག་པོས་གཙོ་བོར་བྱས་པའི་དམག་དཔུང་བོད་དུ་བཏང་ནས། མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་ཡོད་པའི་བོད་མི་མཐོང་ཚད་གསོད་པ་དང༌། ཁང་པ་མེར་བསྲེག་པ། རྒྱུ་ནོར་འཕྲོག་པ་བཅས་བྱེད་བཞིན་དུ་དབུས་གཙང་དུ་ཡོང༌། འཕན་པོ་རྒྱལ་གྱི་ལྷ་ཁང་མེར་བསྲེགས་ནས་གྲྭ་པ་རབ་ཏུ་བྱུང་བ་ལྔ་བརྒྱ་ཙམ་དམར་གསོད་བྱས། རྭ་སྒྲེང་དགོན་པ་ལ་ཡང་གནོད་འཚེ་ཆེན་པོ་བྱས་པས་མཚོན་མགོ་བཏགས་མ་ཞུས་པའི་ས་གནས་ཚང་མར་བསྲེགས་གསོད་འཕྲོག་གསུམ་གྱི་སྒོ་ནས་མིང་མེད་དུ་གཏོང་བ་སོགས་བྱས། དུས་སྐབས་དེར་བོད་ས་གནས་སུ་ཡོད་པའི་ཆབ་སྲིད་སྟོབས་ཤུགས་རྣམས་མཐུན་སྒྲིལ་མེད་པའི་ཁ་འཐོར་ཡིན་སྟབས་ཚང་མས་གཅིག་རྗེས་གཉིས་མཐུད་དུ་མགོ་བཏགས་ཞུས་ཏེ། སྤྱི་ལོ846ལོ་ནས་བཟུང་ལོ་གྲངས393རིང་བོད་ས་གནས་སུ་གཅིག་གྱུར་མེད་པའི་གནས་ཚུལ་མཇུག་སྒྲིལ་ཞིང༌། བོད་ས་གནས་དེ་ཡོན་རྒྱལ་རབས་ཀྱི་གོང་མའི་མངའ་ཁོངས་སུ་བསྡུས་ཏེ་སྲིད་འཛིན་དཔོན་རིགས་དང་དམག་ཁྲལ་བསྡུ་བའི་ལམ་ལུགས་བཙུགས།

བོད་དུ་ཆོས་ལུགས་ལ་མཁས་པའི་བླ་མ་གང་ཡོད་ཞིབ་རྩད་བྱས་ཐོག  སྐབས་དེར་བོད་ས་གནས་སུ་ཆོས་ལུགས་མང་པོ་ཡོད་པའི་ནང་ནས་སྟོབས་ཆེ་ཤོས་ས་སྐྱ་པའི་ཆོས་ལུགས་ཡིན་པ་དང༌། .jpgསངས་རྒྱས་ཆོས་ལུགས་ལ་མཁས་ཤིང་བོད་ས་གནས་སུ་སྙན་གྲགས་ཆེ་ཤོས་ནི་ས་སྐྱ་པཎྜི་ཏ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་བའི་རྐྱེན་གྱིས་ས་པཎ་རང་ཉིད་དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་བཞི་པའི་ཤིང་འབྲུག(སྤྱི་ལོ1244)ལོར་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་གོ་དན་གྱིས་རྡོར་སྲི་མགོན་དང་དབོན་ཇོ་དར་མ་གཉིས་ཀྱི་མདུན་ཧོར་ཡུལ་དུ་ཆོས་སྟོན་པའི་བླ་མར་ཕེབས་དགོས་པའི་ཞུ་ཡིག་དང༌། དངུལ་བྲེ་ཆེན་ལྔ། གོས་ཆེན་གྱི་ཆོས་གོས་མུ་ཏིག་གི་ཆོམ་བུ་ཅན་མུ་ཏིག་རྡོག་པོ་དྲུག་སྟོང་ཉིས་བརྒྱ་ཡོད་པ་གཅིག  གོས་ལི་ཧང་མདོག་གི་རིང་འགག  ལྷམ་འབོབ་བཅས། གོས་ཆེན་ཁ་ཐི་ཡུག་གཉིས། ཐོན་ཐི་ཡུག་གཉིས། གོས་ཆེན་སྣ་ཚོགས་ཡུག་ཉི་ཤུ་ཐམ་པ་བཅས་བསྐུར་བ་འབྱོར་ཞིང༌། ཡི་གེའི་ནང་དོན་ལ་གདན་དྲངས་པ་ལྟར་མ་ཕེབས་ན་བོད་དུ་དམག་དཔུང་གཏོང་རྒྱུ་ཡིན་ཞེས་གསལ་བས་དགུང་ལོ་མཐོ་ཡང་བོད་མི་རིགས་ཀྱི་བདེ་འཇགས་དང་ཆོས་ལུགས་ཁག་གི་བདེ་འཇགས་ཀྱི་ཆེད་དུ་རང་སྲོག་ཕངས་མེད་མཛད་དེ་ཧོར་ཡུལ་དུ་བྱོན། དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་རབ་བྱུང་བཞི་པའི་མེ་རྟ(སྤྱི་ལོ1246)ལོའི་ཟླ་བ་བརྒྱད་པར་ཧོར་རྒྱལ་པོའི་རྒྱལ་ས་ལིང་ཅུ་རྩེ(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ་ས་ཁུལ་གནས་ཡུལ་འགུ་ཚང་གྲོལ་བརྡལ)ལ་ཕེབས་འབྱོར་བྱུང་ཞིང་། རྒྱལ་པོ་གོ་ཧན་ཧོར་ཡུལ་དུ་སོང་ནས་ཚུར་ལོག་པ་དང་མེ་ལུག(སྤྱི་ལོ1247)ལོའི་ཟླ་བ་དང་པོ་ལ་མཇལ། རྒྱལ་པོ་གོ་དན་མཛེ་ནད་ཀྱིས་མནར་བ་ལ་སྨན་བཅོས་མཛད་པས་རྒྱལ་པོ་ནད་ལས་གྲོལ་ཏེ། སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་རྣམས་ཆོས་ལུགས་གཞན་དག་གི་བླ་མ་ཚོའི་གྲལ་མགོར་སྡོད་ཆོག་པའི་དམིགས་བསལ་ཐོབ་ཐང་སྤྲད། རྒྱལ་པོ་དང༌། བློན་པོ། འབངས་མི་རྣམས་ལ་ཡང་གོ་བདེ་བའི་ཆོས་མང་པོ་གསུངས་ནས་ཧོར་གྱི་ཡུལ་དུ་སངས་རྒྱས་ཆོས་ལུགས་སྔར་ལས་ལྷག་པར་དར་སྤེལ་མཛད།

རི་བོ་རྩེ་ལྔར་ཡང་ཕེབས་ནས་དེ་ན་གནས་པའི་སྒོམ་ཆེན་མང་པོ་ལ་མདོ་སྔགས་ཀྱི་ཆོས་འདོད་པ་དང་མཐུན་པ་གནང༌། བོད་ནས་བླ་མ་དང༌། སློབ་མ། དགེ་བཤེས་མཁས་པ་རྣམས་ཀྱིས་མྱུར་བར་བོད་དུ་ཕྱིར་ཕེབས་དགོས་པའི་ཞུ་བ་ནན་ཅན་ཡང་ཡང་འབྱོར་བའི་བཀའ་ལན་དུ། 《དབུས་གཙང་མངའ་རིས་དང་བཅསཔའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ》ཟེར་བའི་བཀའ་ཡིག་ཅིག་གཏོང་བ་གནང༌། ཡི་གེ་འདིའི་ནང་ཧོར་གྱི་རྒྱལ་རབས་འདི་དམག་དཔུང་མང་ཞིང་སྟོབས་ཆེ་བ་དང་མགོ་བཏགས་མི་ཞུ་བ་རྣམས་ལ་དམག་དཔུང་བཏང་ནས་མངའ་འོག་ཏུ་བསྡུས་ཏེ། དཔོན་རིགས་ཀྱང་ཧོར་རང་གི་མི་བསྐོ་གཞག་བྱེད་ཀྱི་ཡོད་པ་དང༌། དམག་དྲངས་མ་དགོས་པར་མགོ་བཏགས་ཞུས་པ་རྣམས་ཀྱི་དཔོན་རིགས་རང་རང་སོ་སོའི་ཁོངས་ནས་བསྐོས་པའི་དབྱེ་བ་ཡོད་པ་དང༌། ཧོར་རིགས་རང་གི་མི་སེར་ལ་ཁྲལ་དང་འུ་ལག་ཆེ་ཞིང༌། མགོ་བཏགས་ཞུས་པ་དང་དམག་བཏང་ནས་མངའ་འོག་ཏུ་བཅུག་པའི་སྡེ་མི་སེར་རྣམས་ཁྲལ་དང་འུ་ལག་ཆུང་བའི་ཁྱད་པར་ཡོད་པ། རྒྱལ་པོས་ས་གནས་སོ་སོར་བཏང་བའི་གསེར་ཡིག་པ་དང་མི་སྣ་རྣམས་ལ་སྣེ་ལེན་ལེགས་པོ་མ་བྱས་ཚེ། ཁོང་ཚོས་རྒྱལ་པོ་ལ་ཐད་ཀར་སྐད་ཆ་ཤོད་པའི་གོ་སྐབས་དང་བསྟུན་ནས་རྒྱལ་པོ་གཏིང་ནས་ཁྲོས་དགོས་པའི་གཏམ་ཤོད་པར་ངེས་པས་གསེར་ཡིག་པ་དང་མི་སྣ་རྣམས་ལ་སྣེ་ལེན་ལེགས་པར་བྱ་དགོས། རྒྱལ་པོ་དགའ་བའི་དངོས་པོ་གང་དང་གང་དགོས་པ་བཅས་ཡི་གེར་བྲིས་པ་གནང་ཡོད་པ་འདིས། བོད་ཀྱི་མི་དམངས་རྣམས་ཡོན་རྒྱལ་རབས་ཀྱི་སྲིད་ཇུས་ལ་ཡིད་ཆེས་ཆེན་པོ་སྐྱེ་ཐུབ་པ་བྱུང་བ་དང༌། ཡོན་རྒྱལ་རབས་ཀྱིས་བོད་དང་མེས་རྒྱལ་གཅིག་གྱུར་བྱེད་པའི་བྱ་གཞག་ལ་རྒྱབ་སྐྱོར་དང་སྐུལ་མ་ཆེན་པོ་ཐེབས་ནས་ས་སྐྱ་པཎ་ཆེན་སྐུ་མ་འདས་བར་གྱི་ལོ་ངོ་བརྒྱད་ཙམ་རིང་ཡོན་རྒྱལ་རབས་ཀྱིས་བོད་ས་གནས་སུ་དམག་དཔུང་བཏང་མ་དགོས་པའི་བདེ་འཇགས་ཆེན་པོ་བྱུང་བ་བཅས། ས་སྐྱ་པཎ་ཆེན་ནི་བོད་ས་གནས་དང་མེས་རྒྱལ་གོང་བུ་གཅིག་གྱུར་བྱས་པའི་བྱ་གཞག་ནང་བྱས་རྗེས་ཆེན་པོ་བཞག་པའི་བོད་རིགས་ཆོས་ལུགས་མི་སྣ་ཞིག་ཡིན། མཐར་དགུང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ལྕགས་ཕག(སྤྱི་ལོ1251)ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་སྐྱ་རེངས་ཤར་བ་ཙམ་ལ་རྡོ་རྗེ་དྲིལ་བུ་ཕྱག་གཉིས་ཀྱིས་ཐུགས་ཀར་བསྣོལ་ཐབས་སུ་འཛིན་ནས་ལང་གྲུའུ་སྤྲུལ་པའི་སྡེར་གྲགས་པ་དེང་གི་ཀན་སུའུ་ཝུའུ་ཝེའི་གྲོང་ཁྱེར་དུ་སྐུ་གཤེགས།

2 བླ་མ་དང་བུ་སློབ།

བོད་དུ་ཡབ་དགེ་བའི་བཤེས་གཉེན། རྗེ་བཙུན་གྲགས་པ་རྒྱལ་མཚན། སྐྱོང་ངུར་བ་གཞོན་ནུ་སེངྒེ། སློབ་དཔོན་ཁུ་སྟོན། སྤྱི་བོ་ལྷས་པ་སོགས་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། བལ་བོའི་པཎྜི་ཏ་སངྒྷ་ཤྲཱི། ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལ། པཎྜི་ཏ་སུ་ག་ཏ་ཤཱི་སོགས་བསྟེན།

བསྟན་རྒྱུན་འཛིན་པའི་བུ་ཡང་ཐུགས་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ། མཚན་ཉིད་ཀྱི་ཚོགས་དཔོན་འུ་ཡུག་པ་རིག་པའི་སེངྒེ། སྔགས་ཀྱི་ཚོགས་དཔོན་ཞང་བཙུན་མདོ་སྡེ་དཔལ། སྤྱི་དཔོན་ཏེ་ཉེ་གནས་སུ་དགེ་བཤེས་ཤཱཀྱ་བཟང་པོ་སོགས་རྒྱ་བོད་ཧོར་གསུམ་དུ་མཁས་དང་གྲུབ་པའི་སློབ་མ་མང་དུ་འཕེལ། 

3 མཛད་རྗེས།

རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་བསྟན་བཅོས་མང་དུ་བརྩམས་ནས་བོད་ལ་རིག་པའི་གནས་བཅུའི་རྣམ་གཞག་གི་སྲོལ་གཏོད་ཅིང་པཎྜི་ཏའི་མཚན་སྙན་ཐོབ།

འཕྲོག་བྱེད་དགའ་བོ་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་ཀྱི་སྟོན་པ་དྲུག་དང་རྩད་པས་དེ་དག་ཕམ་པར་མཛད་དེ་ནང་བའི་བསྟན་པ་འཆད་ཉན་རྒྱ་ཆེར་སྤེལ་བ།  

མེས་རྒྱལ་གཅིག་གྱུར་ཡོང་བ་དང་། བོད་ཁམས་བདེ་འཇགས་ཡོང་བ། བོད་འབངས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུན་ལྡན་ཡོང་བ་བཅས་ཀྱི་ཆེད་དུ། སྐུ་ཚེ་སྨད་དུ་དཀའ་ཚེགས་ལ་མ་འཛེམ་པར་རང་གི་ཚ་བོ་འགྲོ་མགོན་འཕགས་པ་དང་འགྲོ་མགོན་ཕྱག་ན་རྡོ་རྗེ་གཉིས་ཕྱག་ཕྱིར་ཁྲིད་དེ་ལང་གྲུར་ཕེབས་ནས་ཧོར་གོ་དན་རྒྱལ་བོ་དང་ཞལ་མཇལ་བྱུང་ཞིང་། ཡོན་རྒྱལ་རབས་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཏེ། ཕྱི་ན་བཙན་འཛུལ་གྱི་དགྲ་མེད་ཅིང་། ནང་ན་འཁྲུག་རྩོད་ཀྱི་སྡུག་བསྔལ་མེད་པར་བོད་ཁམས་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་བཅས་ལ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་དོ། །

4 བརྩམས་ཆོས།

ཁོང་གིས་མཛད་པའི་གསུང་རྩོམ་པོད་གསུམ་ཙམ་བཞུགས་ཤིང་། དེའི་ཁྲོད་དུ《ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས》དང《ལེགས་པར་བཤད་པའི་རིན་པོ་ཆེའི་གཏེར》ཡོངས་གྲགས་སུ《ས་སྐྱ་ལེགས་བཤད》《གཞུང་ལུགས་ལེགས་པར་བཤད》《རོལ་མོའི་བསྟན་བཅོས》《མཁས་པ་ལ་འཇུག་པའི་སྒོ》《སྒྲ་ལ་འཇུག་པ》《མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གི་གཏེར》《སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ》《བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ》《སྨྲ་སྒོའི་བསྡུས་དོན》《སྡེབ་སྦྱོར་མེ་ཏོག་ཆུན་པོ》《སྨན་དཔྱད་ཀྱི་བསྟན་བཅོས་ཡན་ལག་བརྒྱད་པའི་བསྡུས་དོན》《སྐྱེས་བུ་རྣམ་དབྱེ་གཞོན་ནུའི་མགུལ་རྒྱན》《བསྟན་བཅོས་མཁས་པའི་ཁ་རྒྱན》《ཚད་མ་རིགས་གཏེར》《སྨྲ་སྒོའི་བསྡུས་དོན》《གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ》《རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་བསྟོད་པ》སོགས་ཡོད་ལ། བརྗོད་བྱའི་ཆ་ནས་ནང་དོན་རིག་པ་དང་། ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྙན་ངག སྡེབ་སྦྱོར། རོལ་མོ་བཅས་རིག་གནས་ཆེ་ཆུང་ཀུན་ལ་ཁྱབ་ཡོད།

5 ས་སྐྱའི་གདན་རབས།

ས་སྐྱའི་གདན་རབས་དང་པོ།འཁོན་དཀོན་མཆོག་རྒྱལ་པོས་རབ་བྱུང་དང་པོའི་ཆུ་གླང་ལོ(1073ལོ)ནས་རབ་བྱུང་གཉིས་པའི་ཆུ་རྟ་ལོའི(1102ལོ)བར་མཛད། 

ས་སྐྱའི་གདན་རབས་གཉིས་པ།བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་རབ་བྱུང་གཉིས་པའི་ཆུ་རྟ་ལོའི(1102ལོ)ནས་རབ་བྱུང་གཉིས་པའི་ལྕགས་ཡོས་ལོའི(1111ལོ)བར་མཛད། 

ས་སྐྱའི་གདན་རབས་གསུམ་པ།ས་ཆེན་ཀུན་དགའ་སྙིང་པོས་ལྕགས་ཡོས་ལོ(1111ལོ)ནས་རབ་བྱུང་གསུམ་པའི་ས་སྟག་ལོའི(1158ལོ)བར་མཛད།

ས་སྐྱའི་གདན་རབས་བཞི་པ།བསོད་ནམས་རྩེ་མོས་རབ་བྱུང་གསུམ་པའི་ས་སྟག་ལོ(1158ལོ)ནས་རབ་བྱུང་གསུམ་པའི་ཆུ་འབྲུག་ལོའི(1172ལོ)བར་མཛད།

ས་སྐྱའི་གདན་རབས་ལྔ་པ།གྲགས་པ་རྒྱལ་མཚན་གྱིས་རབ་བྱུང་གསུམ་པའི་ཆུ་འབྲུག་ལོའི(1172ལོ)ནས་རབ་བྱུང་བཞི་པའི་མེ་བྱི་ལོའི(1216ལོ)བར་མཛད།

ས་སྐྱའི་གདན་རབས་དྲུག་པ།ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རབ་བྱུང་བཞི་པའི་མེ་བྱི་ལོའི(1216ལོ)ནས་རབ་བྱུང་བཞི་པའི་ལྕགས་ཕག་ལོའི(1251ལོ)བར་མཛད།

ས་སྐྱའི་གདན་རབས་བདུན་པ།འགྲོ་མགོན་འཕགས་པས་རབ་བྱུང་བཞི་པའི་ལྕགས་ཕག་ལོའི(1251ལོ)ནས་རབ་བྱུང་ལྔ་པའི་ལྕགས་འབྲུག་ལོའི(1280ལོ)བར་མཛད་པ་དང་། རྒྱལ་སར་བྱོན་པའི་ཤུལ་དུ་གཅུང་པོ་ཕྱག་ན་རྡོ་རྗེ་ནས་སྐུ་ཚབ་མཛད། 

ས་སྐྱའི་གདན་རབས་བརྒྱད་པ།དྷརྨ་པཱ་ལས་རབ་བྱུང་ལྔ་པའི་ལྕགས་འབྲུག་ལོའི(1280ལོ)ནས་རབ་བྱུང་ལྔ་པའི་མེ་ཁྱི་ལོའི(1286ལོ)བར་མཛད། 

ས་སྐྱའི་གདན་རབས་དགུ་པ།ཤར་པ་འཇམ་དབྱངས་བཞི་ཐོག་པས་རབ་བྱུང་ལྔ་པའི་མེ་ཕག་ལོའི(1287ལོ)ནས་རབ་བྱུང་ལྔ་པའི་ཤིང་འབྲུག་ལོའི(1304ལོ)བར་མཛད།

ས་སྐྱའི་གདན་རབས་བཅུ་པ།བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་རབ་བྱུང་ལྔ་པའི་ཤིང་འབྲུག་ལོ(1304ལོ)ནས་རབ་བྱུང་ལྔ་པའི་ཆུ་ཁྱི་ལོའི(1322ལོ)བར་མཛད། ཆུ་ཕགལོའི(1323ལོ)ནས་བར་སྟོང་ལོ་གསུམ།

ས་སྐྱའི་གདན་རབས་བཅུ་གཅིག་པ།མཁས་བཙུན་ཆེན་པོས་རབ་བྱུང་ལྔ་པའི་ཤིང་གླང་ལོ(1325ལོ)ནས་རབ་བྱུང་དྲུག་པའི་ཆུ་ལུག་ལོའི(1343ལོ)བར་མཛད།

ས་སྐྱའི་གདན་རབས་བཅུ་གཉིས་པ།བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ཤིང་སྤྲེལ་ལོ(1344ལོ)ནས་རབ་བྱུང་དྲུག་པའི་མེ་ཁྱི་ལོའི(1346ལོ)བར་མཛད།

ས་སྐྱའི་གདན་རབས་བཅུ་གསུམ་པ།ཏཱ་དབེན་བློ་གྲོས་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་མེ་ཕག་ལོ(1347ལོ)ནས་གདན་ས་མཛད་པའི་ལོ་གསུམ་པ་ལ་ས་སྐྱ་པའི་སྲིད་དབང་ཉམས། ལོ་ངོ་ཉིས་བརྒྱ་དོན་དྲུག་གི་རིང་ལ་གདན་རབས་བཅུ་གསུམ་བྱུང་ཞིང༌། དེའི་རྗེས་གདུང་རྒྱུད་རིམ་བྱོན་གྱིས་རང་གི་མངའ་རིས་ཙམ་སྐྱོང་བར་གྱུར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-31

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།