མདའ་གཞུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདའ་གཞུ།
རི་དྭགས་རྔོན་བྱེད་དམ་ཕ་རོལ་པོར་རྒོལ་བྱེད་ཀྱི་མདའ་དང་གཞུ་ལ་མདའ་གཞུ་ཟེར་ཞིང་། མདའ་གཞུའི་མཚོན་ཆ་འདི་བོད་དུ་དར་ནས་ཐོག་མར་རི་དྭགས་རྔོན་བྱེད་དུ་སྤྱད་པ་དང་དེ་ནས་རིམ་བཞིན་མིའི་གཡུལ་འཁྲུགས་ནང་དུ་སྤྱོད་འགོ་བརྩམས། ལྷག་པར་དུ་གླིང་སྒྲུང་དུ་མདའ་གཞུ་ནི་དཔའ་བོའི་རྒྱན་ཆ་དང་སྡང་དགྲ་རྒོལ་བར་མེད་དུ་མི་རུང་བའི་མཚོན་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་པས་མདའ་གཞུ་ལ་མནོལ་གྲིབ་ཕོག་མི་ཉན་ལ་མདའ་གཞུ་དམན་སར་མི་འཇོག་པའི་སྲོལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弓箭
རིགས་དབྱེ།
མཚོན་ཆའི་རིགས།
1 བྱུང་འཕེལ།

འདས་ཟིན་པའི་སྔ་རབས་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་དག་ལ་བལྟས་ན། བོད་རང་ལ་མདའ་ཞེས་པ་འདི་བསྐལ་བ་ཡ་ཐོག་གི་གདོད་མའི་དུས་ཀྱི་མངའ་མཛད་བཅུ་གཉིས་ཏེ་གནོད་སྦྱིན་ནག་པོས་དབང་མཛད་སྐབས་བྱུང་བར་གྲགས། 《ལྡེའུ་ཆོས་འབྱུང》ལས། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། སྟ་རེ་དགྲ་སྟ་དུས་དེར་ལག་ཆ་བྱུང་། ལག་ཆ་ཁ་ཌ་རྩེ་གསུམ་དེ་ནས་བྱུང་། ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང་། ཞེས་དང་། 《རྒྱལ་པོ་བཀའ་ཐང》ལས། བོད་ཡུལ་གངས་རིའི་རྩེ་དགུའི་ལྗོངས་འདི་རུ།། སྤུར་རྒྱལ་གོང་མཛད་དྲུག་ཏུ་བྱུང་།། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།། ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས།། སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང་།། དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ།། མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་གྲགས།། སྔ་རྟགས་ཤ་ཟ་གདོང་དམར་བོད་པ་བྱུང་།། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།། ཡུལ་གྱི་མིང་ལ་བོད་ཁམས་གླིང་དུ་བཏགས།། སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང་།། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།། སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་།། ཞེས་འཁོལ་ཡོད་པར་གཞིགས་ན་བོད་ལ་མདའ་གཞུ་སྔ་མོ་ནས་བྱུང་ཡོད་པ་ཤེས། གླིང་གེ་སར་རྒྱལ་པོའི་སྐབས་སུ་མདའ་གཞུ་ནི་ལྷག་པར་རྒྱུགས་ཆེ་བའི་དཔའ་བོའི་མཚོན་ཆ་གལ་ཆེན་དུ་ཆགས་པས་མདའ་གཞུའི་ལས་སྟངས་དང་རྣམ་གྲངས་མང་དུ་འཕེལ་ནས་ཕུན་སུམ་ཚོགས་པར་གྱུར།

2 དབྱེ་བ།

མདའ་གཞུ་ལ་བྱེད་ལས་དང་ཁ་དོག་ངོ་བོ། རྒྱུ་སྤུས་ཀྱི་ཆ་ནས་མང་པོ་དབྱེ་ཡོད་དེ། མདའ་ལ་ལྕགས་མདའ་དང་སྨྱུག་མདའ། སྐྱེར་མདའ། ཟངས་མདའ། རུས་མདའ། གསོམ་མདའ་སོགས་དང་། སྒྲོ་བའི་ཆ་ནས་བཏགས་པ་ལ་རྒོད་སྒྲོ་མ། འུག་སྒྲོ་མ། ཁྲ་སྒྲོ་མ། གླག་སྒྲོ་མ། ལྟོང་གི་ཆ་ནས་བཏགས་པ་ལ་གསེར་ལྟོང་མ་དང་དངུལ་ལྟོང་མ། ཟངས་ལྟོང་མ། དུང་ལྟོང་མ་སོགས་ཡོད། གཞུ་ལ་ལྕགས་གཞུ་དང་རྭ་གཞུ། སྨྱུག་གཞུ། སྐྱེར་གཞུ་སོགས་ཀྱི་རིགས་མང་པོ་ཡོད།

3 ཁྱད་ཆོས།

གོང་དུ་བརྗོད་པའི་མདའ་གཞུ་དེ་དག་རེ་རེའི་ཁྱད་ཆོས་དང་ནུས་པ་སོགས་མི་འདྲ་ལ། དཔེར་ན། རྒོད་སྒྲོ་མ་ཞེས་པ་ནི་ཤུགས་ཆེ་ཞིང་རྒྱང་ཐག་རིང་པོ་ཆོད་པར་གྲགས། རྒྱུ་མཚན་དགུང་ནམ་འཕང་མཐོན་པོར་བསྟོད་མཁན་ནི་རྒོད་ཐང་དཀར་ཡིན་པའི་རྐྱེན་གྱིས་དགེ་མཚན་ཆ་འདྲ་བའི་སྒོ་ནས་དེ་ལྟར་བཏགས་པར་བཤད། འུག་སྒྲོ་མ་ཞེན་པ་ནི་མཚན་མོར་འཕང་ན་གནད་ལ་ཕོག་ཅིང་ཡོ་གཟུར་མེད་པར་གྲགས། རྒྱུ་མཚན་འུག་པ་མཚན་མོར་ལས་བྱེད་པར་མཁས་པས་ན་དེ་ལྟར་བཏགས་པར་བཤད། འུག་སྒྲོ་མ་ནི་གླིང་སྒྲུང་དུ་བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲོད་བྱེད་ཡིན་པར་བཤད། ཁྲ་སྒྲོ་མ་ཞེས་པ་ནི་འཕང་ན་ཤུན་ཏུ་མྱུར་ཞིང་མིག་ལྡེབ་དབང་ཙམ་གྱི་རིང་གནད་ལ་ཕོག་པར་བཤད། རྒྱུ་མཚན་ནི་ཁྲ་ཡི་ལྡེམ་མྱུར་དང་རིག་པར་འགྲན་ཟླ་བྲལ་བས་ན་དེ་ལྟར་ཐོགས་པར་བཤད། གཞན་གླག་སྒྲོ་མ་ནི་གནད་ལ་ཁེལ་ཅིང་དཀྱིལ་སྙིང་ལས་མི་འདའ་བས་ན་དེ་ལྟར་བཏགས། གླག་གིས་སྲོག་ཆགས་གང་ཞིག་བཟུང་བའི་ཚེ་ཤོར་བ་མི་སྲིད་པས་སོ།།

4 བཀོལ་སྤྱོད།

མདའ་གཞུའི་མཚོན་ཆ་འདི་བོད་དུ་དར་ནས་ཐོག་མར་རི་དྭགས་རྔོན་བྱེད་དུ་སྤྱད་པ་དང་དེ་ནས་རིམ་བཞིན་མིའི་གཡུལ་འཁྲུགས་ནང་དུ་སྤྱོད་འགོ་བརྩམས། ལྷག་པར་དུ་གླིང་སྒྲུང་དུ་མདའ་གཞུ་ནི་དཔའ་བོའི་རྒྱན་ཆ་དང་སྡང་དགྲ་རྒོལ་བར་མེད་དུ་མི་རུང་བའི་མཚོན་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་པས་མདའ་གཞུ་ལ་མནོལ་གྲིབ་ཕོག་མི་ཉན་ལ་མདའ་གཞུ་དམན་སར་མི་འཇོག་པའི་སྲོལ་ཡོད། ད་སྐབས་བོད་རོང་འབྲོག་མང་ཚོགས་སུ་མདའ་རྩེད་འགྲན་པའི་རྩེད་མོའི་རྣམ་གྲངས་ཤིག་ཏུ་ཆགས་ཡོད་དོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-09

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།