གབ་ཚིག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གབ་ཚིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དམངས་སྲོལ། )

རྩེད་མོ་སོགས་ཀྱི་མདུན་སར་བཞད་གད་སློང་བའི་ཆེད་དང་། གབ་ཚིག་ཤེས་པ་རྣམས་ནང་ཕན་ཚུན་གསང་གཏམ་ཚིག་ཏུ་སྨྲ་བ་དང་། རང་དང་མི་མཐུན་པའི་ཕ་རོལ་པོ་རྣམས་མགོ་བོ་རྨོངས་པར་བྱེད་པའི་ཕྱིར་དུ་གབ་བྱ་སྣ་ཚོགས་ལ་གབ་བྱེད་སྣ་ཚོགས་སྦྱར་ཏེ་སྟོན་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
谜语
རིགས་དབྱེ།
དམངས་སྲོལ་རིག་གནས།
1 བོད་ཀྱི་གབ་ཚིག་སྔ་དར་སྐོར།

ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། གཞན་ཡང་སྔ་རབས་ལྡེའུ་དང༌།། ཡུལ་འགར་ཁེད་ཅེས་གྲགས་པ་ཡི།། གངས་ལྗོངས་རིག་རྩལ་ལས་འོངས་པའི།། ངོ་མཚར་གབ་ཚིག་རྣམ་གྲངས་མང༌།། ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་བོད་ཀྱི་ལོ་རྒྱུས་མང་པོར། སྔར་གྱི་རྒྱལ་རབས་དགུ་པ་པུ་དེ་གུང་རྒྱལ་གྱི་དུས་སུ་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་། ལྡེའུ་སོགས་དར་སོ་ཆེན་པོར་བཤད་ཅིང་། རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་སའི་གཙུག་ལག་ཁང་བཞེངས་སྐབས། གདུང་མའི་ལྡེབས་ངོས་སུ་སྒྲུང་ལྡེའུ་ནས་བཤད་པའི་རི་མོ་མང་པོ་བྲིས་ཡོད་པར་བཤད་པའི་ནང་ནས། དྲང་པོ་ཐེམ་རིས་ཝ་བ་ཆེ། ཅི་ཡིན་ཞེས་དྲི་བ་བཀོད་པའི་ལན་དུ། འདེགས་བྱེད་ཀྱི་སྲང་དང་། སྲང་རྡོ་བཅས་རི་མོར་བྲིས་ཤིང་། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས། ཅི་ཡིན་ཞེས་དྲི་བ་བཀོད་པའི་ལན་དུ། མཆོད་རྟེན་ཞིག་རི་མོར་བྲིས་པ་དང་། ནག་པོ་ཁ་གདངས་གདངས་མིག་ཚུབས།། དམར་པོ་སྤུ་མེད་བཅུག་ཅིང་ཕྱུང་།། ཅི་ཡིན་ཞེས་དྲི་བའི་ལན་དུ། མགར་བ་ཞིག་གིས་ལྕགས་དམར་པོ་སྐམ་པས་བཟུང་སྟེ་ཐབ་ཀྱི་ནང་ནས་འདོན་བཞིན་པ་ཞིག་རི་མོར་བྲིས་ཡོད་པ་སོགས་ལས་ང་ཚོས་རང་རེ་བོད་ཀྱི་གབ་ཚིག་འདི་རྒྱ་གར་ནས་དར་བར་འདོད་པའི་སྙན་ངག་མེ་ལོང་མའི་གབ་ཚིག་གི་རྒྱན་བཅུ་དྲུག་དེར་མ་འདུས་པའི་བོད་རང་ལ་ཡང་གབ་ཚིག་གི་རྣམས་གྲངས་ཡོད་པ་གསལ་པོར་གསུངས་ཡོད། ཡང་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་མཛད་པའི་མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ཞེས་པ་ལས་ད་དུང་སྲིད་པ་ཆགས་གླུ་དང་། ཨ་འཆགས་འཆགས་ལ་ཆགས་དགུ་དང་། ཨ་མཚར་མཚར་ལ་མཚར་དགུ་སོགས་ཀྱི་གླུ་ཡང་གབ་ཚིག་གི་ངོ་བོས་གྲུབ་ཡོད་པར་གསུངས་པ་བཞིན་ནོ།།

2 ལྡེའུ་དང་ཁེད། གབ་ཚིག་གསུམ་གྱི་གོ་དོན།

ཁ་ཅིག་གིས་ལྡེའུ་དང་ཁེད། གབ་ཚིག་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་འདོད་པ་དང་། ཡང་ཁ་ཅིག་གིས་དེ་དག་ལ་ཁྱད་པར་ཡོད་པར་འདོད།

2_1 དོན་གཅིག་མིང་གི་རྣམ་གྲངས།

སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་ཚང་གིས་མཛད་པའི་སྙན་ངག་མེ་ལོང་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་སྒོ་ལས། གནའ་དུས་བོད་རྒྱལ་སྲོང་བཙན་ཡན་ཆོད་དུ་བོད་ལ་ཡི་གེ་མེད་པའི་རིང་ལ་རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་ནང་གི་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་ཞེས་དང་། མཁས་དབང་དུང་དཀར་ཚང་གི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། གཞན་ཡང་སྔ་རབས་ལྡེའུ་དང༌།། ཡུལ་འགར་ཁེད་ཅེས་གྲགས་པ་ཡི།། གངས་ལྗོངས་རིག་རྩལ་ལས་འོངས་པའི།། ངོ་མཚར་གབ་ཚིག་རྣམ་གྲངས་མང༌།། ཞེས་བོད་གནའ་རབས་ཀྱི་ལྡེའུ་དང་ཡུལ་གཞན་དུ་བཤད་པའི་ཁེད་བཅས་ནི་བོད་རང་གི་རིག་རྩལ་ལས་ཐོན་པའི་གབ་ཚིག་ཡིན་ཞེས་དེ་གསུམ་གའི་ནང་དོན་གཅིག་ཡིན་པ་ཤུགས་སུ་བསྟན་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཁེད། དམངས་ཁྲོད་དུ་ཡོད་པའི་གབ་ཚིག་གི་བརྡ་རྙིང་ཞིག་སྟེ། སྙན་ངག་གི་གབ་ཚིག་གི་རྒྱན་དང་འདྲ་ཞེས་བཀོད་ཡོད་ལ། ལྡེའུ། དྲི་བ་དང་དྲིས་ལན་བྱེད་མཁན་མི་གཉིས་ཀྱིས་གབ་ཚིག་དྲི་བཤད་ངོས་འཕྲོད་མིན་ལ་བརྟེན་པས་རྒྱལ་ཕམ་རྩི་བའི་ངག་རྩེད་ཀྱི་རྣམས་གྲངས་ཤིག་ཅེས་བཀོད་ཡོད། འཇུ་མི་ཕམ་གྱིས་མཛད་པའི་སྙན་ངག་མེ་ལོང་གི་འབྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ་ལས། འགྲེལ་བ་གཞན་ན་གབ་ཚིག་ཅེས་པ་སྔོན་སྐ་ཅོག་སོགས་ཀྱི་དུས་སུ་བརྡ་རྙིང་ལ་སྐུ་སྐའམ་ལྡེའུ་ཞེས་སུ་བསྒྱུར། སྒྲུང་ལྡེའུ་བོན་གསུམ་གྱི་ཡ་གྱལ་ཞིག་ཡིན། ད་ལྟ་ལྡེབས་རྒྱགས་པའམ་བསྐུལ་པར་ཡང་གྲགས་ཞེས་བཤད་ཡོད་པ་ལས་སྙན་ངག་གི་འགྲེལ་བ་སྔོན་མ་རྣམས་ཀྱི་ནང་དུའང་གབ་ཚིག་ཅེས་པའི་བརྡ་རྙིང་ལྡེའུ་ཡིན་པ་གསལ་པོར་བསྟན་ཡོད།

2_2 གབ་ཚིག་དང་ཁེད་ཀྱི་ཁྱད་པར།

ཨ་ཁུ་དམུ་དགེ་བསམ་གཏན་ལགས་ཀྱིས་ཁེད་དང་གབ་ཚིག་གཉིས་ཀྱི་ཁྱད་པར་ལ། འབྱུང་ཁུངས་ཀྱི་ཁྱད་པར་དང་དུས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར། ཐ་སྙད་ཀྱི་ཁྱད་པར་བཅས་ཕྱོགས་བཞིའི་ཐད་ནས་དེ་གཉིས་མི་མཐུན་པར་བརྗོད་ཡོད་པ་དང༌། སྙན་ངག་གི་གཞུང་དུ་བཤད་པའི་གབ་ཚིག་ལ་གཞུང་ལུགས་ཀྱི་ཚད་བཀག་ལྟར་ངེས་པར་དུ་ཚིག་རྐང་བཞི་ཅན་གྱི་ཚིགས་བཅད་ཤོ་ལོ་ཀ་གཅིག་རེ་བྱས་ཏེ་འབྲི་དགོས་ཀྱང་ཁེད་ནི་དེ་ལྟར་མ་ཡིན་པར་ཚིག་རྐང་རིང་ཐུང་དང་བཅད་ལྷུག་གི་ཁྱད་པར་མེད་པར་གང་འདོད་དུ་བརྗོད་ཆོག་པ་ཞིག་ཡིན། གལ་ཏེ་ཁེད་དང་གབ་ཚིག་གཉིས་ཡོངས་སུ་འདྲ་ན། གབ་ཚིག་གི་དཔེར་བརྗོད་འབྲི་སྐབས། དཔེར་ན། སྤང་དཀར་ཐང་ན་ཚར་དུ་དངར་བ་ཡི།། གནག་སྣུམ་གོས་བཟང་གྱོན་པའི་བལ་ལྡན་གྲངས།། འཁར་བས་བགྲངས་བཞིན་རྫི་བོ་བར་མེད་དུ།། འགྱུར་ཁུག་གླུ་དབྱངས་སྟོང་གི་རྣམ་པར་བྲེལ།། ཞེས་པ་དེ་ཚིག་རྒྱན་སྣ་ཚོགས་ཀྱིས་སྤྲས་ཏེ་ཤོ་ལོ་ཀ་གཅིག་ཏུ་འབྲི་དགོས་དོན་མེད་པར་ཐད་ཀར་དམངས་ཁྲོད་ཀྱི་ཁེད་ལྟར། ཐང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ་ཞེས་བྲི་ཆོག་སྟེ། དེ་གཉིས་ཀའི་གབ་བྱ་དོན་གཅིག་ཡིན་པས་སོ།། གཞན་ཡང་ཐ་སྙད་དང་འབྱུང་ཁུངས་ཀྱི་ཆ་ནས་གབ་ཚིག་གི་རྒྱན་ནི་རྒྱ་གར་གྱི་སྙན་ངག་མེ་ལོང་མ་བོད་དུ་དར་རྗེས་ད་གཟོད་བྱུང་བ་ཞིག་ཡིན་ཡང༌། དེའི་སྔོན་དུ་བོད་ལ་གབ་ཚིག་མེད་པ་མ་ཡིན་ཏེ་དམངས་ཁྲོད་ཀྱི་ཁེད་འདི་རིགས་ནི་བོད་རང་ས་ནས་དར་བའི་གབ་ཚིག་ཡིན། ཁེད་ནི་གབ་ཚིག་གི་རིགས་ཤིག་ཡིན་པར་འདོད་ཀྱི་ཡོད་ཀྱང༌། དེ་དང་སྙན་ངག་གི་གཞུང་ལས་བཤད་པའི་གབ་ཚིག་གཉིས་ལ་ཁྱད་པར་ཡོད་པས། ང་ཚོས་ཁེད་ནི་དམངས་ཁྲོད་ཀྱི་གབ་ཚིག་ཡིན་ཞེས་བརྗོད་ན་འགལ་བ་མེད་པར་སྙམ། རྒྱ་ནག་པས་གབ་ཚིག་གི་རིགས་དབྱེ་སྐབས། དམངས་ཁྲོད་ཀྱི་གབ་ཚིག་དང༌། ཤེས་ཡོན་པས་ཡིག་ཐོག་ནས་བརྩམས་པའི་གབ་ཚིག་ཅེས་རིགས་ཆེ་བ་གཉིས་སུ་དབྱེ་སྲོལ་ཡོད་པ་བཞིན་དུ། ང་ཚོའི་བོད་ལའང་དམངས་ཁྲོད་ཀྱི་གབ་ཚིག་སྟེ་ཁེད་ཅེས་པ་འདི་དང༌། ཡིག་ཐོག་ནས་བརྩམས་པའི་གབ་ཚིག་དཔེར་ན་གབ་ཚིག་གི་རྒྱན་བཅུ་དྲུག་ལྟ་བུ་ཡོད་པས། འདིར་སྡོམ་ཚིག་ཅིག་ཐོབ་པ་ནི། གབ་ཚིག་ཡིན་ན་ཁེད་ཡིན་པས་མ་ཁྱབ་སྟེ། ད་དུང་གབ་ཚིག་གི་རྒྱན་བཅུ་དྲུག་ལྟ་བུ་ཡིག་ཐོག་ནས་བརྩམས་པའི་གབ་ཚིག་ཡོད་པ་དང༌། ཁེད་ཡིན་ན་གབ་ཚིག་ཡིན་པས་ཁྱབ་སྟེ། ཁེད་ནི་དམངས་ཁྲོད་ཀྱི་གབ་ཚིག་ཡིན་པའི་ཕྱིར་རོ།།

2_3  གབ་ཚིག་དང་ཁེད་ཀྱི་ཁྱད་ཆོས།

རྩོམ་ལུས་ཀྱི་ཆ་ནས་དམངས་ཁྲོད་ཀྱི་ཁེད་དང་ཤེས་ཡོན་པས་བརྩམས་པའི་ཡིག་ཐོག་གི་གབ་ཚིག་གཉིས་ཀྱི་མི་འདྲ་ས་གལ་ཆེ་ཤོས་ཤིག་ནི་རྩོམ་ལུས་ཀྱི་ཁྱད་པར་ཡིན་ཏེ། ཡིག་ཐོག་གི་གབ་ཚིག་ནི་ངེས་པར་དུ་ཚིགས་བཅད་ཡིན་དགོས་པ་མ་ཟད། ད་དུང་ཚིག་རྐང་བཞི་ཅན་གྱི་ཤོ་ལོ་ཀ་གཅིག་ཡིན་དགོས་མོད། དམངས་ཁྲོད་ཀྱི་གབ་ཚིག་སྟེ་ཁེད་ལ་མཚོན་ན་རྩོམ་ལུས་ཀྱི་ཐད་གཞུང་ལུགས་ཀྱི་ཚད་བཀག་མེད་པར་བཅད་ལྷུག་གང་རུང་ཡིན་ཆོག བརྡ་སྤྲོད་ཀྱི་ཆ་ནས་གབ་ཚིག་ནི་དམངས་ཁྲོད་ནས་དར་ཞིང་འཕེལ་བ་ཞིག་ཡིན་པས་རྩོམ་པ་པོ་ནི་ཕལ་ཆེར་ཞིང་འབྲོག་ཡིག་རྨོངས་བ་དག་དག་ཡིན། དེའི་རྐྱེན་གྱིས་ཁེད་ཀྱི་ཚིག་སྦྱོར་དེ་ཡིག་ཐོག་གི་གབ་ཚིག་ལྟར་བརྡ་སྤྲོད་དང་མཐུན་པ་ཞིག་མིན་པ་དང༌། ཡུལ་སྐད་ཀྱི་ཤན་ཞུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན། དཔེར་ན། ནགས་འདབས་གི་གླ་བོ་ཁེར་ཉལ། ཞེས་པ་ལྟ་བུ་དང༌། ཡང༌ན། རི་བོ་བུམ་པའི་གཡས་གཡོན་ན། གསེར་གི་ཉ་མོ་ཁ་སྤྲོད་ཟིག ཅི་ཁེད། རྣ་བ། ཞེས་པའི་ཁྲོད་ཀྱི་ཕྲད་གི་ཞེས་པ་དེ་སྤྱིར་བརྡ་སྤྲོད་དང་མཐུན་པའི་སྒོ་ནས་སྦྱར་ན་སྔ་ཕྱིར་ཀྱི་དང་གྱི་གཉིས་འབྲི་དགོས་ཀྱང་ཡུལ་སྐད་ཀྱི་དབང་གིས་རྒྱུན་དུ་གི་ཞེས་བརྗོད་པ་ལྟ་བུའོ།། ཡང༌། གསེར་གི་ཉ་མོ་ཁ་སྤྲོད་ཟིག་ཅེས་པ་བརྡ་སྤྲོད་ལྟར་བྲིས་ན་ཅིག་ཅེས་འབྲི་དགོས་ཀྱང༌། ཨ་མདོའི་ཁ་སྐད་དུ་རྒྱུན་དུ་ཅིག་ཞིག་ཤིག་གསུམ་གྱི་ཚབ་ཏུ་ཟིག་ཞེས་བརྗོད་པས་ཁེད་ཀྱི་ནང་དུའང་དེ་ལྟར་བརྗོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-13

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།