ཚ་ཞང་འདན་མ་བྱང་ཁྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚ་ཞང་འདན་མ་བྱང་ཁྲ།
ཚ་ཞང་འདན་མ་བྱང་ཁྲ་ནི་སྲིད་གསུམ་ཁམས་སུ་འགྲན་ཟླ་བྲལ་བའི་གླིང་གི་ཡང་རྟུལ་དམ་པའི་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ། བློན་ཚ་ཞང་འདན་མ་བྱང་ཁྲ་ནི་དགྲ་སྡེ་གང་དྲག་ཟིལ་གྱིས་གནོན་པའི་དཔའ་བོ་ཞིག་ཡིན་ལ་གླིང་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་དམག་དཔོན་ཞིག་ཀྱང་ཡིན། ཁོང་གཞོན་པའི་དུས་ནས་ཞེ་རྒྱུད་འཇམ་ཞིང་གཞུང་དྲང་བ། བློ་རིག་རྒོད་ཅིང་སྙིང་སྟོབས་ལྡན་པ། དྲག་པའི་མཚོན་ཆ་སྤྱོད་པར་རབ་ཏུ་མཁས། ད་དུང་དཔུང་རྒོད་ཁེར་ངོམ་དང་རྟ་རྒོད་ཁེར་རྒྱུགས་བྱེད་པའི་མི་ཞིག་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
察香丹玛香叉
ཁོངས་གཏོགས།
ཡང་རྟུལ་དམ་པ་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ།
རིགས་དབྱེ།
གླིང་སྒྲུང་མི་སྣ།
1 ​ངོ་སྤྲོད།

སྲིད་གསུམ་ཁམས་སུ་འགྲན་ཟླ་བྲལ་བའི་གླིང་གི་ཡང་རྟུལ་དམ་པའི་མི་བདུན་དང་ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ། བློན་ཚ་ཞང་འདན་མ་བྱང་ཁྲ་ནི་དགྲ་སྡེ་གང་དྲག་ཟིལ་གྱིས་གནོན་པའི་དཔའ་བོ་ཞིག་ཡིན་ལ་གླིང་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་དམག་དཔོན་ཞིག་ཀྱང་ཡིན། ཁོང་གཞོན་པའི་དུས་ནས་ཞེ་རྒྱུད་འཇམ་ཞིང་གཞུང་དྲང་བ། བློ་རིག་རྒོད་ཅིང་སྙིང་སྟོབས་ལྡན་པ། དྲག་པའི་མཚོན་ཆ་སྤྱོད་པར་རབ་ཏུ་མཁས། ད་དུང་དཔུང་རྒོད་ཁེར་ངོམ་དང་རྟ་རྒོད་ཁེར་རྒྱུགས་བྱེད་པའི་མི་ཞིག་ཀྱང་ཡིན། ཁོང་གི་སྐྱེས་རབས་ལོ་རྒྱུས་ལ་བཤད་ཚུལ་མི་འདྲ་བ་འགའ་ཡོད་པ་སྟེ། འགའ་ཞིག་གིས་ཚ་ཞང་འདན་མ་བྱང་ཁྲ་དང་ཐོག་སྐྱེས་ཡུལ་ནི་འདན་ཁྲི་དཀར་རྒྱལ་པོའི་རིགས་རྒྱུད་ཡིན་ཞིང་། ཕྱིས་སུ་གླིང་འདན་གཡུལ་འཁྲུག་གི་སྐབས་སུ་གླིང་ལ་མགོ་བཏེགས་ཤིང་གླིང་དང་ཉེ་འབྲེལ་ཆགས་པའི་ཆ་ནས་ཚ་ཞང་འདན་མ་བྱང་ཁྲ་ཞེས་མིང་ཐོགས་པར་བཤད། སྔ་མོར་ཁོང་གི་མཚན་ལ་ཚ་རྒྱལ་ཞེས་གྲགས་པ་ཡིན་སྐད། ཡང་ཁ་ཅིག་གིས་ཁོང་ནི་གླིང་གི་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་ལས་ཆུང་རྒྱུད་ཀྱི་གདུང་རྒྱུད་ལས་སྐྱེས་པ་ཡིན་ལ། ནམ་མཁའ་སེན་ཞལ་གྱི་སྲས་ཡིན་ཞེས་གླེང་། ཡང་ཁ་ཅིག་གིས་བཤད་པ་ལྟར་ན་གླིང་གི་གདུང་རྒྱུད་འཇིག་རྟེན་དུ་ཐོག་མར་ཆགས་པའི་སྐབས་སུ། གླིང་གི་སྤྱི་དཔོན་ཁྲ་རྒན་གྱི་དགོངས་པར་བོད་གངས་ཅན་ཡོངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ལྷག་པར་དར་རྒྱས་དང་། དགྲ་སྡེ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞིག་ཡོང་དགོས་ན་གླིང་རྗེ་གེ་སར་རྒྱལ་པོར་ལག་རོགས་ཕུལ་དུ་བྱུང་བ་ཞིག་མེད་ན་མི་ཆོག་སྙམ་ནས་གོང་མ་ལྷ་ཡུལ་ཁམས་སུ་ཕྱག་ཕེབས་ཏེ་ལྷ་ཆེན་ཚངས་པ་དཀར་པོར་དགོངས་དོན་ཡར་ཞུས་པ་ན། ལྷ་ཆེན་ཚངས་པས་ཀྱང་སྔོན་ནས་ཐུགས་སུ་མཁྱེན་ཡོད་པ་ལྟར་གླིང་གི་སྤྱི་དཔོན་ཁྲ་རྒན་ལགས། ཁྱོད་ཀྱིས་ཞུས་པའི་གཏམ་གྱི་དོན་སྙིང་ལེགས་པོར་ཐོས་ཡོད་པས་ཕྱིར་ཕེབས་དང་། ཕྱིས་སུ་གེ་སར་རྒྱལ་པོར་ལག་རོགས་ལེགས་པོ་ཞིག་མངགས་འོང་བ་ཡིན་ཞེས་བཀའ་མཛད་པས། སྤྱི་དཔོན་ཐུགས་དགྱེས་ནས་ཕྱིར་གླིང་དཀར་སྟོད་ལ་ལོག དེ་ནས་ལྷ་ཆེན་ཚངས་པ་དཀར་པོས་ཀླུ་ཡུལ་མི་མགོན་དཀར་པོར་བཀའ་ཕབ་སྟེ། ཁྱོད་ཀྱི་བུ་གསུམ་པ་དེ་གླིང་དཀར་སྟོད་ལ་ཕན་བདེའི་ལས་དོན་སྒྲུབ་པར་འགྲོ་དགོས་ཞེས་གསུངས་པ་ལ་ཀླུ་ཡུལ་མི་མགོན་དཀར་པོས་བཀའ་གཅོག་མ་བཟོད་པར་ཁོང་གི་བུ་གསུམ་པ་གླིང་དཀར་སྟོད་ལ་འགྲོ་རྒྱུ་ཁས་བླངས། དེའི་སྐབས་སུ་བུས་ཡབ་ལ་ཁོ་རང་མི་ཡུལ་ལ་འགྲོ་རྒྱུ་བྱས་ཆོག་མོད་ཕྲན་ལ་རེ་བ་ཞིག་ཡོད་པ་སྟེ། སྙན་པ་འཕུར་བའི་ཚྭ་མཚོ་བསྟན་མ་བཅུ་གཉིས་དང་ནོར་བུ་གཏེར་ཁ་བཅུ་དྲུག་དེ་ཀླུ་ཡི་གན་མཛོད་ན་མ་གཏོགས་མེད་པས་མིའི་ཡུལ་ཁམས་སུ་གནང་བ་ན། ཕྲན་ཉིད་འཕྲལ་དུ་སོང་ཆོག་ཅེས་ཞུས་མ་ཐག ཡབ་མི་མགོན་དཀར་པོས་ཐུགས་འདང་ཅུང་ཙམ་ཞིག་བཏང་སྟེ། བུ་ཁྱོད་ཀྱི་རེ་འདུན་བདག་གིས་བསྐང་ཆོག་མོད། འོན་ཏེ་ཁྱོད་ཉིད་མིའི་ཡུལ་ཏུ་སོང་ན་ཐབས་ཤེས་ཅི་ཡོད་དྲིས་པར་བུས་གསུངས་དོན། ཕྲན་སྐྱེས་པ་སྔོན་མར་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་སྤྲུལ་བ་ཡིན་པས་ཚྭ་མཚོའི་དབུས་སུ་མེ་ཏོག་པདྨ་སྐྱེས་པ་ལས་སྐུ་བལྟམས་ཆོག་ཞུས་ཤིང་། ལོ་དེའི་དབྱར་ཟླ་ལྔ་བའི་ཚེས་བཅོ་ལྔའི་ཉིན་ཚྭ་མཚོ་དེའི་དབུས་སུ་སྔར་མེད་པའི་མེ་ཏོག་པདྨ་ཆེན་པོ་ཞིག་སྐྱེས་པར་ཚ་ཞང་འདན་མ་དངོས་སུ་འཁྲུངས་པའི་དུས་དེར། གླིང་སྤྱི་དཔོན་ཁོང་སྔར་བཞིན་ཨ་མྱེས་རྨ་ཆེན་མགོ་ལ་བསང་ཕུལ་བར་ཕེབས་ཏེ་རྒྱང་རིང་འདན་ཁོག་ཕྱུག་རྭ་གོང་མའི་ས་ཆར་གཟིགས་པའི་ཚེ། འདན་ཁོག་ཡོངས་སུ་དཀར་པོ་གངས་དཀར་ས་ལ་བབ་པ་ལྟར་འདུག་ཅིང་། གངས་དཀར་པོའི་དབུས་སུ་ཧོར་གྱི་ཀ་བ་དགུང་ལ་ཟུག་པ་ལྟར་ཡོད་པ་མཐོང་ནས་ཐུགས་དགོངས་ལ་གླིང་དཀར་སྟོད་ལ་སྔར་མེད་ཀྱི་ལྟས་ཡ་མཚན་ཅན་ཡོད་པ་ཅི་ཡིན་སྙམ་ནས་འཕྲལ་མར་གནས་དེར་ཕེབས་པ་ན་འདན་ཁོག་ཕྱུག་རྭ་བར་མ་ཕལ་ཆེར་ཚྭ་མཚོར་གྱུར་འདུག་ཅིང་། མཚོ་དབུས་སུ་མེ་ཏོག་པདྨའི་གང་བུ་མངོན་པ་ཁ་ཕྱེ་བའི་དབུས་ན་ཁྱེའུ་ཡིད་དུ་འོང་བ་ཞིག་འདུག་པས་འདི་ནི་ཐེངས་སྔོན་མའི་ལྷ་ཆེན་ཚངས་པའི་བཀའ་ལུང་དང་མཐུན་པ་མཁྱེན་ནས་གླིང་དཀར་སྟོད་ལ་གདན་དྲངས་ཤིང་ཕྱིས་སུ་འདན་ཁོག་ཤོག་ཆེན་བཅུ་གཉིས་ཀྱི་བདག་པོར་དབང་སྐུར་བ་ལགས། དེ་ཡང་ཚ་ཞང་ཞེས་པ་འདན་མ་ཚྭ་མཚོ་ལས་སྐྱེས་པས་དེ་ལྟར་བཏགས་ཤིང་ཕྱིས་སུ་འདན་ཁོག་གི་བདག་པོར་གྱུར་བས་འདན་མ་ཞེས་རྗེས་ལ་བདག་སྒྲ་སྦྱར་ནས་གྲུབ་པར་བཤད། ཁོང་གི་ཇ་མར་འདན་བཟའ་ཆོས་ཀྱི་སྒྲོལ་མ་ཞེས་པ་དེ་བླངས། འདན་མར་བུ་གཉིས་སྐྱེས་པའི་ཆེ་བ་ཁྲི་ཐུབ་ཀྱིས་འདན་སྟོད་བཟུང་ཞིང་བུ་ཆུང་བ་སྟོང་ཐུབ་ཀྱིས་འདན་སྨད་ཀྱི་ས་ཆ་བཟུང་ཞེས་གྲགས།

2 རྫོང་མཁར།

འདན་མ་ཁོང་གི་རྫོང་མཁར་ལ་དངུལ་ཆུ་ཁྲོ་རྫོང་ཞེས་འབོད་ལ། འདན་ཁ་ར་རྒྱལ་པོས་འདན་ཁ་ར་གསེར་རྫོང་རིང་མོ་ཞེས་པའི་རྨང་གཞིའི་སྟེང་དུ་གསར་དུ་བཞེངས་པ་ཡིན་ཟེར། འདན་མའི་ཆིབས་པའི་མིང་ལ་རྟ་འདོ་བ་དངོས་གྲུབ་ལྡན་པ་ཟེར་ཞིང་། འཇིང་ཉི་ཁྲི་རྒྱལ་པོའི་རྟ་མཆོག་འདོ་བ་འཆི་མེད་འཕུར་ཤེས་ཞེས་པའི་རྒྱུད་ལས་སྐྱེས་པ་ཡིན་ཟེར་ལ་གལ་ལ་ཐུག་དུས་མི་སྐད་ཀྱང་འཆད་ཤེས་པར་བཤད། ཁོང་གི་རལ་གྲིའི་མིང་ལ་ལྗང་པ་ཡུ་དམར་ཟེར་ཞིང་། ལྗང་ཡུལ་ཚེས་ར་སྨུག་པོའི་གཏེར་ཁ་ནས་ཐོན་པ་ཡིན་ཟེར། གཞིའི་མིང་ལ་མི་འགྱུར་དུང་གཞི་དཀར་པོ་རང་འཁྱིལ་ཟེར་ཞིང་གཉན་ཆེན་ཐང་ལྷས་གནང་བ་ཡིན་ཟེར། མདའ་མི་འགྱུར་གནམ་ལྕགས་ཐོག་མདའ་ཟེར་ཞིང་དགྲ་ལྷ་གཉན་སྟག་དམར་པོས་གནང་བ་ཡིན་ཟེར། ཁོང་གི་ཁྲབ་ཆེན་ཉི་མ་རང་ཤར་དང་རྨོག་ཆེན་བྱུ་རུ་མདངས་འཛིན་དང་བཅས་པ་རྨ་ཤེལ་བྲག་གཏེར་སྒོ་གོང་མ་འབྱེད་པའི་སྐབས་སུ་བླངས་པ་ཡིན་ཞེས་ཟེར།

3 མཛད་རྗེས།

ཁོང་ཉིད་གླིང་དཀར་སྟོད་ལ་ཕེབས་ཉིན་ནས་བཟུང་གླིང་གེ་སར་རྒྱལ་པོ་དང་ཆབས་ཅིག་ཕྱོགས་བཞིའི་དགྲ་བོ་འདུལ་བ་དང་རྫོང་ཆེན་བཅོ་བརྒྱད་ཕབ་པར་བྱས་རྗེས་བླ་ན་མ་མཆིས་པ་བཞག་ཡོད། འདིར་ཁོང་གི་མཛད་རྗེས་འགའ་ཤས་ཤིག་དྲངས་ན། དེ་ཡང་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ། ཤན་པའི་ཇ་ཐབས་བཅོ་བརྒྱད་རྫོགས། ཐབ་གསུར་གནམ་ནག་ལང་འདྲ་ཞིག་བྱས། རྟ་ཁྱུ་དེད་ནས་སོང་བའི་ར་མདར་ཧོར་ཆེན་ཤན་པ་རྨེ་རུ་རྩེ་ཐོན་པ་ལ་ཇ་ཡུན་ཙམ་གྱི་རྗེས་ནས་ཤན་པའི་རྨོག་འཕྲུ་དམ་སེ་བཅད། དབུའི་ཀླད་ལྤགས་ལག་མཐིལ་འདྲ་བ་ཞིག་བཀོག་ནས་ཤན་པ་དྲན་མེད་དུ་བརྒྱལ་བའི་སྐབས་སུ་འདན་མའི་རྟས་མི་སྐད་བརྗོད་ནས་ཤན་པ་གསོད་མི་རུང་བའི་སྐད་ཐོན་པས་སྲོག་ཐར་བར་བྱས། ཡང་ཐེངས་ཤིག་འདན་མ་ཧོར་སེར་གྱི་གམ་དུ་སླེབས་ནས་མདའ་རག་ལྟོང་མ་ལྔ་དང་། ཟངས་ལྟོང་མ་བདུན། ལྕགས་ལྟོང་མ་དགུ་འཕངས་ཏེ་ཧོར་དམག་མང་པོ་ཟངས་ཐལ་དུ་བཏང་། དེ་ནས་རལ་གྲི་འཕྱར་ནས་སྒར་ནང་དུ་སོང་ནས་ཧོར་དམག་མང་པོ་རྔ་ལམ་དུ་བརྫིངས་ནས་ཐོན་པའི་གདོང་ལེན་དུ། གུར་དཀར་གྱི་སྲས་ཁྲི་བཙུན་རིག་ཡག་ཐོན་པ་ན་མདའ་གཅིག་གིས་ཕྱི་མའི་ཡུལ་དུ་བསྐྱལ། རྨ་ཤེལ་བྲག་གཏེར་སྒོ་འབྱེད་པའི་སྐབས་སུ་བདུད་ཀྱི་བླ་འབྲོང་རྒོད་པོས་མི་གསོད་རྟ་འགྱེད་ངན་པའི་བགག་རྐྱེན་བཟོ་བའི་སྐབས་སུ་འདན་མས་རལ་གྲི་ལྗང་བ་ཡུ་དམར་གྱི་འོག་ཏུ་བཅུག དེ་ནས་ཡང་འཇང་གླིང་སྐབས་སུ་དཔའ་ཡ་མེད་འཇང་མི་དུག་གསུམ་དེ་འདན་མའི་མདའ་མོས་རྔ་ལམ་དུ་བརྫིངས་ཤིང་འཇང་ས་དམ་རྒྱལ་པོའི་བླ་ལྕགས་དུར་རུ་ཁམས་པ་དུམ་གསུམ་དུ་བསྒོས་ནས་མེད་པར་བཟོས། ཁ་ཆེ་རྒྱལ་པོའི་དམག་སྟོང་ཕྲག་གསུམ་གྱི་དམག་དཔོན་ངྷ་ར་ཐོགས་པའི་མི་གསུམ་བསད་ཅིང་དམག་མི་སྟོང་ཕྲག་གི་མགོ་སྐེ་བླངས། མོན་གླིང་སྐབས་སུ་མོན་གྱི་དཔའ་རྒོད་གུ་ལྷ་ཐོག་འགྱུར་རལ་གྲིའི་ཁར་དྲངས། སྟག་གླིང་སྐབས་སུ་སྟག་གཟིག་རྒྱལ་པོའི་སྲས་ཟླ་བ་ཁྲབ་བཙན་མདའ་ཁར་དྲངས། དེ་རྗེས་ཤན་འདན་སྟག་སེང་ཁ་སྤྲོད་སྐབས་གླིང་གི་དཔོན་པོ་དང་ཕུ་ནུས་ཤན་འདན་མཐུན་ཐབས་མ་བྱུང་བར་ཨ་ནེ་གོང་སྨན་རྒྱལ་མོའི་ལུང་བསྟན་ལྟར་བར་འདུམ་གྱི་རྡོ་རིང་ཧོར་གླིང་གཉིས་ཀྱི་ས་མཚམས་སུ་བཙུགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།