དར་འཕེན་དུག་གི་སྡོང་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དར་འཕེན་དུག་གི་སྡོང་བོ།
གླིང་ཕུ་ནུ་སུམ་ཅུ་དང་ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ། གླིང་ཆེ་རྒྱུད་ཀྱི་གདུང་རྒྱུད་ལས་འཁྲུངས་པའི་དཔའ་རྒོད་དར་འཕེན་དུག་གི་སྡོང་བོ་ནི་བློ་རིག་རྒོད་ཅིང་དཔའ་ངར་ཆེ་བ། དགྲ་ལ་སྡང་ཞིང་གྲོགས་ལ་བྱམས་པ། དྲག་པའི་རྩལ་ལ་མཁས་ཤིང་ལེགས་ཉེས་བླང་དོར་ཤེས་པ། ཁོང་གི་མཚན་སྙན་ནི་གངས་ཅན་འཛིན་མའི་ལྗོངས་ཡོངས་སུ་དྲི་བཞོན་རླུང་ལྟར་ཁྱབ་འདུག གླིང་གི་ཡང་རྟུལ་དམ་པའི་མི་བདུན་གྱི་ཡ་གྱལ་རྒྱ་ཚ་ཞལ་དཀར་སྐུ་གཤེགས་རྗེས་ཁོང་གིས་གླིང་གི་དམག་སྤྱིའི་འགན་བཞེས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达尔盼
ཁོངས་གཏོགས།
ཡང་རྟུལ་དམ་པ་མི་བདུན་གྱི་ཡ་གྱལ།
ཡབ།
ལྡོང་ཁྲ་བཙན་དར་མ་གྲགས་པ།
རིགས་དབྱེ།
གླིང་སྒྲུང་མི་སྣ།
ཡུམ།
ཚ་བཟའ་བྱང་ཆུབ་སྒྲོན་མེ།
ཕོ་བྲང་།
གའུ་གསེར་རྫོང་།
1 ​ངོ་སྤྲོད།

དར་འཕེན་དུག་གི་སྡོང་བོ་ནི་སྨུག་པོ་ལྡོང་གི་གདུང་རྒྱུད་དུ་སྐུ་འཁྲུངས་ཤིང་གླིང་ཆོས་འཕེན་ནག་པོའི་བུ་རྒྱུད། ལྡོང་ཁྲ་བཙན་དར་མ་གྲགས་པ་དང་ཡུམ་ཚ་བཟའ་བྱང་ཆུབ་སྒྲོན་མེ་གཉིས་ཀྱི་སྲས་སུ་ཤིང་གླང་ལོར་བལྟམས། དགུང་ལོ་བཅུ་དྲུག་སྟེང་འདན་བཟའ་གངས་དཀར་མཚོ་ཁབ་དུ་བཞེས་ནས་རྒྱལ་སྲིད་བསྐྱངས། ཤིང་སྟག་ལོར་ཕོ་བྲང་གའུ་གསེར་རྫོང་དེ་ཤར་མཛོ་མོ་རབ་འབྱམས་ཐང་དུ་བརྩིགས། མཆོད་ཁང་ལ་བྱུ་རུས་བྱས་པའི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་བཞེངས། ཁོང་གི་ཆིབས་པའི་མིང་ལ་གནམ་རྟ་མཆོང་དཀར་ནོར་བུ་ཟེར་ཞིང་ལྷ་རྟ་དེའི་ཁྱད་ཆོས་ནི་ནམ་མཁའི་མཐོངས་སུ་གེགས་མེད་བགྲོད་ཐུབ་པ་དང་། རྒྱ་མཚོ་ཆེན་པོའི་ཕ་མཐར་བསྐྱོད་པའི་རྩལ་དྲུག་རྫོགས་པ། ད་དུང་མི་སྐད་ཀྱང་གོ་ཐུབ་པར་བཤད། ཁོང་ནི་སྐྱ་རིང་མདུང་ལ་གྲུབ་པ་བརྙེས་པའི་དཔའ་རྒོད་གྲུབ་ཆེན་ཞིག་ཡིན་ལ། མདུང་མོའི་མིང་ལ་མདུང་ནག་དར་ཁྲ་ཕྱུག་མོ་ཟེར། དཔོན་རྒྱ་ཚ་ཞལ་དཀར་སྐུ་གཤེགས་པའི་རྗེས་ནས་ཁོང་གིས་གླིང་གི་དམག་སྤྱིའི་འགན་བཞེས། གཞན་བློ་ཕངས་པ་ཞིག་ལ། མི་ནུབ་དར་རྫོང་ཕབ་པའི་སྐབས་སུ་སྐུ་ལ་ན་བ་ཆེན་པོ་བྱུང་ནས་བཟློག་མ་ནུས་པར་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཚུལ་བསྟན།

2 མིང་གི་ཐོགས་ཚུལ།

ཁོང་གི་མཚན་ལ་མང་ཆེ་ཤོས་ཀྱིས་དར་འཕེན་དུག་གི་སྡོང་བོ་ཞེས་ཟེར་ཞིང་། ཡང་ལ་ལས་ཆོས་ལུ་བུ་ཡི་དར་འཕེན་ཡང་ཟེར། འོ་ན་མཚན་མི་འདྲ་བ་འདི་གཉིས་ཀྱི་དོན་སྙིང་ཅི་ཡིན་ཞེ་ན། དང་པོ་དར་འཕེན་དུག་གི་སྡོང་བོ་ཟེར་དོན་ནི་འདི་ལྟ་སྟེ། ཧོར་གླིང་གཡུལ་འགྱེད་ལས། དར་འཕེན་དུག་གི་སྡོང་བོ་སྟེ།། གོང་དཔོན་པོ་སྐྱོབ་པའི་རྒྱལ་དར་ཡིན།། གཉེན་ཉེ་ཡ་སྐྱོབ་པའི་རྒྱལ་དར་ཡིན།། སྡེ་ཚོ་དྲུག་སྐྱོབ་པའི་རྒྱལ་དར་ཡིན།། ཞེས་བཀོད་འདུག་པར་བརྟགས་ན། རང་སྡེ་གྲོགས་ལ་འཕྲད་པའི་ཉིན་མོར་ཐུགས་རྒྱུད་དར་དཀར་ཇི་བཞིན་འཇམ་ཞིང་མཉེན་ལ་སྙིང་རྗེ་ལྡན་པ། གཞན་ཕན་གྱི་ལས་ལ་རང་སྲོག་བློས་གཏོང་ཐུབ་པའི་སྙིང་སྟོབས་དང་ལྡན་པའི་ཆ་ནས་དར་འཕེན་ཞེས་པའི་དར་ཐོགས་པ་ཡིན་ཞིང་། འཕེན་ཟེར་བ་ནི་གཞན་ཕན་གྱི་ཐུགས་དར་འཕངས་པའི་དོན་ལ་འཇུག་པ་རེད། དེར་ཡང་དུག་གི་སྡོང་བོ་ཞེས་ཐོགས་དོན་ནི། དར་འཕེན་ཁོང་ཉིད་ནག་ཕྱོགས་དགྲ་ལ་ཐུག་གི་ཉིན་མོར་འགྲན་མེད་དུག་གི་སྡོང་བོ་ཞིག་དང་མཚུངས་བར་དགྲ་བོ་ཐམས་ཅད་དུག་ལ་འཕྲད་པ་ནང་བཞིན་རེ་རེ་ཐབས་ཟད་ནུས་ཟད་དུ་གྱུར་ཏེ་ཕམ་པར་འགྲོ་བས་དུག་སྡོང་ལ་དཔེ་བླངས་ནས་མཚན་དེ་ཆགས་པ་ཡིན། གཞན་ཡང་ཆོས་ལུ་བུ་ཡི་དར་འཕེན་ཞེས་པའི་བརྗོད་དོན་ནི། དར་འཕེན་ཁོང་ཉིད་གླིང་ཆོས་འཕེན་ནག་པོའི་བུ་རྒྱུད་ཡིན་པས་ཆོས་ལུ་བུ་ཞེས་མཚན་ཐོགས་པ་ཡིན་ཞིང་། ཡང་སྒྲུང་བ་ལ་ལས་ཆོས་ལུ་བུ་ཞེས་པ་ཆུང་དུས་ཀྱི་གཅེས་མིང་ཡིན་ཟེར་མཁན་ཡང་ཡོད།

3 ཁྲབ་རྨོག་འཁོར་གསུམ།

ཁོང་གི་ཁྲབ་རྨོག་འཁོར་གསུམ་ནི་རྨ་ཤེལ་བྲག་ནོར་བུའི་གཏེར་སྒོ་འབྱེད་པའི་སྐབས་སུ་བླངས་ཤིང་། འཁོར་གསུམ་དེ་དག་ལས་ཀྱང་མདུང་ནག་དར་ཁྲ་ཕྱུག་མོའི་ཁྱད་ཆོས་ནི། ཡུ་བ་ཤིང་ཡར་སྐྱེས་ཆུ་ཤིང་ནག་པོ་ཐུག་ན་བཙན་དུག་ནག་པོས་གསོད་པ། སྐེད་མན་ལ་བཟང་དྲུག་སྨན་གྱིས་བྱུགས་པ། ཕོ་དཔའ་བོའི་སྙིང་རྩ་བཟང་དྲུག་སྨན་གྱིས་གསོ་ཐུབ་པ། མདུང་སོ་སར་མའི་ལྕགས་ལ་བྱས་པ། ལྕགས་ཁྲོ་ཚ་ངར་མས་གཞུང་བརྡུངས་པ། ངར་ཆུ་སྲིན་པོའི་ཁྲག་ལ་བྱས་པ། མདུང་རྩེ་མེ་ལྕེ་འབར་བ་འདྲ་བ། དགྲ་རྩྭ་ཕུང་མེ་ལྕེར་འཕྲད་པ་འདྲ་བ། མདུང་སྐེད་དུག་སྦྲུལ་ལངས་པ་འདྲ་བ། སྦྲུལ་དུག་ལྕེས་ཟིན་ན་ཐར་ས་མེད་པ། མདུང་གཏིང་རྡོ་རྗེ་བྲག་ལ་གཏད་པ། ཕོ་ཤེད་ཆེན་བརྒྱ་ཡིས་བསྒུལ་དཀའ་བ་བཅས་སོ།།

4 མཛད་རྗེས།

ཁོང་གིས་མགོ་ནག་བོད་ཀྱི་ལས་དོན་གྱི་ཆེད་དུ་བཞག་པའི་བྱས་རྗེས་ལ་མཐའ་མེད་ཀྱང་། འདིར་ཉུང་བསྡུས་རགས་བཤད་ཅིག་བྱས་ན། དེ་ཡང་རག་པ་མཛོ་རྫོང་ཕབ་པའི་སྐབས་སུ་རག་པ་མཛོ་རྫོང་རྒྱལ་པོའི་བློན་པོ་གཙོ་བོ་གནམ་ལྕགས་ཁྲོ་ལྷ་ཟེར་བ་དེ་དུག་ལྡན་མདོང་རྩེར་དྲངས་ཏེ་རྔ་བའི་ལམ་ལ་བརྫིངས། བློན་པོ་གནམ་ལྕགས་ཁྲོ་ལྷའི་དམག་མི་སྟོང་ཁྲག་གིས་དར་འཕེན་བསྐོར་བའི་ཚེ་ན་རྣོན་པོ་མདུང་གིས་འཁོར་ལོ་བསྐོར་ནས་ཁྲག་གིས་ས་གཞི་ཁེབས་པར་བྱས། འཇང་གླིང་གཡུལ་འཁྲུག་གི་སྐབས་སུ་འཇང་གི་དམག་དཔོན་མཚན་དམར་དཔའ་བོ་ཁེར་སྐྱེས་དེ་གླིང་གི་དཔའ་རྟུལ་སུས་ཀྱང་ངོ་མ་ལོན་པར་ཐོན་བྱུང་བ་ལ་དར་འཕེན་དཔའ་ཁེར་རྒྱུགས་ཀྱིས་འཇང་གི་དུག་མཚོ་མེ་འབར་ཞེས་པའི་ཁར་ཐོག་མར་ཁ་ལྕེ་གཏམ་ལ་འགྲན་ཞིང་བར་དུ་སྔོན་མོ་མཚོན་ལ་འགྲན་པ། ཐ་མར་ལག་ཐུག་འཛིང་རེས་བྱས་ནས་ཐ་མར་འཇང་གི་མཚལ་དམར་འབར་བ་དེ་དུག་མཚོའི་འཇིངས་སུ་རྩ་ཕུང་འཕངས་པ་ལྟར་ཕམ་པར་བརྒྱབ། ཧོར་གླིང་སྐབས་སུ་ཉིན་ཞིག་འཁོར་གསུམ་ལས་ལ་སྤྲས་ནས་ཧོར་སྒར་དུ་མཆོངས་ནས་ཤན་པའི་དམག་ཤོག་ལས་དར་འཕྲུ་དམར་ཅན་ལ་བརྒྱ་ཚོ་གཅིག་ཙམ་བརླགས་ཤིང་། དེ་ནས་གུར་ནག་གི་སྒར་ལ་མཆོངས་ནས་དམག་མི་བརྒྱ་སྐོར་བསྒྲིལ། མདུང་ལ་ཁྲག་གི་དྲེག་མ་ཆགས་པའི་བར་དུ་དཀྲུགས། མི་གཅིག་གིས་ཀྱང་གདོང་ལེན་མ་ཐུབ་པར་གླིང་སྒར་དུ་ལོག ཡང་ཐེངས་ཤིག་དཔའ་རྒྱ་ཚའི་ཤ་ལན་དུ་ཧོར་དམག་གི་དཀྱིལ་དུ་མཆོངས་ནས་གུར་ནག་ནི་སྒར་ལས་ཉ་པའི་ཆུ་བོ་གྱེན་ལྡོག་དེ་མདའ་མོའི་ཁ་ལ་དྲངས་ཤིང་དམག་འཕྲུ་ནག་ཅན་ལ་བརྒྱ་ཚོ་བཅུ་གཉིས་བཅོམས་ནས་མཚན་སྙན་འབར། ཕྱིས་སུ་ཁོང་ཉིད་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་འཁོར་དུ་བཞུགས་ནས་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཆུང་གྲངས་མང་ཕབ་པར་བྱས་རྗེས་བླ་མེད་བཞག་པའི་ཐ་མ་སྟེ་མི་ནུབ་དར་རྫོང་ཕབ་པའི་སྐབས་སུ་སྐུ་ལ་ན་ཚ་བྱུང་ནས་གཤེགས་པའི་ཚུལ་མཛད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-07

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།