ཨ་མཆོག་ཚོ་བ་བརྒྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མཆོག་ཚོ་བརྒྱད་ནི་བསང་ཆུ་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། བྱང་ཤར་ཙ་ཡུས། ཤར་ལྷོ་འབོ་ར། ལྷོ་ནུབ་ཀླུ་ཆུའི་མ་ངེ་། ནུབ་བྱང་བསང་ཁོག་བཅས་དང་ས་མཚམས་འདྲེས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
བསང་ཆུ་རྫོང་གི་ལྷོ་རྒྱུད་དུ་གནས།
དབྱེ་བ།
བན་དེ་ཕྱུག་ཚོ་བ། མི་ནག་རྒྱལ་ཚོ་བ། མུ་ཏོ་ཚོ་བ། ཀླུ་པ་རྒྱལ་ཚོ་བ། རྔ་རྒོད་མཆོད་ཚང་། རྔ་རྒོད་ཉིན་པ། རྔ་རྒོད་སྲིབ་པ། གྱི་ལང་ཚོ་བ།
1 ངོ་སྤྲོད།

ཨ་མཆོག་ཚོ་བརྒྱད་ནི་བསང་ཆུ་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་།  བྱང་ཤར་ཙ་ཡུས།  ཤར་ལྷོ་འབོ་ར།  ལྷོ་ནུབ་ཀླུ་ཆུའི་མ་ངེ་།  ནུབ་བྱང་བསང་ཁོག་བཅས་དང་ས་མཚམས་འདྲེས།  དེང་སང་ཨ་མཆོག་ཞང་ཁག་དང་ཡ་རུ་རྒྱུད་ཞང་ཁག་གཉིས་སུ་ཁོངས་སུ་གཏོགས།  སྤྱིར་ཨ་མཆོག་ཅེས་པ་དོན་མང་དུ་འཇུག་ལ་ཡོངས་གྲགས་སུ་ཨ་མདོ་ཡུལ་གྱི་མཆོག་ཏུ་གྱུར་པ་ཞེས་དང་།  ཡུལ་འདིའི་མི་རྒྱུད་ཀྱི་ཐོག་མ་དེ་ཀླུ་ཤོད་ཀྱི་རི་ཨ་མཆོག་འདྲ་བའི་རི་འདབས་སུ་གཞི་བཅས་ཏེ་ཨ་མཆོག་ཅེས་བརྗོད་ཅེས་བཤད་ཚུལ་གཉིས་ཡོད།  ཡང་ཀླུ་ཤོད་ནི་ཚོ་བ་དེའི་རོང་དང་ཨ་མཆོག་ནི་འབྲོག་ཡིན་པ་དང་།  ཨ་མཆོག་སྟོད་ཀྱི་ཚོ་བ་བརྒྱད་ནི་ཀླུ་ཤོད་ཚོ་བ་བརྒྱད་ལས་མཆེད་པས་ན་ཀླུ་ཤོད་ལ་སྨད་ཀྱི་ཚོ་བ་བརྒྱད་དུ་འབོད་ཅེས་པའི་བཤད་སྲོལ་ཀྱང་མཆིས།  ཨ་མཆོག་ཡར་རྒྱུད་མར་རྒྱུད་ནི་གདུང་རྒྱུད་གཅིག་ལས་མཆེད་དེ།  ཡུལ་དངོས་ལ་རྩད་གཅོད་ཞིབ་འཇུག་བྱས་ན།  མི་རྒྱུད་གོང་མ་ནི་གཙང་ཨ་མཆོག་ནས་སི་ཁྲོན་གྱི་རྔ་ཡུལ་དུ་སྤོས་པ་དང་།  རྔ་བ་ནས་ཀླུ་ཤོད་ལ་སྤོས་པར་ངེས་པ།  དེ་ཡང《མདོ་སྨད་ཆོས་འབྱུང》དུ།  སྔར་རྔ་བའི་ར་མདོ་ནས་ཁ་རྒོད་དང་དགེ་འབན་བྱ་བའི་མི་གཉིས་འོངས་ཏེ་དོག་ཆུའི་སྟོད་རྒྱུད་གཉན་རྗེ་གོང་སྔོན་ནས་ས་བཟུང་ནས་བསྡད།  སྔ་མ་ཁ་རྒོད་ལ་རྔ་རྒོད་ཀླུ་འབུམ་ཕྱུག་ལ་སོགས་བཞི་བྱུང་བ་ཡ་རུའི་ཕྱུག་བཞིར་གྱུར་པ་དང་།  ཕྱི་མ་དགེ་འབེན་ལ་མུ་ཏོ་སྔོན་པོ་རྒྱལ་སོགས་བུ་བཞི་བྱུང་བ་མ་རུའི་རྒྱལ་བཞི་བྱུང་།  ཁྱིམ་རྒྱུད་གཅིག་ཚོ་བ་བརྒྱད་དུ་གྱེས་ཞེས་གསུངས།  ཚོ་བ་བརྒྱད་པོས་ཨ་མཆོག་དང་ཀླུ་ཤོད་ཀྱི་ཡུལ་བརྒྱད་ནས་སོ་སོས་ས་བཟུང་།  རིམ་བཞིན་སྟོད་ཀྱི་ཚོ་བ་བཞི་དང་སྨད་ཀྱི་ཚོ་བ་བཞིར་གྱེས་ཤིང་ཡོངས་གྲགས་སུ་སྟོད་ཀྱི་ཕྱུག་བཞི་དང་སྨད་ཀྱི་རྒྱལ་བཞི་ཞེས་ཟེར་རོ། །

སྟོད་ཀྱི་ཕྱུག་བཞི་ནི།  རྔ་རྒོད་ཀླུ་འབུམ་ཕྱུག་དང་།  ཆོ་ཚང་བན་དེ་ཕྱུག  རིན་ཆེན་བུམ་ཕྱུག  དགེ་འཕེལ་ཕྱུག་རྣམས་སོ། །སྨད་ཀྱི་རྒྱལ་བཞི་ནི།  ཁ་རྒོད་རྒྱལ།  མུ་ཏོ་སྔོན་པོ་རྒྱལ།  མི་ནག་རྒྱལ།  ཀླུ་པ་རྒྱལ་རྣམས་སོ། །རབ་བྱུང་བཅུ་གསུམ་པའི་ས་ཡོས་ཏེ་སྤྱི་ལོ1759ལོར་ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་པོས་ཡར་རུ་དགོན་དང་མ་རུ་དགོན་གཉིས་གཅིག་ཏུ་བསྡུས་ནས་ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་བཏབ།  དུས་དེ་ནས་བཟུང་ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་ནི་བླ་བྲང་དགོན་པའི་དགོན་ལག་ཏུ་གྱུར།  ཚོ་བ་བརྒྱད་ཀྱང་ཀུན་མཁྱེན་གྱི་ལྷ་སྡེའི་ནང་ཚན་དུ་བརྩི་ཤིང་དགོན་པའི་ཁྲི་པ་དང་དགེ་བསྐོས།  ཚོ་པའི་འགོ་པ་བཅས་ནི་ཀུན་མཁྱེན་གྱིས་ཞབས་ཕྱི་བརྒྱད་ཅུ་ལས་བསྐོ་མངགས་བྱེད།

2 དབྱེ་བ།
2_1 བན་དེ་ཕྱུག་ཚོ་བ།

དེར་སྐྱིད།  སྐེད།  སྐྱེད་རིས།  སྐྱེད་གསུམ།  འབྲིང་བ།  ཁམས་ཡིས་བཅས་སྡེ་ཚན་དུ་མ་མངའ།

2_2 མི་ནག་རྒྱལ་ཚོ་བ།

དེར་ཉི་མ་ལུང་།  ཕྱུག་ལུང་ཉིན་བཅས་སྡེ་ཚོ་གཉིས།

2_3 མུ་ཏོ་ཚོ་བ།

དེར་མུ་ཏོ་གོང་འགབ་དང་།  ཝ་སྣ་བྲ་སྡེ།  མུ་ཏོ་ཁྱུང་ཕྱུག  ཁེ་དམར།  ཆང་སྒ།  ལུང་ལེབ།  སྒྲོག་མདོ།  ཐ་ནང་བཅས་སྡེ་ཚོ་དུ་མ་ཡོད། 

2_4 ཀླུ་པ་རྒྱལ་ཚོ་བ།

དེར་བ་རྐུན།  ཁྱུང་རུ་ཐར།  རེབ་ཙ་མདོ།  ནན་འབད་གོང་འགབ་བཅས་སྡོ་ཚོ་ལྔ་མཆིས།

2_5 རྔ་རྒོད་མཆོད་ཚང་།

དེར་མཆོད་ཚང་།  ཡ་རུ་རྒྱུད།  སྒག་ཅ།  ར་ཤ་གོང་འོག  ཨ་མཆོག  ཨ་ར་རྡོ་ལུང་།  མ་གད་སྐྱ་མོ།  ཆུ་ངག་རྣམས་མངའ།

2_6 རྔ་རྒོད་ཉིན་པ།

དེར་ངར་རྒོད།  ཁོའུ་ཟེའུ་བཅས་སྡེ་ཚོ་གཉིས།

2_7 རྔ་རྒོད་སྲིབ་པ།

དེར་རྒྱལ་འདུན།  སྤུང་ནང་།  ཁེ་སྟོང་བཅས་སྡེ་ཚོ་གསུམ་མངའ།

2_8 གྱི་ལང་ཚོ་བ།

གྱི་ལང་ཚོ་བ་ནི་དེང་སང་ཀླུ་ཤོད་ཞང་གི་ཁོངས་སུ་གནས།  ངག་རྒྱུན་ལྟར་ན།  དེའི་མི་རྒྱུད་ཀྱི་གོང་མ་ནི་གནའ་སྔ་མོ་ནས་ཡུལ་འདིར་འཚོ་ཞིང་གནས་པའི་ཚོ་བ་ཡན་གར་བ་ཞིག་ཡིན་ཟེར་རོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།