ཙ་ཡུས་སྟོད་སྨད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙ་ཡུས་ནི་བསང་ཆུ་རྫོང་གི་ལྷོའི་མཚམས་སུ་གནས་ཤིང་ཚོ་བ་དེའི་ཤར་དུ་གཙོས་དང་། ནུབ་ཏུ་བསང་ཁོག ལྷོར་འབོ་ར་དང་ཨ་མཆོག བྱང་དུ་བླ་བྲང་ལྷ་སྡེ་ཤོག་བཞི་དང་། མདའ་སྨད། ཐང་དཀར་ནང་། རོང་ངར་བཅས་དང་ས་མཚམས་འདྲེས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
བསང་ཆུ་རྫོང་གི་ལྷོ་མཚམས་སུ་གནས།
དབྱེ་བ།
ཙ་ཡུས་སྟོད། ཙ་ཡུས་སྨད།
1 ངོ་སྤྲོད།

ཙ་ཡུས་ནི་བསང་ཆུ་རྫོང་གི་ལྷོའི་མཚམས་སུ་གནས་ཤིང་ཚོ་བ་དེའི་ཤར་དུ་གཙོས་དང་།  ནུབ་ཏུ་བསང་ཁོག  ལྷོར་འབོ་ར་དང་ཨ་མཆོག  བྱང་དུ་བླ་བྲང་ལྷ་སྡེ་ཤོག་བཞི་དང་།  མདའ་སྨད།  ཐང་དཀར་ནང་།  རོང་ངར་བཅས་དང་ས་མཚམས་འདྲེས།  ཚོ་བ་དེའི་ལོ་རྒྱུས་བཤད་པ་ལ་སྔོན་དབུས་གཙང་ཙ་རི་ནས་མི་ཁྱིམ་ཞིག་ཡུལ་འདིར་སླེབས་ཤིང་གཞིས་ཆགས་ཏེ་བསྡད།  ཙ་རི་ནས་འོངས་ཕྱིར་ཁྱིམ་ཚང་དེ་སྡོད་པའི་ཡུལ་ལ་ཙ་རིར་བཏགས།  རིམ་བཞིན་སྒྲ་ཟུར་ཆག་སྟེ་ཙ་ཡུས་ཞེས་པར་གྱུར་ཞེས་པ་ངག་རྒྱུན་དུ་གྲགས།  ཐོག་མར་ཙ་རི་ནས་འདི་རུ་འོངས་པའི་མི་ཁྱིམ་དེ་ཧ་ལམ་བོད་བཙན་པོའི་སྐབས་ཡིན་པས་ཡུལ་འདིར་ཆགས་སྔ་བའི་ཚོ་བ་ཡིན།  མི་རབས་འགའ་སོང་རྗེས།  བོད་རུས་ཆེན་གསུམ་གྱི་ནང་ཚན་ལྡོག་གི་རྒྱུད་པ་ལས་མཆེད་པའི་གཡི་ཚ་དམག་དཔོན་གྱི་རྒྱུད་པ་ཀླུ་རྒྱག་འཁོར་བཅས་པ་ཙ་ཡུས་ས་ཁུལ་དུ་འོངས་ཤིང་ས་བཟུང་སྟེ་བསྡད་པས་ཡུལ་གྱི་དཔོན་པོར་གྱུར།  ཁ་གྱ་ཚོ་དྲུག་གི་ནང་ཚན་དུ་གྱུར།  ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་མགོ་ཙམ་ལ་བརྒྱ་དཔོན་གྱི་མཚན་ཐོབ་གནང་།  ཀླུ་རྒྱག་གི་བུ་ཆེ་བ་དཔལ་ཕྱུག་རྒྱལ་ལ་བུ་དྲུག་བྱུང་།  དེ་དག་ཙ་ཡུས་སྟོད་སྨད་དུ་བསྡད་པས་ཚོ་བ་དྲུག་ཏུ་གྱེས་ཤིང་སོ་སོ་རང་གི་ཚོ་དཔོན་དུ་གྱུར།  ནམ་ཞིག་སྤུན་མཆེད་མ་འཆམ་པས་དཔལ་ཕྱུག་རྒྱལ་ཁྲོས་ཏེ་ཚོ་དཔོན་སོ་སོའི་དབང་ཆ་བདག་གིར་བཟུང་།  ཚོ་བ་དྲུག་གཅིག་ཏུ་བསྡུས་པས་ཙ་ཡུས་ཚོ་བ་བྱུང་།  རབ་བྱུང་བཅུ་གསུམ་པའི་མེ་ལུག་སྟེ་སྤྱི་ལོ1787ལོར་ཀུན་མཁྱེན་གཉིས་པ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་ཙ་ཡུས་སུ་ཕེབས།  ཚོ་དཔོན་མགོན་པོ་རབ་བརྟན་གྱིས་ཙ་ཡུས་ཚོ་བ་ཀུན་མཁྱེན་གྱི་མཆོད་ཡོན་ལ་ཕུལ་ཞིང་ཕྱག་ཡིག་བྲིས་ཏེ་མཛུབ་ཐེལ་བཀོད།  དུས་དེ་ནས་བཟུང་།  ཙ་ཡུས་ཀྱི་འགོ་པ་ནི་བླ་བྲང་དགོན་པས་མངགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།