མཛོད་དགེ་ཤོག་པ་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཛོད་དགེ་ཤོག་པ་ལྔ་ནི་བསང་ཆུ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཤར་ཅོ་ནེ་ཁྱ་དགེ་དང་། ལྷོ་ནུབ་ཏུ་ཅོ་ནེ་ཝ་དམར་དང་། རྡོ་དཀར། ནུབ་བྱང་དུ་གཙོས་དང་ཁ་གྱ། བྱང་ཀ་ཅུའི་ཅ་ཀ་མཁར་བཅས་དང་ས་མཚམས་འདྲེས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
བསང་ཆུ་རྫོང་གི་ཤར་ལྷོའི་མཚམས་སུ་གནས།
དབྱེ་བ།
དམེ་བོ་ཤོག་པ། རུ་སྟོད་མའི་ཤོག་པ། ན་ཏོ་ཤོག་པ། འབྲུག་དགེ་ཤོག་པ། ནང་བ་ཤོག་པ།
1 ​ངོ་སྤྲོད།

མཛོད་དགེ་ཤོག་པ་ལྔ་ནི་བསང་ཆུ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་།  ཤར་ཅོ་ནེ་ཁྱ་དགེ་དང་།  ལྷོ་ནུབ་ཏུ་ཅོ་ནེ་ཝ་དམར་དང་།  རྡོ་དཀར།  ནུབ་བྱང་དུ་གཙོས་དང་ཁ་གྱ།  བྱང་ཀ་ཅུའི་ཅ་ཀ་མཁར་བཅས་དང་ས་མཚམས་འདྲེས།  དེང་སང་མཛོད་དགེ་སྟོད་མ་ཞང་ཁག་དང་མཛོད་དགེ་སྨད་མ་ཞང་ཁག་གཉིས་སུ་དབྱེ།  རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་ཐར་སོགས་འབྲེལ་ཡོད་དཔྱད་གཞི་ལྟར་ན།  རྔ་བའི་མཛོད་དགེ་དང་གཅིག་སྟེ་མངའ་བདག་ཁྲི་རལ་བ་ཅན་གྱི་བློན་པོ་སྒ་ཡེ་ཤེས་དར་རྒྱས་དཔྱ་ཁྲལ་སྡུད་པའི་ཕྱིར་མདོ་སྨད་དུ་མངགས།  དགེ་འདུན་པའི་ཆས་སུ་འཛིན་པས་ན་ཀུན་གྱི་ཕྱག་མཛོད་དགེ་སློང་ཞེས་བཏགས།  རིམ་བཞིན་མིང་བསྡུས་ཏེ་མཛོད་དགེ་ཞེས་གསོལ་བ་དང་།  མི་མིང་ཚོ་མིང་དང་ཡུལ་མིང་དུ་གྱུར་ཏོ། །སྒ་ཡེ་ཤེས་དར་རྒྱས་ལ་བུ་ལྔ་བྱུང་བའི་ཆེ་བའི་རྒྱུད་པ་སྤྱང་ཐཱི་དང་དངོ་ཐཱི་གཉིས་ཅོ་ནེ་ཕྱོགས་སུ་བྱོན་ནས་གཞིས་ཆགས།  ལྷག་མ་རྣམས་གླིང་དཀར་སྟོད་ནས་བསྡད་ཅིང་གཞིས་ཆགས།  མི་རབས་འགའ་སོང་བ་ན་དཔོན་པོ་བློ་གྲོས་བཟང་དང་ཡུལ་ཚོ་གཞན་མ་འཆམ་སྟེ་དཔོན་བློ་བཟང་དང་འཁོར་མང་ཤས་བྲོས་ཏེ་མཛོད་དགེ་བཞག་སྡོམ་བར་བྱིན།  དེའི་བྱེ་བྲག་གཅིག་རྩྭ་དང་ཆུ་བཟང་པོ་འཛོམས་པའི་མཛོད་དགེ་དམེ་བོར་ཕྱིན་ནས་གཞིས་ཆགས།  ཡང་མི་རབས་འགའ་སོང་བ་ན་སོན་ཐར་འབུམ་ཞེས་བྱ་བར་བུ་ལྔ་སྐྱེས།  དེ་རྣམས་འཕེལ་ཏེ་རིམ་བཞིན་མཛོད་དགེ་ཤོག་པ་ལྔར་གྱུར་ཏོ་ཞེས་གསུངས་སོ། །མཛོད་དགེ་དཔོན་པོས་མཛོད་དགེ་ཤོག་པ་ཡོངས་ལ་དབང་སྒྱུར་ཞིང་།  ད་ལྟ་བར་དཔོན་རབས་ཉི་ཤུ་སོང་།  དུས་རབས་དགུ་པའི་སྨད་ནས་དཔོན་རྒྱུད་ཆགས་པའི་དབང་དུ་བཏང་ན་ལོ་ངོ་ཆིག་སྟོང་ལྷག་འདས་ཟིན།

2 དབྱེ་བ།
2_1 མཛོད་དགེ་ཤོག་པ་ལྔ།
2_1_1 དམེ་བོ་ཤོག་པ།

དེར་ཆུ་རོལ་དང་།  ས་སེར།  ལམ་ལུང་།  དེའུ་རི།  རུ་གསར།  ས་སོ།  དེའུ་ཕུར།  བློ་མཛེས།  ཁྱ་ཚང་།  རྒྱ་སྒོ་སོགས་རུ་སྐོར་དུ་མ་ཡོད།

2_1_2 རུ་སྟོད་མའི་ཤོག་པ།

དེར་ཇོ་སྡེ་དང་།  ཆུ་ནག་སྟོད།  ཆུ་ནག་སྨད།  གླིང་མ་བཅས་རུ་སྐོར་བཞི་ཡོད།

2_1_3 ན་ཏོ་ཤོག་པ།

དེར་ཆུ་མེད་དང་།  བ་མང་།  ལུང་ཁམས་གོང་མ།  ས་སོ་མ།  འབྲོང་འགྱོང་བཅས་རུ་སྐོར་ལྔ་ཡོད།

2_1_4 འབྲུག་དགེ་ཤོག་པ།

དེར་སྙིང་ཤུལ་དང་།  ལོ་རབས།  པྲ་ཏི་བཅས་སྡེ་ཚོ་དུ་མ་ཡོད།

2_1_5 ནང་བ་ཤོག་པ།

དེར་སྔོ་དཀར།  ལུང་ཁམས་ཞོལ་མ།  མཁར་ལུང་།  སྒ་རུ།  ཁེས་དམར།  སྨུག་ལུང་བཅས་རུ་སྐོར་དྲུག་ཡོད།

མཛོད་དགེ་ཤོག་པ་ལྔ་ལ་ཚོ་པ་བརྒྱད་མཆིས་ཤིང་།  དེ་རྣམས་སོ་སོར་བཤད་པར་བྱ་སྟེ།

2_2 ཚོ་བ་བརྒྱད།

ཚོ་བ་བརྒྱད་ནི་དམེ་བོ་ཚོ་བ་དྲུག་དང་རྐང་ཚ་ཚོ་བ་གཉིས་བསྡོམས་པས་ཚོ་བ་བརྒྱད་ལ་ཟེར།

2_2_1 དམེ་བོ་ཚོ་བ་དྲུག

དམེ་བོ་ཚོ་བ་དྲུག་ནི་ཨ་མཆོག  མ་ཁ།  ཨ་ཡོན་སྟོད་མ།  ཨ་ཡོན་སྨད་མ།  པྲ་ཏི།  སྒ་ལོ་རབ་རྣམས་སོ། །

2_2_2 རྐང་ཚ་ཚོ་བ་གཉིས།

རྐང་ཚ་ཚོ་བ་གཉིས་ནི་རྐང་ཚ་ནང་ཁུལ་མ་མཐུན་པས་ཕ་ནེ་ནག་མགོ་དང་བུས་ཕྱུང་ཚོ་བ་གཉིས་སུ་གྱེས། 

གོང་སྨྲས་ཚོ་བ་བརྒྱད་ནི་དེང་སང་སྡེ་ཚོ་སོ་སོར་ཁྱབ་པ་དང་།  རྐང་ཚའི་ཚོ་བ་གཉིས་ནི་རྐང་ཚའི་སྡེ་ཚོ་བཅུ་གཅིག་ལ་ཁྱབ་ཡོད།  དེ་ཡང་རྐང་ཚའི་མི་རྒྱུད་ནི་ཐོག་མར་ཁ་གྱ་ཚོ་དྲུག་གི་ནང་ཚན་ནམ།  ལྡོང་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་རྐང་ཚ་ལས་མཆེད།  ཧ་ལམ་དུས་རབས་བཅུ་པ་ཡས་མས་སུ་མཚོ་སྔོན་ཏ་ནའི་རྐང་ཚ་ཚོ་བ་ལས་མི་ཁྱིམ་འགའ་མཛོད་དགེར་འོངས་ཤིང་རིམ་བཞིན་ཚོ་བ་ཆགས།  ཚོ་མིང་ལ་སྔར་བཞིན་རྐང་ཚ་ཞེས་གསོལ།  མཛོད་དགེ་ཤོག་པའི་ཁོངས་སུ་གཏོགས་ཕྱིར་མཛོད་དགེ་རྐང་ཚ་ཞེས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།