བསང་ཁོག་ཚོ་རྩེ་བདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསང་ཁོག་ཚོ་རྩེ་བདུན་ནི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནུབ་མཚམས་དང་ཡན་ལག་བརྒྱད་ལྡན་བསང་ཆུ་སྔོན་མོའི་སྟོད་རྒྱུད་དུ་གནས་ཤིང་། ཤར་དུ་བླ་བྲང་ལྷ་སྡེ་ཤོག་པ་བཞི། ལྷོར་ཨ་མཆོག་དང་ཁོ་ཚེ། བྱང་དུ་རྒན་གྱ། ནུབ་ཏུ་མཚོ་སྔོན་གྱི་མདོ་བ་དང་རྩེ་ཁོག་བཅས་དང་ས་མཚམས་འདྲེས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནུབ་མཚམས་དང་ཡན་ལག་བརྒྱད་ལྡན་བསང་ཆུ་སྔོན་མོའི་སྟོད་རྒྱུད་དུ་གནས།
དབྱེ་བ།
སྲིབ་ཚོ་ལྔ་དང་ཉིན་ཚོ་གཉིས།
1 ངོ་སྤྲོད།

བསང་ཁོག་ཚོ་རྩེ་བདུན་ནི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནུབ་མཚམས་དང་ཡན་ལག་བརྒྱད་ལྡན་བསང་ཆུ་སྔོན་མོའི་སྟོད་རྒྱུད་དུ་གནས་ཤིང་།  ཤར་དུ་བླ་བྲང་ལྷ་སྡེ་ཤོག་པ་བཞི།  ལྷོར་ཨ་མཆོག་དང་ཁོ་ཚེ།  བྱང་དུ་རྒན་གྱ།  ནུབ་ཏུ་མཚོ་སྔོན་གྱི་མདོ་བ་དང་རྩེ་ཁོག་བཅས་དང་ས་མཚམས་འདྲེས།  དེ་ཡང་བསང་ཁོག་ཅེས་པ་སྔོན་སྐྱེས་མཆོག་ནོར་བུ་དགྲ་འདུལ་འཛམ་གླིང་སེང་ཆེན་རྒྱལ་པོས་ཡུལ་འདིར་གཞི་བདག་དང་དགྲ་ལྷ་མཆོད་པའི་ལྷ་བསང་བཏང་བས་བསང་ཁོག་ཅེས་དང་།  ཡུལ་དེར་འབབ་པའི་ཆུ་ལ་བསང་ཆུར་བཏགས་ཞེས་པའི་བཤད་རྒྱུན་མཆིས།  ཡུལ་འདིའི་ཚོ་བ་ཁག་རྣམས་ནི་བོད་ཀྱི་རུས་ཆེན་སྒ།  འབྲུ།  ལྡོང་གསུམ་ལས་ལྡོང་གི་རྒྱུད་པ་ལྡོང་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་གཡི་ཚའི་རྒྱུད་ལས་མཆེད་ཅིང་ཡུལ་དེར་གཡི་ཚའི་མཁར་རྫོང་ཞིག་ཀྱང་མཆིས་པར་བཞེད་དོ། །ཧ་ལམ་དུས་རབས་བཅོ་ལྔ་པའི་སྐབས་སུ་རྐང་ཚ་དང་ཚུར་ཚ་ཟེར་བའི་མི་ཁྱིམ་ཁ་ཤས་སྨད་ཀྱི་གོས་སྐུད་ཐང(དེང་སང་གི་རྒྱོའུ་གྱ་ཞང་ཟེར)ནས་བསང་ཁོག་ཚལ་མགོར་རུ་སྤོས་ཤིང་ས་བཟུང་།  ཡང་ལྡོང་གི་རུས་ལས་དབལ་ཤུལ་ཤ་བུ་ནར་ཞེས་པའི་དཔོན་པོས་ཁྱིམ་སྒོ་བརྒྱ་ཡས་མས་ཙམ་ཁྲིད་དེ་ཡུལ་འདིར་འོངས་ཏེ་བསྡད།  རབ་བྱུང་བཅུ་གཉིས་པའི་ས་མོ་གླིང་གི་ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པས་གདན་ས་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་བཏབ་རྗེས།  ཡུལ་ཕྱོགས་སོ་སོ་ནས་འབྲོག་ཁྱིམ་མང་པོ་ཡུལ་འདིར་སྤོས།  རིམ་བཞིན་ལྷ་སྡེ་སྲིབ་ཚོ་ལྔ་དང་།  ཉིན་ཚོ་གཉིས་བསྡོམས་པས་ཚོ་རྩེ་བདུན་དུ་འཕེལ་ལོ། །གཞན་ཡང་བསང་ཁོག་ནི་བླ་བྲང་དགོན་པའི་ལྷ་སྡེ་ཡིན་པས།  ཚོ་བའི་མགོ་དཔོན་ནི་བླ་བྲང་དགོན་པས་མངགས་ལ་ལོ་གསུམ་རེའི་ནང་དཔོན་པོ་རེ་བརྗེ།

བསང་ཁོག་ཚོ་རྩེ་བདུན་ནི་ལྷ་སྡེ་ཉིན་མའི་གསེར་ཁྲི་དང་།  སྡེ་བ་གཉིས་དང་།  སྲིབ་མའི་སྒར་སྐོར་དང་།  རུ་མང་།  སྟོད་མ་རྐང་ཚ།  ཚུར་ཚ་རྣམས་ཡིན།  ཉིན་སྲིབ་ཚོ་རྩེ་སོ་སོར་གཏོགས་པའི་རུ་སྐོར་གྱི་གནས་ཚུལ་བཤད་པ་ལ་གཉིས་སོ། །

2 དབྱེ་བ།
2_1 སྲིབ་ཚོ་ལྔ།
2_1_1 སྒར་སྒོར་ཚོ་བ།

སྒར་སྒོར་ཚོ་བར་རུ་མང་གི་རུ་ཁག་གསུམ་པ་དང་།  རུ་ཁག་བཞི་པ།  རུ་ཁག་ལྔ་པ།  སྟོད་མའི་རུ་ཁག་བཅས་རུ་སྐོར་བཞི།

2_1_2 རུ་མང་ཚོ་བ།

རུ་མང་ཚོ་བར་རུ་མང་རུ་ཁག་དང་པོ་དང་།  རུ་ཁག་གཉིས་པ།  སྤྱི་ལོ1957ལོར་རྨ་ཆུ་ནས་སྤོས་འོངས་པའི་དངུལ་ར་རུ་སྐོར།  རྐང་ཚའི་རུ་ཁག་གསུམ་པ་དང་བཞི་པ་བཅས་རུ་སྐོར་ལྔ་མཆིས།

2_1_3 སྟོད་མ་ཚོ་བ།

སྟོད་མ་ཚོ་བར་སྟོད་མའི་རུ་ཁག་དང་པོ་དང་།  རུ་ཁག་གཉིས་པ།  རུ་ཁག་ལྔ་པ་བཅས་རུ་སྐོར་གསུམ་མཆིས།

2_1_4 རྐང་ཚ་ཚོ་བ།

རྐང་ཚ་ཚོ་བར་རྐང་ཚ་རུ་ཁག་དང་པོ་དང་།  རུ་ཁག་གཉིས་པ་བཅས་རུ་ཁག་གཉིས།

2_1_5 ཚུར་ཚ་སྨད་མ་ཚོ་བ།

ཚུར་ཚ་སྨད་མ་ཚོ་བར་སྨད་མ་རུ་ཁག་དང་པོ་དང་།  གཉིས་པ་སོགས་མངའ་འོ། །

2_2 ཉིན་ཚོ་གཉིས།
2_2_1 གསེར་ཁྲི་ཚོ་བ།

གསེར་ཁྲི་ཚོ་བར་སྨད་མའི་རུ་ཁག་གསུམ་པ་དང་།  བཞི་པ།  ལྔ་པ།  དྲུག་པ།  བདུན་པ།  བརྒྱད་པ་བཅས་རུ་སྐོར་དྲུག

2_2_2 སྡེ་བ་ཚོ་བ།

སྡེ་བ་ཚོ་བར་བཏུས་ཚང་དང་།  འགྱུར་རོ།  རུ་ཁག་གཉིས་པའི་བཏུས་ཚང་།  ཁ་བོ།  རུ་འདུས།  རྒྱ་འདུ།  བསང་སྐོར།  གོས་རྡོའུ་རུ་མང་།  གོས་རྡོའུ་རྒྱ་ཚང་།  གནག་ཏུ་བཅས་རུ་སྐོར་བཅུ།  གཞན་ཡང་བསང་ཁོག་ཚོ་རྩེ་བདུན་གྱི་ཁྲོད་དུ་བླ་མ་དཔའ་རིས་ཚང་གི་ལྷ་སྡེ་རུ་སྐོར་ཀྱང་མཆིས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།