མེ་ཁྲེང་།

མེ་ཁྲེང་ནི་ཧན་རྒྱལ་རབས་ནུབ་མའི་དུས་ཀྱི་བཅད་ལྷུག་སྤེལ་མ་མཁས་ཅན་ཞིག་ཡིན། ཁོང་ནི་ཧོའེ་ཡིན་ཏེ་དེང་གི་ཅང་སུའུ་ཧོའེ་ཨན་ས་ཆའི་མི་ཡིན། ཁོང་ནི་དང་ཐོག་ཝུའུ་རྒྱལ་ཁབ་ཀྱི་རྒྱལ་པོ་ལིའུ་པིའི(刘濞)ལང་ཀྲུང(郎中)ཞེས་པ་སྟེ་བློན་པོ་ཞིག་ཡིན། ཝུའུ་རྒྱལ་པོས་ལྐོག་ཏུ་གྱེན་ལངས་ཐེངས་གཉིས་བྱེད་རྩིས་བྱས་པར་མེ་ཁྲེང་གིས་ཁ་ཏ་བསླབ་བྱ་ཐེངས་མང་བྱས་ཏེ་བཀག་འགོག་བྱས་མོད། འོན་ཀྱང་ཝུའུ་རྒྱལ་པོས་ཁོ་པའི་བསླབ་བྱར་མ་ཉན་པར་གྱེན་ལངས་བྱས་པས་མཐར་དམག་ཕམ་སྟེ་རང་ཉིད་ཀྱི་སྲོག་ཀྱང་ཤོར། དོན་དེ་ལ་བརྟེན་ནས་མེ་ཁྲེང་གི་སྙན་གྲགས་ས་ཕྱོགས་ཀུན་ཏུ་ཁྱབ། རྒྱལ་ཁབ་བདུན་གྱི་འཁྲུག་རྩོད་ཞོད་འཇགས་བཏང་རྗེས་ཁོང་ལ་ལྭིང་རྒྱལ་པོའི་རྩོམ་རིག་སྐུ་བཅར་གྱི་གོ་གནས་སྤྲད། ལྭིང་རྒྱལ་པོ་གཤེགས་རྗེས་མེ་ཁྲེང་ཕྱིར་ཕ་ཡུལ་ཧོའེ་ཡིན་དུ་ལོག ཧན་གྱི་གོང་མ་ཧན་ཝུའུ་ཏི་གསེར་ཁྲིར་འཁོད་རྗེས་མེ་ཁྲེང་གི་མཚན་སྙན་ཐོས་པས་ཕོ་ཉ་མངགས་ནས་རྒྱལ་སར་བསུ་བར་བཏང་བ་དང་། ལམ་བར་ཁོང་བདེ་པོ་ཡོང་ཆེད་ཤིང་རྟ་འཁོར་ལོར་རྩྭ་དཀྲིས་ནས་འཁྲུགས་མི་ཐེབས་པ་བྱས་མོད། ཡིན་ནའང་ཁོང་ལོ་ན་མཐོ་བའི་རྐྱེན་གྱིས་ལམ་བར་དུ་ཚེ་ལས་འདས།
ཁོང་གི་མཚོན་བྱེད་བརྩམས་ཆོས་ལ《ཆི་ཧྥ》དང《ལྭིང་རྒྱལ་པོའི་ཐུའུ་ཡོན་ཧྥུའུ》སོགས་ཡོད་ཅིང་། 《ཆི་ཧྥ》ཞེས་པའི་བརྩམས་ཆོས་ནི་ཁྲུའུ་རྒྱལ་ཁབ་ཀྱི་རྒྱལ་སྲས་ཀྱིས་ན་རྫུ་བཏབ་པར་ཝུའུ་རྒྱལ་ཁབ་ཀྱི་སྐུ་མགྲོན་བལྟ་བར་ཡོང་བ་དང་། དེ་ནས་མགྲོན་སྦྱིན་གཉིས་ཀྱི་གཏམ་གླེང་གི་ཚུལ་དུ་བྲིས་པའི་བསླབ་བྱའི་རྩོམ་ཡིག་ཅིག་ཡིན། 《ཆི་ཧྥ》ཞེས་པའི་རྩོམ་ཡིག་དེའི་སྒྱུ་རྩལ་ཐད་རབ་རྟོག་གི་ཐབས་ལ་བརྟེན་ནས་བྱ་དངོས་ཀྱི་རྣམ་པ་བྲིས་ཡོད་ཅིང་། མིང་ཚིག་ཕུན་སུམ་ཚོགས་ལ་ཚིག་རྒྱན་གྱིས་སྤུད་ཡོད་པ་དང་། སྒྲིག་གཞི་རྒྱ་ཆེ་ལ་བརྗིད་ཉམས་དང་ལྡན་པ་ཞིག་ཡིན།