སྟག་སྐོར་སྤྱི་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔོན་སྐུ་ཕྱོགས་ཨ་རིག་འཇམ་དབྱངས་ཤེས་རབ་ཚང་སྟག་སྐོར་ཚོ་བར་ཆིབས་བསྒྱུར་གནང་སྐབས། རྒན་པ་ཚོས་ཁོང་ལ་ཚོ་བའི་བདེ་སྡུག་ལེགས་ཉེས་ཀྱི་སྐྱབས་བཅོལ་ཞུས་པ་ལ། བླ་མ་ཁོང་གི་ཞལ་ནས་སྟག་སྐོར་ཚོ་བས་ལོ་རེར་གདུགས་དཀར་གྱི་ཆོས་ཐོག་ཅིག་འཛུགས་ཐུབ་ན་ཆོས་འཇིག་རྟེན་གཉིས་ཀྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བས་ཤིན་ཏུ་ལེགས་གསུངས། དེ་ནས་བཟུང་ལོ་རེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཡས་མས་སུ་གདུགས་དཀར་ཆོས་ཐོག་ཆེན་མོ་ཉིན་བདུན་ལ་འཚོགས་པའི་སྲོལ་དར། ཆོས་ཐོག་བཙུགས་མ་ཐག་པའི་སྐབས་སུ་ཚོགས་རས་མེད་པས་སྦྲ་ནག་ཕུབ་ནས་ཚོགས་འཚོགས། རྗེས་སུ་རབ་བྱུང་བཅུ་དྲུག་པའི་མེ་གླིང་སྤྱི་ལོ1937ལོར་སྟག་སྐོར་ཚོ་བའི་དགོན་འབྲོག་གཉིས་ཀྱི་རྒན་པ་ཚོས་གྲོས་བྱས་ཏེ། དགེ་སློང་བློ་བཟང་དར་རྒྱས་དང་དབུ་མཛད་གྲགས་པ། སློབ་དཔོན་མཁྱེན་རབ། བརྩི་བཞག་ཚུལ་ཁྲིམས། དགེ་སློང་ཕུན་ཚོགས་སོགས་ཀྱིས་དབུ་འཛིན་མཛད་པ་དང་། ཨ་ཁུ་སྟག་ལྷ་དང་ནམ་མཁའ། རྟ་ཁོ། དཔའ་རིས། སྲིད་པ་སོགས་ཀྱིས་རམ་འདེགས་དང་ཚོ་བ་ཡོངས་ཀྱིས་ཁུར་དུ་བླངས་ནས་ཚོགས་རས་ཆེན་མོ་གསར་བཟོ་ལེགས་གྲུང་བྱུང་སྟེ། སྤྱི་ཆོས་སྒྲུབ་པར་ཆ་རྐྱེན་གསར་པ་བསྐྲུན།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་དགོན་གོང་མ་གྲོང་རྡལ།
གནས་ཡུལ།
དགོན་གོང་མ་གྲོང་རྡལ་གྱི་སྟག་སྐོར་ཚོ་བར་ཡོད།
1 ངོ་སྤྲོད།

སྔོན་སྐུ་ཕྱོགས་ཨ་རིག་འཇམ་དབྱངས་ཤེས་རབ་ཚང་སྟག་སྐོར་ཚོ་བར་ཆིབས་བསྒྱུར་གནང་སྐབས། རྒན་པ་ཚོས་ཁོང་ལ་ཚོ་བའི་བདེ་སྡུག་ལེགས་ཉེས་ཀྱི་སྐྱབས་བཅོལ་ཞུས་པ་ལ། བླ་མ་ཁོང་གི་ཞལ་ནས་སྟག་སྐོར་ཚོ་བས་ལོ་རེར་གདུགས་དཀར་གྱི་ཆོས་ཐོག་ཅིག་འཛུགས་ཐུབ་ན་ཆོས་འཇིག་རྟེན་གཉིས་ཀྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བས་ཤིན་ཏུ་ལེགས་གསུངས། དེ་ནས་བཟུང་ལོ་རེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཡས་མས་སུ་གདུགས་དཀར་ཆོས་ཐོག་ཆེན་མོ་ཉིན་བདུན་ལ་འཚོགས་པའི་སྲོལ་དར། ཆོས་ཐོག་བཙུགས་མ་ཐག་པའི་སྐབས་སུ་ཚོགས་རས་མེད་པས་སྦྲ་ནག་ཕུབ་ནས་ཚོགས་འཚོགས། རྗེས་སུ་རབ་བྱུང་བཅུ་དྲུག་པའི་མེ་གླིང་སྤྱི་ལོ1937ལོར་སྟག་སྐོར་ཚོ་བའི་དགོན་འབྲོག་གཉིས་ཀྱི་རྒན་པ་ཚོས་གྲོས་བྱས་ཏེ། དགེ་སློང་བློ་བཟང་དར་རྒྱས་དང་དབུ་མཛད་གྲགས་པ། སློབ་དཔོན་མཁྱེན་རབ། བརྩི་བཞག་ཚུལ་ཁྲིམས། དགེ་སློང་ཕུན་ཚོགས་སོགས་ཀྱིས་དབུ་འཛིན་མཛད་པ་དང་། ཨ་ཁུ་སྟག་ལྷ་དང་ནམ་མཁའ། རྟ་ཁོ། དཔའ་རིས། སྲིད་པ་སོགས་ཀྱིས་རམ་འདེགས་དང་ཚོ་བ་ཡོངས་ཀྱིས་ཁུར་དུ་བླངས་ནས་ཚོགས་རས་ཆེན་མོ་གསར་བཟོ་ལེགས་གྲུང་བྱུང་སྟེ། སྤྱི་ཆོས་སྒྲུབ་པར་ཆ་རྐྱེན་གསར་པ་བསྐྲུན། དེ་རྗེས་སྤྱི་ལོ1957ལོར་ཡང་ཚོགས་རས་སྔར་ལས་ཆེ་བ་གསར་བཟོ་བྱས་མོད། ཕྱི་ལོར་དུས་ཟིང་གི་ནང་དུ་མེད་པར་བཟོས། དེ་ནས་སླར་ཡང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སྒོ་ཀུན་ནས་དོན་འབེབས་བྱས་པར་བརྟེན། སྤྱི་ལོ1990ལོར་སྨད་སོག་སྤྲུལ་བའི་སྐུ་འཇམ་དབྱངས་ལེགས་བཤད་རྒྱ་མཚོས་ཐུགས་ཁུར་དང་ཞལ་བཀོད་ལྟར། སྟག་སྐོར་ཚོ་བའི་དགེ་སློང་བློ་བཟང་རྒྱ་མཚོ་དང་སྐལ་བཟང་རྒྱ་མཚོ། ཕུན་ཚོགས་སོགས་ཀྱིས་གྲོས་འགོ་བཏོན་ཞིང་། དབང་ཆེན་སྐྱབས་དང་མཆོག་གསུམ། སྦྱིན་པ། མགོན་ལྷ། ལྷ་འབུམ་རྒྱལ་སོགས་ཀྱིས་འགན་ལེན་དང་ཚོ་བ་ཡོངས་ཀྱི་མང་ཚོགས་ཀྱིས་རམ་འདེགས་ལ་བརྟེན་ནས་སྲིད་ལ་རེས་ཞེང་བཅུ་བཞི་དང་། ཞེང་ལ་རས་ཞེང་ཉི་ཤུ་ཡོད་པའི་ཚོགས་རས་ཤིག་བཟོས་ཏེ་སྟག་སྐོར་སྤྱི་བ་རྒྱུན་ཉམས་པར་སླར་གསོ་བྱས། ལོ་དེའི་ཟླ5པའི་ཚེས15ཉིན་གྲྭ་བཙུན་བཞི་བཅུ་ལྷག་གིས་གདུགས་དཀར་ཆོས་ཐོག་ཆེན་པོ་ཡང་བསྐྱར་བཙུགས་ཏེ་ཉིན་བདུན་གྱི་རིང་ལ་རྒྱལ་བའི་བཀའ་ཆོས་བསྒྲགས། སྤྱི་བའི་འདོན་ཆོས་གཙོ་བོ་ནི། ཆོས་ཐོག་ཉིན་དང་པོར་རྒྱལ་བའི་ཡུན་ཆེན་མོ་སྒྲོགས་འདོན་བྱེད། དེ་ནས་ཉིན་རེ་བཞིན་ནང་འཚོགས་ལ་སྐྱབས་འགྲོ། བླ་མཆོད། གནས་བཅུ། སྨན་བླ། ས་ལམ་སྐར་གསུམ། སྨོན་ལམ་རྣམ་ལྔ། གཏོར་བསྔོས་བཅས་འདོན། ཚ་རྟིང་མ་དང་གུང་ཚིགས་ཀྱི་རྗེས་སུ་གདུགས་དཀར་མཆོག་གྲུབ་རིང་ཐུང་ཅི་ཐུབ་དང་བླ་མའི་རྒྱུན་བསང་འདོན། ཕྱི་ཇའི་རྗེས་སུ་འཇིགས་བྱེད་དཔའ་གཅིག་དང་དྲུག་པ། གསེར་ཞལ་མ། མགོན་ཆོས་རྣམ་ལྔ། དམ་ཅན་སོགས་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་བཅས་ཆག་མེད་དུ་འདོན། ཉིན་ཐ་མར་རྟ་མགྲིན་ཡང་གསང་གི་བཟློག་པ་དང་། གདུགས་དཀར་བཟློག་པ། མ་རུ་ཙེའི་བཟློག་པ་བཅས་འཕངས་རྗེས་སྡེ་བརྒྱད་རྒྱག་བརྔན་རྒྱས་པར་གསུངས་ཤིང་དགྲ་བསློང་བཀོད་ནས་སྤྱི་བ་གྲོལ། འདི་ལྟར་ལོ་རེར་རྒྱུན་མཐུད་དུ་འཚོགས་ལ་ཁྱད་པར་དུ་སྤྱི་ལོ2000ལོར་སྨད་སོག་སྤྲུལ་བའི་སྐུ་ཁོང་དངོས་སུ་སྤྱི་བའི་ཚོགས་ཐོག་ཏུ་ཕེབས་ཏེ་སེར་སྐྱ་ཀུན་ལ་གསུང་ཆོས་ཅི་དགར་བསྩལ་ཞིང་། ཐུགས་སྨོན་བླ་ན་མེད་པའི་རྟེན་འབྲེལ་གྱི་མཚམས་སྦྱར་བ་ལེགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།