གར་འཆམ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གར་འཆམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཞབས་བྲོའི་རིགས།)

གར་འཆམ།
བོད་ཁ་བ་ཅན་གྱི་ཡུལ་ནི་རིག་པའི་བང་མཛོད་དང་། གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཡིན། དེ་ལས་ངོ་མཚར་ཞིང་གཏིང་ཟབ་པ། ལྟ་སྒོམ་སྤྱོད་གསུམ་གྱི་དངོས་གྲུབ་ཕྱི་རུ་གསལ་ལེར་མངོན་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོ་དང་། བོན་དགོན་ཁག་གི་འཆམ་རེད། འདིར་ཤེས་ལྡན་གཞོན་ནུའི་ཚོགས་ལ་གསལ་འདེབས་བྱ་རྒྱུ་ཞིག་ནི། དབེན་པའི་གནས་སའམ་དགོན་པ་ནི་གྲོང་དང་གྲོང་ཁྱེར་དང་བར་ཐག་རིང་ཡང་། དེ་ནི་བོད་རང་རིགས་ཀྱི་ཁྱད་ཆོས་ལས་གྲུབ་པའི་སྣ་འཛོམས་ཀྱི་སློབ་གྲྭ་ཞིག་སྟེ། དེར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ལ་སློབ་སྦྱོང་བྱ་ཆོག་པར་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། བོན་པོའི་ཆོས་སྤྱོད་སྣ་ཚོགས་ལའང་ཐོས་བསམ་སྒོམ་གསུམ་དང་། འཛིན་སྐྱོང་སྤེལ་གསུམ་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེར་བརྟེན། འབྲོག་དགོན་དག་ནའང་བཅུ་ཕྲག་རིག་གནས་གཙོས་པའི་བྲོ་གར་དང་མཛེས་རྩལ་སོགས་སྒྱུ་རྩལ་སྣ་ཚོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་གདའ། དགོན་པའི་ནང་ཟློས་གར་འཁྲབ་སྟོན་ལ་གར་འཆམ་ཞེས་འབོད། གཙོ་བོ་ཆོས་ལུགས་གྲུབ་མཐའ་ཁག་སོ་སོས་རང་རང་གི་ཡི་དམ་དང་སྲུང་མའི་འདྲ་འབག་དང་། ཆོས་གོས་གྱོན་ཞིང་ཕྱག་མཚན་ལག་ཏུ་ཐོགས་ནས་གར་འཁྲབ་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
羌姆
1 ངོ་སྤྲོད།

བོད་ཁ་བ་ཅན་གྱི་ཡུལ་ནི་རིག་པའི་བང་མཛོད་དང་།  གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཡིན།  དེ་ལས་ངོ་མཚར་ཞིང་གཏིང་ཟབ་པ།  ལྟ་སྒོམ་སྤྱོད་གསུམ་གྱི་དངོས་གྲུབ་ཕྱི་རུ་གསལ་ལེར་མངོན་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོ་དང་།  བོན་དགོན་ཁག་གི་འཆམ་རེད།  འདིར་ཤེས་ལྡན་གཞོན་ནུའི་ཚོགས་ལ་གསལ་འདེབས་བྱ་རྒྱུ་ཞིག་ནི།  དབེན་པའི་གནས་སའམ་དགོན་པ་ནི་གྲོང་དང་གྲོང་ཁྱེར་དང་བར་ཐག་རིང་ཡང་།  དེ་ནི་བོད་རང་རིགས་ཀྱི་ཁྱད་ཆོས་ལས་གྲུབ་པའི་སྣ་འཛོམས་ཀྱི་སློབ་གྲྭ་ཞིག་སྟེ།  དེར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ལ་སློབ་སྦྱོང་བྱ་ཆོག་པར་མ་ཟད།  བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་།  བོན་པོའི་ཆོས་སྤྱོད་སྣ་ཚོགས་ལའང་ཐོས་བསམ་སྒོམ་གསུམ་དང་།  འཛིན་སྐྱོང་སྤེལ་གསུམ་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས།   དེར་བརྟེན།  འབྲོག་དགོན་དག་ནའང་བཅུ་ཕྲག་རིག་གནས་གཙོས་པའི་བྲོ་གར་དང་མཛེས་རྩལ་སོགས་སྒྱུ་རྩལ་སྣ་ཚོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་གདའ།  དགོན་པའི་ནང་ཟློས་གར་འཁྲབ་སྟོན་ལ་གར་འཆམ་ཞེས་འབོད།  གཙོ་བོ་ཆོས་ལུགས་གྲུབ་མཐའ་ཁག་སོ་སོས་རང་རང་གི་ཡི་དམ་དང་སྲུང་མའི་འདྲ་འབག་དང་།  ཆོས་གོས་གྱོན་ཞིང་ཕྱག་མཚན་ལག་ཏུ་ཐོགས་ནས་གར་འཁྲབ་པ་ལ་ཟེར།  གར་དང་འཆམ་གཉིས་ལ་ཁྱད་པར་འདུག་སྟེ།  ལག་པའི་ཕྱག་རྒྱ་གཙོ་བོར་བྱས་པ་དང་ཞི་བའི་ཉམས་བཅུ་དྲུག་གི་སྒོ་ནས་ལྷ་ལ་མཆོད་པ་འབུལ་བ་ནི་གར་དང་།  ལུས་ཀྱི་ཉམས་འགྱུར་དང་སྟངས་སྟབས་གཙོར་བཟུང་ནས་གདོན་བགེགས་འདུལ་བའི་རྣམ་འགྱུར་བཅུ་གཉིས་མཚོན་པར་བྱས་པ་ལ་འཆམ་ཞེས་བརྗོད།  དེར་གྲུབ་མཐའི་སྟོབས་འབྱོར་མངའ་ཐང་དང་དགོན་པ་ཆེ་ཆུང་གི་ཆ་རྐྱེན་ལྟར་འཆམ་ཡིག་སྒྲིག་རྩོམ་གནང་ནས་གར་འཆམ་གནང་བ་ཡིན་པས།   རིགས་དང་དབྱེ་བ་སྣ་མང་ཕུན་སུམ་ཚོགས།  ཡོངས་ཁྱབ་ཏུ་སྐྱ་འཆམ་དང་འབག་འཆམ་གཉིས་སུ་བཀར་ཡོད།  སྐྱ་འཆམ་ནི་སྦྱང་བ་བྱེད་སྐབས་ཀྱི་འཆམ་དང་།  འབག་འཆམ་ནི་དངོས་སུ་འཁྲབ་སྟོན་གནང་སྐབས་ཀྱི་འབོད་ཚུལ་ལོ། །

2 བྱུང་འཕེལ།

དེ་ཡང་འཆམ་གྱི་བྱུང་འཕེལ་ཐད་ལ་ཆོས་ལུགས་མི་འདྲ་བ་དང་གྲུབ་མཐའི་སྟོབས་འབྱོར་མངའ་ཐང་གི་དབང་གིས་བྱུང་བའི་དུས་དང་།  འཕེལ་རྒྱས་སུ་ཕྱིན་ཚུལ་མི་འདྲ།  དཔེར་ན།  བོན་དགོན་ཁག་ཏུ་མིང་དུ་གྲགས་ཤིང་།  འཆམ་སྟོན་ཆེ་མ་ཆུང་གསུམ་གྱི་སྐབས་སུ།  འཆམ་ཡིག་གཞིར་བཟུང་ནས་འཆམ་འབག་དང་ཕྱག་མཚན།  འཆམ་སྐོར།  འབུད་ཚུལ།  མི་སྣའི་འབྲེལ་བ་སོགས་དང་།  གཞན་ཡང་ཡི་དམ་གྱི་བསྐང་བ་དང་།  འདོན་དབྱངས།  འབུད་བརྡུང་།  སེར་ཕྲེང་སོགས་ཕྱག་ལེན་ཁྱད་ཆོས་ལྟར་འཁྲབ་པའི《ཝལ་བསེ》ལ་མི་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བཤད་སྲོལ་ཡོད།   རྗེ་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་གྲགས་པའི《བོན་སྒོ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པ》དང་།  《བོན་གྱི་ཡི་དམ་དཔལ་ཕྱུར་མ་རྒྱུད་ཞི་བ་ཨ་གསལ》སོགས་ལས་གཤེན་རབ་དགུ་འཆམ་དང་།  གཟེ་མ་དགུ་འཆམ།  སྟག་ལྷའི་རྔ་འཆམ།  ཞི་ཁྲོའི་ཁྲོ་འཆམ་སོགས་འཆམ་སྣ་བཅུ་བདུན་ཙམ་ཡོད་པར་བཤད་པ་དང་།  ཆོས་འབྱུང་ལོ་རྒྱུས་ལས།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་བོ་དྷི་ས་ཏྭ་དང་།  སློབ་དཔོན་པདྨ་འབྱུང་གནས་གཉིས་བོད་དུ་གདན་དྲངས་ཏེ།  བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རབ་གནས་མཛད་སྐབས་ཡང་གསང་སྔགས་ཀྱི་ཆོ་ག་མཛད་པ་ལས་གཞན།  སློབ་དཔོན་གྱིས་འགྲོ་བའི་སེམས་ཁམས་རབ་ཏུ་འཁྲུལ་ནས་སྤྲོ་བའི་འབོད་སྒྲ་རྒྱུན་ཆད་མེད་པ་དང་།  དད་པའི་ཕྱག་རྒྱ་དབང་མེད་དུ་འབུལ་བའི་རྡོ་རྗེ་ཕུར་བའི་འཆམ་ཡིག་ནང་འབྲོང་གཡག་དང་།  སྟག་སེང་ཁྱུང་འབྲུག  རས་པའི་གཞས་བྲོ་སོགས་ཀྱིས་རྒྱན་བཏགས་ཞེས་དང་།  གཞན་ཡང《རྒྱལ་པོ་བཀའ་ཐང》(ལེའུ་བཅུ་གཅིག་པ)ལས།  སྔགས་བོན་རྔ་ཐོགས་འཆམ་པོ་བྱེད་ཅེས་བཀོད་ཡོད་པར་གཞིགས་ན།  དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་ཀྱི་རྟེན་འབྲེལ་མཛད་སྒོ་སྟེང་གར་འཆམ་འཁྲབ་མཁན་བོན་གྱི་སྔགས་པ་རྣམས་ཡིན་པ་ལས།  སྐབས་དེར་གསང་སྔགས་སྔ་འགྱུར་ལུགས་ཀྱིས་གར་འཆམ་གནང་སྲོལ་བྱུང་མེད།  དུས་དེ་ནས་བརྩིས་ནའང་རང་རེའི་ཡུལ་འདིར་གར་འཆམ་གྱི་རིག་གནས་སྒྱུ་རྩལ་དར་ནས་མ་མཐའ་ཡང་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ལྡན།  དེ་ནི་ནུབ་གླིང་གི་བྲོ་གར་ཆེན་མོ་ལས་ལོ་དགུ་བརྒྱ་ལྷག་གིས་སྔ་བ་ཡིན།  དུས་ཡུན་འདིའི་ནང་འཆམ་གྱི་སྒྱུ་རྩལ་མེད་པ་ནས་ཡོད་པ་དང་།  ཡོད་པ་ནས་འཐུས་ཚང་ཅན་དུ་འགྱུར་མགོ་བརྩམས་ཤིང་།  རིམ་གྱིས་རྣམ་པ་བོན་ལ་ནང་དོན་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་ལྡན་པའི་སྔ་འགྱུར་རྙིང་མའི་ལུགས་ཀྱི་གར་འཆམ་དང་།  ས་སྐྱའི་ལུགས་ཀྱི་རྡོ་རྗེ་ཕུར་བའི་གར་འཆམ།  འབྲི་གུང་བཀའ་བརྒྱུད་པའི་མགོན་པོ་ཕྱག་བཞི་བའི་གཏོར་བཟོས་དང་རྡོ་རྗེ་ཕུར་བའི་གར་འཆམ།  གོང་དཀར་ཆོས་སྡེའི་རྔ་འཆམ།  རྩེ་རྣམ་རྒྱལ་གྲྭ་ཚང་གི་རྡོ་རྗེ་ཕུར་བའི་གར་འཆམ།  བཀྲས་ལྷུན་དགོན་གྱི་ཞྭ་ནག་དང་ཁྲོ་བོའི་གར་འཆམ་ལ་སོགས་རྩོམ་ཁྲིད་མཛད་དེ།  འཛམ་གླིང་སྟེང་ལོ་རྒྱུས་རིང་ཞིང་།  ནང་དོན་གཏིང་ཟབ་ལ་རྒྱ་ཆེ་བ།  རྣམ་གྲངས་མང་བ།  སྒྱུ་རྩལ་གྱི་ཚད་མཐོ་བའི་བྲོ་གར་སྒྱུ་རྩལ་ཏེ།  མིའི་བསམ་ཡུལ་ལས་འདས་པའི་རིག་གཞུང་དང་།  དམ་ཆོས་བསྒྲུབས་པའི་འབྲས་རྟགས་མངོན་པ་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་མེད་སྙམ། 

3 འཆམ་འབག་དང་ཕྱག་མཚན།

དེ་ཡང་འཆམ་ཡིག་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་མཛད་ནས་གྲུབ་པ་རྙེད་མཁན་ཞིག་ལ་ལུང་བསྟན་པའམ་མཚན་ལམ་དུ་གསལ་བ་དང་།  ཆོས་སྐྱོང་སྲུང་མ་གང་རུང་ཞིག་བསྒྲུབས་པ་ལས་བརྩམས་གྲུབ་གནང་བ།  ཡང་ན་གཞི་བདག་ལྷ་འབབ་བྱས་ནས་འཆམ་ཡིག་སྒྲིག་བཀོད་གནང་བ་ཡིན་པས།  འཆམ་གྱི་རྩོམ་སྒྲུབ་ལ་དགོན་པའི་ཤེས་རབ་མངའ་བརྙེས་པའི་བླ་མ་དམ་པ་དང་།  མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ལ་བརྟེན་དགོས།  གལ་ཏེ་རང་དགོན་དུ་མི་བཞུགས་ཚེ།  གཞན་སྒར་ནས་སྤྱན་དྲངས་ཏེ་སྒྲིག་ཁྲིད་གནང་སྲོལ་ཡོད།  དེའི་ཕྱིར་དགོན་པའི་འཆམ་ཡིག་ནང་ཡི་དམ་ཚོགས་འཁོར་དང་།  ལྷ་ཀླུ་གཉན་གསུམ།  དཔའ་བོ་མཁའ་འགྲོ།  ཆོས་སྐྱོང་སྲུང་མ།  ཡུལ་ལྷ་གཞི་བདག   ཁྲོ་བོ་ཁྲོ་མོ།  དུར་ཁྲོད་བདག་པོ་དང་གངས་ཆེན་སྡེ་བཞི།  ཀེང་རུས་སོགས་དང་།  ཚེ་རིང་རྣམ་དྲུག  འདབ་ཆགས་བྱ་འུག  སྟག་སེང་ཁྱུང་འབྲུག   ཤྭ་ཕྲུག  སེང་རྫུས།  སྟག་ཁྲིད།  མཛོད་བདག   ཨ་ཙ་ར།  ཐ་ན་དམག་དཔོན་དང་།  ཡོན་བདག་སོགས་ཀྱི་མི་སྣའི་ཞལ་འབག་དང་གཟུགས་སྐུ་རྣམས་མ་འདུས་པ་མེད།  དེའི་སྟེང་མཛེས་སྤྲས་ཀྱི་རྒྱན་གོས་དང་།  མདའ་གྲི་མདུང་གསུམ་དང་ཕུར་བ་སོགས་ཕྱག་མཚན་གང་མང་།  བཤམ་པ་དང་མཆོད་པའི་རྫས།  བསྒྲལ་བའི་ཉལ་བོ་སོགས་ཚང་དགོས་པར་མ་ཟད།  འདོན་དབྱངས་དང་འབུད་བརྡུང་དཀྲོལ་གསུམ།  མཆོང་ལྡིང་འཁོར་བསྒྱུར་གཞུང་དང་མཐུན་དགོས་པ་ཡིན།

4 འཆམ་སྐོར་གྱི་རིམ་པ།

འཆམ་འབུད་པ་ལ་འཆམ་སྟོན་གྱི་ཉིན་འགའི་སྔོན་ལ་ཡི་དམ་ལྷའི་བསྐང་བ་བསྒྲུབ་དགོས།  དངོས་གཞིའི་འཆམ་སྟོན་གྱི་སྐབས་སུ།  ཐོག་མར་དགོན་པའི་གྲུབ་མཐའ་དང་མཐུན་པའི་ཡི་དམ་ལྷ་ཚོགས་སམ་ཆོས་སྐྱོང་སྲུང་མའི་གཟུགས་སྐུའི་བརྗིད་ཉམས་དང་།  འཕྲིན་ལས།  བྱིན་རླབས་ཁྱད་ཆོས་སོགས་སེམས་ཅན་ལ་ངོམ་རྒྱུ་དང་།  བར་དུ་རང་སྒྲུབ་ཀྱི་སངས་རྒྱས་དང་།  ཡི་དམ།  དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་མ་གྱུར་སེམས་ཅན་ཐམས་ཅད་ཕ་མ་བཞིན་དུ་བཀུར་ཞིང་།  བུ་ཕྲུག་བཞིན་དུ་སྐྱོང་བའི་ཚུལ་དང་།  དེ་རྣམས་ཀྱི་སྡུག་བསྔལ་སེལ་བའི་ཐབས།  བགེགས་སྤྲོད་པའི་ལས།  དགྲ་འཇོམས་པའི་ཚུལ་སྟོན་པ།  མཇུག་མཐར་མ་གྱུར་སེམས་ཅན་ཐམས་ཅད་ལ་རྟེན་འབྲེལ་སྐལ་བཟང་གང་འདོད་གནང་བ་དང་།  བཀྲ་ཤིས་ལེགས་ཚོགས་མ་ལུས་སྩོལ་བ་སོགས་འཆམ་སྐོར་གང་མང་ཡོད།  འདིར་ཤེས་དགོས་རྒྱུ་ཞིག་ནི་གྲུབ་མཐའ་གང་དང་གང་ཞིག་ཡིན་ཡང་འཆམ་སྐོར་རེ་ལ་ཞི་བ་དང་།  ཞི་མ་དྲག  དྲག་པོ་གསུམ་རེ་འཆམ་སྲོལ་ཡོད།  དེ་ལས་ཞི་བ་ནི་དལ་བ་དང་།  ཞི་མ་དྲག་ནི་མགྱོགས་ཙམ་འཁྲབ་པ་དང་།  གར་གྱི་ཕྱག་རྒྱ་ཞི་བ་ལས་ཅུང་ཆེ་བ་བྱ་དགོས།  དྲག་པོ་ནི་གར་གྱི་དབྱངས་འགྲོས་མགྱོགས་ཤིང་།  འཆམ་སྟབས་རླུང་ནག་འཚུབ་མ་བཞིན་དུ་ལྡིང་འཁོར་བྱེད་པ་ལ་བསྟན་པ་ཡིན།  དཔེར་ན།  རྙིང་མའི་ལུགས་སུ་འཆམ་སྐོར་མང་བོ་ནི་འདུ་ཁང་ཆེན་མོའི་ནང་ཟངས་དུང་ཐེངས་གསུམ་བུས་ནས་འཆམ་འབུད་པའི་བརྡ་ཐོན་མ་ཐག   སྦུག་དུང་གི་རྔམ་སྒྲ་ལྟར་མཆོང་ལྡིང་གཅིག་གིས་འདུ་ཁང་གི་སྒོའི་མ་རྒྱག་ལ་མ་ཐོགས་པར་སྒོ་འཁྱམ་གྱི་ཐེམ་སྟེགས་ཁར་ཐོན།  དེ་ནས་ལྡིང་ཚད་འགས་ཐེམ་སྟེགས་ལས་བབས་ནས་འཆམ་རར་བསླེབ་དགོས་པ་དང་།  འཆམ་གྱི་མི་སྣ་གཙོ་བོ་གེ་སར་རྒྱལ་པོ་དང་།  གཟའ་འཆམ་ལས་དྲང་སྲོང་ཆེན་མོ་ལྟ་བུར་མཚོན་ན།  དྲང་སྲོང་ཆེན་མོས་མགོ་སྒྲ་བླངས་རྗེས་གཡས་གཡོན་དུ་རེ་རེ་ལྡིང་།  དེའི་རྗེས་འཆམ་སྟབས་གཙོ་བོ་གཟའ་དཀྱུ་ཟླ་བར་གཟིགས་པའི་སྒྱུ་རྩལ་མངོན་རྗེས།  རིམ་བཞིན་ཐེམ་སྟེགས་ལས་མར་བབས་ནས་ཆོས་རར་ཕེབས་པ་ལྟ་བུ།  གསར་མའི་ལུགས་ལ་ཞྭ་སེར་བསྟན་པའི་མ་དགོན་བྱ་ཁྱུང་གི་ཆོས་རྒྱལ་ནི།  ཚོགས་རའི་ཐེམ་སྟེགས་ཁ་ནས་མགོ་སྒྲ་ཐེངས་གསུམ་རེ་ལེན་ཚུལ་ཡོད་ལ།  དེ་ནས་འཆམ་འཆམ་ལ་བགྲོད་པའི་ཚུལ་གྱིས་འཆམ་རར་ཕེབས་པ་ལྟ་བུ་དང་།  ཆོས་ཏྲ་པ་ལས་མཐུ་རྩལ་ཧ་ཅང་མཐོ་བ་ངོམ་ཆེད།  མཆོང་ལྡིང་བྱེད་ཞོར་ལག་པས་དགྲ་རྟ་དགུང་ནས་བཟུང་།  མཆོང་ལྡིང་གཉིས་ཀྱིས་ཐེམ་སྟེགས་རིམ་པ་བཅུ་བརྒལ་ནས་འཆམ་རར་ཕེབས་པ་ཡིན་པས།  མཐུ་རྩལ་ཡ་མེད་ཀྱི་བྱ་ཁྱུང་ཆོས་ཏྲ་པ་ལ་ཞེས་པའི་སྙན་པ་ཕྱོགས་བཅུར་ཁྱབ།  དེ་མིན་རལ་གྲི་གཡུག་སྐོར་དང་།  གཡོན་དཀྱུས་གཡས་འཁོར།  ས་དགྲ་གནོན་པ་ལ་སོགས་རྣམ་གྲངས་ཧ་ཅང་མང་སྟབས།  འཆམ་པས་དུས་ཡུན་རིང་བོར་སྒྲུབ་སྦྱོང་གང་བཟང་བྱས་ན།  ད་གཟོད་འཆམ་བྱའི་མི་སྣ་དག་གི་སྣང་བརྙན་ཇི་བཞིན་དུ་ལྟ་མཁན་གྱི་སྤྱན་སྔར་འབུལ་ཐུབ་པའོ། །

5 འཆམ་སྟབས་རྩིས་ཚུལ།

དགོན་པའི་འཆམ་ཡིག་གཏིང་ཟབ་ལ་རྒྱ་ཆེ་བ་དང་།  སྒྱུ་རྩལ་གྱི་ཚད་མཐོ་བའི་ཚུལ་གོང་སོང་ལྟར་རོ། །འདིར་འཆམ་ཁྲིད་པ་དང་འཆམ་འབུད་སྐབས།  གྲུབ་མཐའ་སྣ་མང་ལས་འཆམ་སྟབས་རྩིས་ཚུལ་མི་འདྲ་བ་དུ་མ་ཡོད་པ་སྤྱི་འདུས་ཀྱི་ཚུལ་དུ་ཉུང་ཙམ་བཀོད་ན།  རྙིང་མའི་ལུགས་སུ་གཅིག་གི་འཆམ་དང་།  གཉིས་ཀྱི་འཆམ།  གསུམ་བཞི་ལྔ་ཡི་འཆམ་སོགས་དང་།  དྲུག་འཁོར་དགྲ་གནོན།  བདུན་འཁོར་གཡས་ལྡིང་གཡོན་མཆོང་།  དགུ་འཁོར་བཅག་བརྡབ་མ་དང་།  གཉིས་ལྡིང་གཅིག་ཕྱར།  བཞི་འཆམ་བཞི་སྐོར།  ཕྱར་ནས་གཏུབ།  རལ་གྲི་ཕྱིས་འགྱིང(གངས་དམར་ནག་གི་འཆམ་སྟབས)  གཞན་ཡང་འབུད་པའི་འཆམ་དང་།  མགོ་སྒྲ་ལེན་པའི་ཚུལ(གེ་སར་རྒྱལ་པོ་ལྟ་བུ) མཆོད་པའི་འཆམ(ཞྭ་ནག་གསེར་སྐྱེམས་ལྟ་བུ) ནོར་བུ་དགའ་འཁྱིལ(འཆམ་མང)  ཡར་འགྲོའི་འཆམ་སོགས་དང་།   གསར་མའི་ལུགས་ལ་འཆམ་འཆམ་ལ་བགྲོད་པ་སྟེ།  ལྡིང་བ་དང་འདུར་རྒྱུགས་བྱེད་པ་དང་།  གཅིག་གི་འཆམ།  གཉིས་ཀྱི་འཆམ།  གསུམ་གྱི་འཆམ་དང་བཞི་དྲུག་བརྒྱད་ཀྱི་འཆམ།  བདུན་ལྡིང་གཡས་འཁོར་འགྱིང་།  དགུ་འཁོར་བཅག་བརྡབ་མ་སོགས་རྩིས་ཚུལ་མི་འདྲ་བ་མང་བོ་ཡོད།  གཞན་ཡང་བོན་དགོན་ཁག་གིས་ཀེང་རུས་གཉིས་ཀྱིས་ཉོན་མོངས་དུག་ལྔ་ལས་གྲུབ་པའི་དགྲ་བོའམ་གདོན་བགེགས་གཤེད་མ་སོགས་ཀྱི་ཚད་གཞིའི་གཟུགས་ནག་པོ་སྟེ།  ཉལ་བོ་ལིང་གའི་ནང་དུ་བཞག་ནས།  ཉལ་བོའི་ཐོག་ཏུ་འཆམ།  ཡར་ལངས་ལ་ཆེམ་ཆེམ།  གཅིག་གཉིས་གསུམ་ཆེམ།  བཞི་ལྔ་དྲུག་ཆེམ།  བདུན་བརྒྱད་དགུ་ཆེམ།  དགུ་གཉིས་སུ་མར་ལ་མཆོང་།  དགུ་གཅིག་ཕྱིར་ལ་འགྲུལ་བའི་འཆམ།  ཡང་ན།  ཆེམ་ཆེམ་མང་བོར་སོང་ནས་བསང་ཁྲིར་སྐོར་བ་བྱེད་པའི་ཆོ་ག་སོགས་ཟིན་བྲིས་སུ་ཕབ་པའང་ཡོད་དོ། །

6 བྱེ་བྲག་གྲུབ་མཐའ་ཁག་གི་གར་འཆམ།

སྤྱིར་གྲུབ་མཐའ་ཞེས་པ་ནི་ལུང་རིགས་གང་རུང་ལ་བརྟེན་ནས་རྣམ་རྟོག་གི་སྒྲོ་བཏགས་པའི་ཆ་གཞན་བཀག་སྟེ།  རང་གི་བློ་ངོར་ཡང་དག་པར་འཐད་པའི་དོན་དམ་པོར་འཛིན་པ་ལས་གཞན་དུ་འདའ་བར་མི་བྱེད་པ་དང་།  ཐག་བཅད་པའི་དོན་གཞན་ལ་སྨྲ་བས་ན་གྲུབ་མཐའ་སྨྲ་བ་ཞེས་ཟེར།  དེར་རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་རོལ་བ་དང་ནང་བ་གཉིས་སུ་དབྱེ་ཞིང་།  དེ་ལས་ནང་བ་སངས་རྒྱས་པ་ལ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་བཞི་སྟེ།  བྱེ་བྲག་སྨྲ་བ་དང་།  མདོ་སྡེ་བ།  སེམས་ཙམ་པ།  དབུ་མ་བ་བཅས་དང་།  རང་རེའི་བོད་དུ་བོན་པོ་དང་ས་དགེ་བཀའ་རྙིང་གཙོས་པའི་གྲུབ་མཐའ་ཆེན་མོ་བརྒྱད་ཡོད་ལ།  བན་བོན་གྱི་གྲུབ་མཐའ་གང་ཞིག་ཡིན་ཡང་རང་གི་ལྟ་གྲུབ་དང་མཐུན་པའི་འཆམ་འབག་དང་།  ཕྱག་མཚན།  འཆམ་སྐོར་གྱི་རིམ་པ།  འཆམ་སྟབས་རྩིས་ཚུལ་མི་འདྲ་བ་ཡོད་པ་གོང་སོང་ལྟར་རོ། །གཤམ་ནས་གྲུབ་མཐའ་རེ་གཉིས་ཤིག་གི་འཆམ་བྱེ་བྲག་ཏུ་དཔེ་འགོད་ཙམ་བྱས་ན།

6_1 རྙིང་མ་བའི་འཆམ།

རྙིང་མའི་འཆམ་ལ་ལམ་བྱེད་དགྲ་ལྷའི་མེ་རྟགས་དམར་བོ་དང་།  ཡུལ་ལྷ་གཞི་བདག་རྣམས་ཀྱི་སེར་ཕྲེང་།  གཟའ་གདོང་མོ་བཞིའི་གཙོ་འཆམ།  ཞྭ་ནག་གསེར་སྐྱེམས་མཆོད་པའི་འཆམ།  གངས་དམར་ནག་གཉིས་ཀྱིས་ཉལ་བོ་འདེད་པའི་ཚུལ།  ཁྲོ་བོ་ཁྲོ་མོས་ཉལ་བོ་བསྒྲལ་པའི་ཚུལ་གྱི་འཆམ།  དེའི་རྗེས་བྱ་འུག་གཉིས་དང་ཀེང་རུས་ཚོས་དུར་ལས་དང་མཆོད་པ་འབུལ་བ།  ཤྭ་ཕྲུག་གཉིས་ཀྱིས་ས་ནས་ཁ་བཏགས་ལེན་པ་དང་བཀྲ་ཤིས་བརྗོད་པ་སོགས་ཀྱི་འཆམ།  མཇུག་བསྒྲིལ་པ་ལ་འཆམ་མང་དང་།  འབྲོང་གཡག  སྟག་སེང་ཁྱུང་འབྲུག  སེང་རྫུས།  ཨ་ཙ་ར།  མཛོད་བདག་སོགས་ཀྱི་གར་འཆམ་ཡོད།  གཞན་ཡང་གཞི་བདག་རིགས་ལ་ཨ་མྱེས་ཡུལ་ལྷ་དང་།  ཨ་མྱེས་སྲིན་པོ་གཙོས་པའི་རང་གནས་ཀྱི་གཞི་བདག་གཙོ་བོ་འཆམ་པ་ཡིན།  འཆམ་མང་ལ་ཕལ་ཆེ་བས་ཕོ་རོག་ཡན་ཆད་ལྡིང་བ་ཡིན།  དེར་ནོར་བུ་དགའ་འཁྱིལ་དང་།  ཡང་རེ་འགས་རླུང་ནག་འཚུབ་མ་ཞེས་ཟེར།  དེ་རྣམས་ལ་བདག་ཆུང་དུས་ལོ་བཅུ་ཙམ་ནས་རིམ་བཞིན་འབའ་མུ་གཡང་ཁ་སྒང་གི་མ་ཎི་ཁང་དང་།  བྱ་མདོ་སྔགས་ཁང་།  སྒོ་མེ་སྤྱི་གདོང་སྔགས་ཁང་།  ཆབ་ཆ་ས་གཞུག་སྔགས་ཁང་།  སྒོ་མེ་ལྷ་ཁང་ཐང་སྔགས་ཁང་།  མཛོ་སྣ་སྔགས་ཁང་།  ཁྲི་ཀའི་སྐེ་བ་སྔགས་ཁང་།  ཀ་རིང་སྔགས་ཁང་སོགས་དགོན་གང་མང་ནས་མཇལ་མྱོང་བ་ཡིན།

དེ་ཡང་སྒོ་མེ་ལྷ་ཁང་ཐང་སྔགས་དགོན་ནང་གི་སློབ་དཔོན་པདྨ་ཡབ་ཡུམ་བཅུ་དྲུག་མཚོན་བྱེད་ཀྱི་རྔ་འཆམ་སྟེ།  གངས་ཆེན་བཅུ་དྲུག་ནི་ལག་རྔའི་བྲོ་གར་ཡ་མཚན་པ་ཞིག་ཡིན།  དེར་འཆམ་པ་བཅུ་དྲུག་ལས་ནང་བརྒྱད་ཀྱིས་གངས་ཆེན་དཀར་མོ་དང་།  ཕྱི་བརྒྱད་ཀྱིས་གངས་ཆེན་དམར་བོའི་འབག་གྱོན་པ་དང་།  ལུས་ལ་ཕུར་མས་བརྒྱན་པའི་གངས་ཆེན་གྱི་ལྭ་བ་བསྣོལ།  ཕྱག་གིས་རས་པའི་རྔ་ཆུང་ཡུ་རིང་རེ་རྡུང་ཞོར་འདུ་ཁང་ནས་འབུད།  དེ་ལ་ལྷ་ལས་བབས།  ཐུགས་ཕྲད་གནང་།  སྤྲོ་སྐྱིད་མཚར།  དགའ་མགུར་རོལ།  བཀྲ་ཤིས་རྟེན་གཡང་གི་སྨོན་ལམ་འདེབས་པ།  ཞལ་དགྱེས་རང་གནས་སུ་ཕེབས་པ་སོགས་འདུས་པའི་འཆམ་ཡོད།  འཆམ་སྟངས་ནི་ལག་རྔའི་རྡུང་སྒྲ་དང་མཐུན་པར་གཡས་ལྡིང་གཅིག   གཡོན་ལྡིང་གཅིག   ལག་རྔ་བསྐོར་ནས་ལུས་དགྱེ།  རྔ་རྡུང་སྐོར་སྔོན་དུ་སྒུར་ཙམ་བྱས་རྗེས་རྔ་སྐོར་བཙོག་པའི་ཚུལ།  ཉིས་གཤར།  སྔོན་མཆོང་།  ཕྱི་ནུར།  གཟབ་ལྡིང་ལུས་བསྒྱུར་པའི་ཚུལ།  དེ་ལ་ཞི་རྒྱས་དབང་དྲག་བཞི་རུ་ཕྱེ་ནས་ཐེངས་གསུམ་གསུམ་འཆམ་རྗེས་ཡོངས་སུ་གྲུབ་པའོ། །འཆམ་འདི་ལ་མཇལ་ན་དད་པའི་སྤུ་ལོངས་རྒྱས་པར་མ་ཟད།  སྐྱོ་བའི་མིག་ཆུ་ཡང་བཞུར་ངེས།  འཆམ་འདི་ནི་ཁམས་རྫོགས་ཆེན་ནས་ཆེད་དུ་བརྒྱུད་པ་ཞིག་ཡིན་པས།  ཨ་མདོའི་སྔགས་དགོན་གཞན་དག་ཏུ་འཆམ་སྲོལ་མེད།

6_2 བཀའ་བརྒྱུད་པའི་འཆམ།

ཀརྨ་བཀའ་བརྒྱུད་པའི་འཆམ་ལས་ཞྭ་ནག་གསེར་སྐྱེམས་ཀྱི་འཆམ་ནི་མི་གྲངས་མང་ལ།  འཆམ་ལྭ་དང་འཆམ་ཆས་ཕྱག་མཚན་སོགས་ཕྱོགས་ཆེ་ལ་རྩ་ཆེན་ཡང་ཡིན།  དཔེར་ན།  ཀརྨ་པའི་དབུ་ཡི་ཞྭ་ནག་ལ་མཚོན་ན།  གནའ་དུས་ཅ་ལ་ཙོར་ནག་གོན་པའི་དུས། །དབུ་ཞྭའི་ཡ་ཁར་དོམ་ནག་པགས་པས་བརྒྱན། །དེང་འདིར་ཅ་ལ་དམག་ནག་སྡེབ་ནས་གོན། །ཞྭ་མོའི་ཏོག་ལ་རྨ་བྱའི་སྒྲོ་འཁོར་བཙུགས། །ཡི་དམ་ཁྲོ་གཉེར་ཅན་གྱིས་ཀུན་ལ་གཟིགས། །དེ་ནི་ཞྭ་ནག་དོམ་ར་ཅན་གྱི་གྲུབ་ཚུལ་ལོ། །འཆམ་ལྭ་གོས་ཆེན་སྟེང་དུ་གཡུ་འབྲུག་རྩེན། །རྒྱལ་སྲས་ཟ་འོག་ལས་གྲུབ་སྟོད་གོས་མཛེས། །རྐང་ལྷམ་ཟ་ཧེ་ཡང་མོ་འཇམ་ཞིང་བདེ། །དར་ཚོན་སྣ་ལྔའི་དར་གྱིས་ལྷུག་པོར་བརྒྱན། །ཕྱག་གཡས་རྡོ་རྗེ་ཕུར་བ་དམ་པོར་བཟུང་། །ཕྱག་གཡོན་མཆོད་པའི་ཐོད་ཁྲག་གྱེན་དུ་ལྟེམས། །འདི་ནི་བཀའ་བརྒྱུད་བླ་མའི་ཕྱག་ལེན་ནོ། །ཞེས་པ་ལྟ་བུ།

གྲུབ་མཐའ་འདིའི་འཆམ་སྟོན་སྐབས།   ཆེས་ཡ་མཚན་པ་ཞིག་ནི་ཀརྨ་པ་སྐུ་དངོས་ཀྱིས་འཆམ་དཔོན་མཛད་དེ།  ཀུན་དང་མཐུན་པའི་གསེར་སྐྱེམས་ཀྱི་མཆོད་པ་འབུལ་བའི་གར་འཆམ་དགོས་པ་དང་།  ཡང་འཆམ་སྐོར་དཀྱིལ་ནས་འཆམ་དཔོན་གྱི་བཟོ་ལྟ་མཛད་ནས་འཁྲབ་ཀྱིན་འདུག   ཡིན་ནའང་།  ཁོང་འཆམ་པ་གཞན་དང་མི་མཐུན་པ་ནི་སྐུའི་མདུན་ངོས་ལ་གཙང་ཞིང་དྲི་མས་མ་གོས་པའི་ཁ་བཏགས་དཀར་པོ་ཞིག་གིས་བརྒྱན་ཡོད་པ་དེ་རེད། 

ཞྭ་ནག་གསེར་སྐྱེམས་ཀྱི་འཆམ་སྐོར་ལ་མགོ་འཛུགས་པ་དང་།  ཡི་དམ་ལྷའི་ཚོགས་སྤྱན་འདྲེན་པ།  གསེར་སྐྱེམས་འབུལ་བ།  ཁྲོ་བོའི་ཚོགས་ཀྱི་འཆམ་ལྟ་བུ།  ཁྲོ་བོའི་ཚོགས་ལ་ཉེར་བཞི་ཙམ་འདུག   དེ་ནི་དགོན་པའི་ཆ་རྐྱེན་དང་མཐུན་པ་དགོས།  འཆམ་སྲོལ་ནི་ཕལ་ཆེ་བ་ཕྱག་རྒྱ་བསྐྱེད་ནས་གཡས་སུ་གཅིག་འཆམ།  གཡོན་དུ་གཅིག་འཆམ།  ཡང་བསྐྱར་གོང་ལྟར་འཆམ་རྗེས།  རང་འཁོར་དུ་ལྡིང་བ་གཅིག  གོང་གསལ་གྱི་སྟངས་སྟབས་འདི་རས་པའམ་གཞས་ཀྱི་སྟངས་སྟབས་དང་ཅུང་མཐུན་པོ་འདུག   དེར་ཞི་རྒྱས་དབང་དྲག་བཞི་རུ་དབྱེ།  གཞན་ཡང་གངས་ཆེན་གཉིས་དང་།  ཁྲོ་བོའི་ཚོགས་ཀྱི་འཆམ་ལའང་ཐུན་མོང་མ་ཡིན་པའི་སྟངས་སྟབས་དང་ཁྱད་ཆོས་ལྡན།  དེ་རྣམས་ལ་ན་གཞོན་ཤེས་ལྡན་དག་གིས་ཞིབ་འཇུག་གནང་རོགས་མཛོད།

6_3 དགེ་ལུགས་པའི་འཆམ།

རྗེ་བདག་ཉིད་ཆེན་པོས་མདོ་སྔགས་ཟུང་འཇུག་གི་བསྟན་པའམ་དགེ་ལུགས་པའི་བསྟན་པ་སྤེལ་སྐབས།  ཁོང་གིས་ཟློས་གར་སྒྱུ་རྩལ་གྱིས་བསྟན་པ་རིན་པོ་ཆེ་དར་སྤེལ་ཐད་རམ་འདེགས་གང་བཟང་བྱ་ཐུབ་པ་མཁྱེན་ནས།   འཆམ་ཡིག་གི་ནང་དོན་དང་།  འཆམ་སྟངས།  རམ་འདེགས་ཀྱི་འདོན་དབྱངས་དང་འབུད་བརྡུང་དཀྲོལ་གསུམ།  ཞལ་འབག་དང་འཆམ་གོས།  ཕྱག་མཚན་གྱི་དབྱིབས་གཟུགས།  འཆམ་རྩོམ་ཁྲིད་ཀྱི་བརྒྱུད་རིམ་དང་འཆམ་སྟབས་སོགས་ལ་གཏན་ཕབ་གནང་འདུག   དཔེར་ན།  དགེ་ལུགས་པའི་ཆོས་རྒྱལ་གྱི་འཆམ་དང་དཔལ་རྟ་མགྲིན་གྱི་འཆམ་འཁྲབ་པའི་སྐབས།  སྔོན་ལ་ཤྭ་ཕྲུག་ཚོས་བདེ་ཆེན་གཡང་གི་མཛད་སྒོ་ཕྱེ།  དེ་ནས་སྟེང་གི་དཔའ་བོ་དཔའ་མོ་རྣམ་དྲུག་གིས་གཡང་འདེགས་དང་ས་འདུལ་གྱི་གར་འཆམ་པ།  དེའི་རྗེས་ཁམས་གསུམ་གྱི་ལྷའི་ཚོགས་དང་མགོན་པོ།  དཔལ་ལྡན་ལྷ་མོ།  སྔགས་སྲུང་མ།  ཁྲོ་བོ་ཁྲོ་མོ་སོགས་ཉི་ཤུ་ལྷག་ཕྱིར་འབུད་པའི་འཆམ་དང་།  ཆོས་སྐྱོང་གཙོ་ཤོས་ཆོས་རྒྱལ་ལམ།  དཔལ་རྟ་མགྲིན་དམར་བོ་བསུ་བའི་སེར་ཕྲེང་།  གངས་ཆེན་སྡེ་བཞི་དང་།  ཀེང་རུས།  ཤྭ་ཕྲུག  ཡོན་བདག་ཚོགས་རིམ་བཞིན་དུ་ཕྱིར་འབུད།  སེར་ཕྲེང་།  དགྲ་འདུལ།  མཆོད་འབུལ།  གཡང་བཀོད་བཀྲ་ཤིས་སོགས་ཆུ་ཚད་མཐོ་བ།  རྣམ་པ་མང་བ།  མིའི་ཡིད་སེམས་དབང་མེད་དུ་འགུགས་པ།  མཐོང་བ་ཙམ་གྱིས་དད་པ་དང་སྤོབས་པ་བསྐྱེད་ངེས་ཡིན། 

དེ་ཡང་སྐུ་འབུམ་དགོན་པའི་འཆམ་ལ་མཚོན་ན།   ལོ་རེའི་ཧོར་ཟླ་དང་པོའི་ཚེས15ནས17བར་དང་།  ཧོར་ཟླ་བཞི་བའི་ཚེས15ནས17བར་ལ་འཆམ་སྟོན་བསྒྲུབས་ཏེ།  ཉིན་དང་པོར་ཆོས་རྒྱལ་གྱི་འཆམ་དང་།  ཉིན་གཉིས་པར་དཔལ་རྟ་མགྲིན་དམར་པོའི་འཆམ་སྟོན་པ་ཡིན།  དགོན་འདིའི་འཆམ་སྟོན་སྐབས་མི་སྣའི་སྣང་བརྙན་རེ་རེའི་འཆམ་སྟངས་དང་ཁྱད་ཆོས་མི་གཅིག་རུང་།  སྤྱི་ཆ་ནས་འབུད་བརྡུང་འདོན་དབྱངས་ཁྱབ་པས་གནམ་ས་བསྒུལ།  དྲུག་འགྱུར་རྒྱ་གླིང་དབྱངས་ཀྱིས་ཡིད་དབང་འགུགས།  དལ་བར་བརྗིད་ཉམས་མངོན་པ།  བཤམས་པའི་ལྷའི་ཞལ་ཡིད་ལ་འཇགས་པ།  དད་པའི་སྤུ་ལོངས་གཡོ་ཞིང་འདྲེན་པ།  བགེགས་དང་བར་ཆད་རང་སར་ཞི་བ།  ཆོས་དང་བཀྲ་ཤིས་དུས་ཀུན་རྒྱས་པ།  བསམ་དོན་ཡིད་བཞིན་དུ་འགྲུབ་པའོ། །

བྱ་ཁྱུང་དགོན་པའི་འཆམ་ཡང་ཆོས་རྒྱལ་གྱི་འཆམ་ཡིན།  འཆམ་འདི་ཆེ་ཕྱོགས་ནས་སྐུ་འབུམ་དགོན་པའི་འཆམ་དང་གཅིག་རུང་།  བྱ་ཁྱུང་དགོན་པའི་འཆམ་ལ་ཆོས་རྒྱལ་དང་།  ཆོས་རྒྱལ་གཉིས་པ།  ཆོས་ཏྲ་པ་ལ་སོགས་རྩལ་དྲུག་རྫོགས་པའི་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ངོ་སྤྲོད་གནང་བཞིན་མཆིས།  གཞན་ཡང་འཆམ་གྱི་མཇུག་མཐར།  ལོ་བགེགས་སེལ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་།  མར་གྱུར་སེམས་ཅན་ཐམས་ཅད་ལ་མི་འདོད་པའི་རྐྱེན་ངན་སྣ་ཚོགས་གཏོང་བའི་གཞི་མ་སྟེ།  ཉལ་དགྲ་ནག་པོ་བསྒྲལ་ནས་ལོ་གཏོ་ཆེན་པོ་ཞིག་ཏུ་བསྒྲུབས་རྗེས།  ལྷོ་འདབས་དྲག་དམར་ཁ་ནས་རྨ་ཀླུང་དབྱིངས་སུ་འཕེན་པ་ཡིན།  གཏོ་ཆེན་འཕེན་པའི་ལམ་ཁར་དད་ལྡན་མང་ཚོགས་འཕྲེད་ཉལ་བྱས་ཏེ།  འཆམ་པ་རྣམས་རང་ལུས་སྟེང་བགོམ་དུ་བཅུག་ནས།  རང་ལུས་སྟེང་གི་ནད་གྲིབ་སྡུག་སྒྲིབ་ཐམས་ཅད་སེལ་བ་དང་།  ཡང་ན་རང་ལུས་འདོམ་གང་བོས་བཟའ་གོ་ར་གང་བོ་དང་ཉེ་མི་ཡོངས་ཀྱི་ཚབ་བྱས་ནས།  བགེགས་དང་བར་ཆད་ཐམས་ཅད་དགོན་པའི་གཏོ་དང་མཉམ་དུ་འཕངས་པ་ཡིན་བསམ་གྱིན་ཡོད་ཅེས་འཆམ་པས་གསུངས་སོ། །

7 ཞར་བྱུང་།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མིའི་སེམས་ཁམས་ཀུན་འབྱུང་གི་སྣང་ཆ་ལས་གྲུབ་པའི་སྒྲུང་རབས་ཆེན་མོ་ཞིག་སྟེ།  དམངས་ཁྲོད་ཀྱི་སྨྲ་བརྗོད་མཁས་པའི་སེམས་ནས་བྱུང་ཞིང་།  ངག་ལས་བརྒྱུད་པའི་ཆ་ནས་ཁྱབ་པ་དང་།  དེ་ལས་རྒྱས་པར་བྱུང་བའི་རང་རིགས་ཀྱི་ངག་སྒྲུང་རིག་གནས་འདི་འཛམ་གླིང་འཛིན་མའི་རྒྱན་དུ་གྱུར་ཡོད་པ་འདིར་མ་སྨྲས་ཀྱང་ཀུན་གྱིས་མཁྱེན་གསལ་ལྟར་སྣང་།  དེར་རང་སེམས་ལས་ཐོལ་བྱུང་དུ་བརྩམས་ནས་སྒྲུང་བཤད་པ་དང་།  རྨི་ལམ་ལས་བསྐུལ་པ་ལྟར་སྒྲུང་བཤད་པ།  འཇིག་རྟེན་གྱི་ལྷ་ངེས་ཅན་ཞིག་ལྷ་བབས་ནས་སྒྲུང་བཤད་པ།  བྲ་བས་བྲ་ཕབ་ནས་སྒྲུང་བཤད་པ་སོགས་དབྱེ་བ་ཧ་ཅང་མང་ལ།  དེ་དག་གི་ནང་དུ་སྒྲུང་བའི་ཉམས་འགྱུར་དང་།  བཟོ་ལྟ།  ཕྱག་རྒྱ།  གར་གྱི་སྟངས་སྟབས་ལ་སོགས་འདུས་ཡོད་སྟབས།  བྲོ་གར་རྩོམ་ཁྲིད་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་སྨོས་མ་དགོས་ཤིང་།  ཀུན་གྱིས་གདེང་འཇོག་ཆེན་པོ་གནང་བ་ནི་ང་ཚོའི་ལ་རྒྱ་དང་གཟི་བརྗིད་ཡིན།

7_1 གེ་སར་རྒྱལ་པོའི་འཆམ།

གེ་སར་རྒྱལ་པོའི་འཆམ་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གཞིར་བྱས་ནས་རྩོམ་ཁྲིད་གནང་བ་ཞིག་ཡིན།  དེ་ཡང་སྒོ་མེ་མཛོ་སྣ་སྔགས་ཁང་དང་ཁྲི་ཀའི་སྐེ་བ་སྔགས་ཁང་གཉིས་ཀྱི《གེ་སར་རྒྱལ་པོའི་འཆམ》ལ་དགེ་བསྐོས་དང་།  ཚོང་དཔོན་བཀྲ་ཤིས་དོན་འགྲུབ།  སྨན་གྱི་དྲང་སྲོང་།  སུ་ཏྲ་དཀར་ནག་གཉིས།  ཀོ་བ་བཅུ་གསུམ་འཆམ་ཡོང་ནས་མེ་མདའ་བདུན་བཞི་འཕེན།  སྤྱན་འདྲེན་ལ་སེང་ལྕམ་འབྲུག་མོ་དང་ནུའུ་ཆུང་ལུག་གུ་ཚར་ཡག་གཉིས་ཀྱིས་ཕྱག་གཡོན་ལ་བདུད་རྩིའི་མཆོད་པ་དང་།  ཕྱག་གཡས་ཀྱིས་གཡང་མདའ་བཟུང་ནས་གསེར་སྐྱེམས་འབུལ་བ་ལ།  ཞལ་འཛུམ་མདངས་ལུས་ལྡེམ་ལྡེམ།  བྲོ་ཡི་ཕྱག་རྒྱ་ཆེན་པོ་མེད་ཀྱང་།  ལུས་ཀྱི་སྐྱོད་འགུལ་ཉམས་དང་ལྡན་པ།  སྙན་མོ་ངག་གི་འགྱུར་ཁུགས་གཡང་མདའི་ཕྱག་རྒྱས་སྐྱོར་ནས་བླངས་པ་འདི་ལྟར།  ཨོཾ།  མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །དགྲ་ལྷ་ཝེར་མའི་དཔུང་དང་བཅས་ཏེ། །དཔག་སྤྲོ་གཟི་བྱེད་ཐེ་སུ་བྱོན་ནས། །འདིར་ཚོགས་ལྷ་ཡི་གྲལ་ལ་བཞུགས་ཤོག །ཕོ་བརྒྱ་དཔའ་བོའི་བྱིན་ཅན་ཕོབས་ཤོག །མངོན་ཅིག་དང་ནི་ཌཱ་ཀི་ཚོགས་ཀྱིས། །ཡང་ལ་དགའ་བའི་བྱིན་ཅན་ཕོབས་ཤོག །སྣང་བའི་བྲག་དང་ལེགས་པའི་བཀའ་བརྒྱུད། །ཅེས་སྨོན་ཚིག་འབུལ་བ་ནི་འཆམ་སྐོར་དང་པོའོ། །

འཆམ་སྐོར་གཉིས་པ་ནི་དགྲ་ལྷའི་མེ་རྟགས་དམར་པོ་ཡིན།  དགྲ་ལྷའི་མེ་རྟགས་དམར་པོའི་འཆམ་ནི་ས་འདུལ་གྱི་འཆམ་ཡིན་ལ།  ཁོང་ས་འདུལ་ལ་བྱོན་པའི་དུས་སུ་མེ་རྟགས་བཞིན་དུ་འཆམ་པ་དང་མེ་ལྕེ་བཞིན་དུ་དགྲ་བགེགས་བར་ཆད་ཐམས་ཅད་འཇོམས་པས་ན་དགྲ་ལྷའི་མེ་རྟགས་དམར་པོ་ཟེར། 

འཆམ་སྐོར་གསུམ་པ་སེར་ཕྲེང་གི་སྐོར་ལ།   དགེ་བསྐོས་དང་།  སྤྱི་དཔོན་ཁྲ་རྒན།  དྲང་སྲོང་ཆེན་མོ།  ཀོ་བ་བཅུ་གསུམ།  ཞྭ་ནག་བདུན།  གདུགས་གཅིག   རྒྱལ་མཚན་བཞི།  ཕན་བཞི།  ཐིག་དམར་གསུམ།  ཐིག་ནག་བཞི།  རླུང་རྟའི་དར་བོ་ཆེ་གཅིག   འཛམ་གླིང་ཕྱྭ་དར་གཅིག  དར་མདུང་བཅུ་གསུམ།  བཙན་གཅིག  རོལ་མོ་བདུན།  རྔ་བཞི།  དར་ཁྲ་གཅིག  ཚོང་དཔོན།  སྨན་གྱི་དྲང་སྲོང་།  བལ་བོ་ཁ་ཆེ་གཉིས།  རྒྱ་གཉིས།  སྤྱན་འདྲེན་གཉིས།  སེང་ལྕམ་འབྲུག་མོ་གཉིས་ཀྱི་གཞས།  ཨོཾ།  མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །དགྲ་ལྷ་ཝེར་མའི་དཔུང་དང་བཅས་ཏེ། །དཔག་སྤྲོ་གཟི་བྱེད་གླིང་དུ་བྱོན་ནས། །མདུན་ཚོགས་ལྷ་ཡི་གྲལ་ལ་བཞུགས་ཤོག །ཕཊ་རྒྱག་དཔའ་བོའི་བྱིན་ཅན་ཕོབས་ཤོག །མངོན་ཅིག་དང་ནི་ཌཱ་ཀི་ཚོགས་ཀྱིས། །ཡང་ལ་དགའ་བའི་བྱིན་ཅན་ཕོབས་ཤོག །སྣང་བའི་བྲག་དང་ལེགས་པའི་བཀའ་བརྒྱུད། །ཅེས་རྒྱུགས་གླིང་ཆ་གཅིག་གིས་སེར་ཕྲེང་ལ་སྣ་དྲངས་ཏེ།  གླིང་སེང་ཆེན་རྒྱལ་པོ་ལ་བསུ་མ་བྱེད།  སེང་ལྕམ་འབྲུག་མོ་གཉིས་ཀྱི་གཞས་ཞེས་པ་ནི་སེང་ལྕམ་འབྲུག་མོ་དང་མེ་བཟའ་འབུམ་སྐྱིད་གཉིས་ཀྱི་གཞས་ལ་གོ །

འཆམ་སྐོར་བཞི་བ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱི་འཆམ་ནི།  འདུ་ཁང་ལས་ཕྱིར་བུད་དེ།  རྒྱུགས་ཐེངས་གཅིག་གིས་མདུན་གྱི་རྡོ་ཐེམ་ཁར་མདུང་ཡུ་ས་ལ་བཙུགས་ནས་འགྱིང་།  མགོ་སྒྲ་ལེན་པ་ལ་གཡོན་སྐོར་གསུམ་དང་།  གཡས་སྐོར་གསུམ།  རྒྱབ་གསུམ།  དབུས་གཉིས་བཅས་བཅུ་གཅིག   དེ་ནི་བྱང་ཆུབ་སེམས་དཔའི་ས་ཐོབ་པའི་རྟེན་འབྲེལ་ཡིན་ཟེར།  དེ་ནས་འུར་འཆམ་ལ་ཐེམ་ཁ་ནས་མར་འབབ་པ་དང་།  ཆོས་རའི་ནང་འཆམ་འཆམ་ལ་བགྲོད་པ་དལ་བ་ནས་ཇེ་མགྱོགས།  སྟངས་སྟབས་ཆེ་བ་ནས་ཇེ་ཆུང་དུ་བཏང་སྟེ།  རྒྱུགས་ཙམ་གྱིས་ཆོས་རར་འགྱིང་།  དེ་ནས་གཅིག་འཆམ་ལ་གཡས་རྐང་ལྡིང་།  གཉིས་འཆམ་ལ་རྐང་གཡོན་ལྡིང་ནས་དལ་བར་འཁོར།  འགྲོས་སྟངས་ནི་རྐང་གཉིས་གཡས་གཡོན་སྤོར་བ་དང་།  མཐོན་པོར་འདེགས་ཤིང་གསུམ་གྱི་རྗེས་སུ།  བཞི་ལ་རྐང་བ་གཡས་འདེགས་གཡོན་སྐུམ་དུ་བཅུམ་འཁོར་གཅིག   ཡང་ལྔ་ལྡིང་དྲུག་ལྡིང་བདུན་ལྡིང་བརྒྱད་ལ་གཡོན་རྐང་འདེགས་སྐུམ་གྱིས་གཡས་སུ་དལ་བུར་འཁོར།  ཞོར་ལ་མདུང་མོ་སྐོར་བའི་ཕྱག་རྒྱ་ཚུལ་དང་མཐུན་པར་བྱ།  འཆམ་སྐོར་འདི་ལ་ཞི་བ་དང་ཞི་མ་དྲག   དྲག་པོ་གསུམ་དུ་ཕྱེ་ནས་ལྡིང་།  གཡོན་དུ་ཕྱེད་ཙམ་འཁོར།  དེ་ནས་གཡས་སུ་གཅིག་འཁོར་ནས་མདུན་ལ་སྒུར་ཙམ་གནང་རྗེས།  ཡང་གཡོན་རྐང་གཡས་ཕྱོགས་སུ་སྤོས་ཏེ།  གཡས་རྐང་བཏེགས་ནས་གཡས་འཁོར་དགུའི་མཇུག་ཏུ་བཅག་བརྡབ་གཅིག   ལུས་ཡང་མདུན་ལ་སྒུར་ཙམ་བྱས་ནས་ཕྱག་གཉིས་གཡས་མཐོ་གཡོན་དམའ་བྱས་ནས་འགྱིང་།  འཁྲབ་སྟངས་འདི་ལ་དགུ་འཁོར་བཅག་བརྡབ་མ་ཞེས་འབོད།  འདི་ལའང་ཞི་བ་དང་།  ཞི་མ་དྲག  དྲག་པོ་གསུམ་དུ་ཕྱེ་ནས་འཆམ་དགོས།  དེའི་རྗེས་ཡག་ཤ་མེ་ལེ་ལ་སྣ་གསུམ།  གཅིག་ནི་ཡག་ཤ་མེ་ལེ་སྟེ།  གཡོན་ལྡིང་མཐུད་མ་བཞིའམ་ལྔ་ཙམ།  དེ་ནས་གཡས་ལྡིང་མཐུད་མ་འགའ་ལ་མདུང་སྐོར་བའི་ཕྱག་རྒྱ་བྱེད།  གཉིས་ནི་གཡས་གཡོན་ལ་ལྔ་འཁོར་གཉིས་རེ་རྗེས་མདུང་བསྐོར།  མཇུག་མཐར་མདུང་ཡུ་ས་ལ་བཙུགས་ནས་སྐུ་བརྗིད་པར་འགྱིང་ཙམ་བྱ།  གསུམ་ནི་དགུ་འཁོར་ལ་ཞི་དྲག་གསུམ།  ཚན་པ་རེའི་བར་མདུང་སྐོར་བར་བྱེད།  མཇུག་བསྒྲིལ་པ་ལ་ནོར་བུ་དགའ་མཁྱིལ་གྱི་རྗེས་སུ་གེ་སར་ཕྱིར་འདུ་ཁང་དུ་ཕེབས་པའི་ཡར་འགྲོ་འཆམ་མོ། །

འཆམ་སྐོར་ལྔ་བར་བཀྲ་ཤིས་གཉིས་ལ་མ་ཡུམ་ཀླུ་མོ་མཛེས་ལྡན་སྟོང་ཉིད་མགར་བཟའ་ཆོས་སྒྲོན་གྱིས་བཀྲ་ཤིས་པའི་གླུ་ལེན་པ།  ཨེ་མ་ཧོ།  རྩ་གསུམ་ཀུན་འདུས་སེང་ཆེན་རྒྱལ་པོ། །མཆོག་གསུམ་བཀྲ་ཤིས་ལྡན་པའི་ནོར་བུ། །སྐུ་བཞི་དོན་གྲུབ་ཝེར་མ་དཀར་པོ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་མཛད། །

འཆམ་སྐོར་དྲུག་པ་ཚོང་དཔོན་བཀྲ་ཤིས་དོན་འགྲུབ་དང་སྨན་གྱི་དྲང་སྲོང་གཉིས་ཀྱིས་རྟོགས་པ་བརྗོད་པ་ནི།  ཨོ་་་་་་ཉོན་ཅིག   སྨན་གྱི་དྲང་སྲོང་ཆེན་མོ།  ཁྱེད་གང་ནང་བྱོན།   འདིར་བྱོན་པའི་དོན་ཅི་ཡིན།  སྨན་གྱི་དྲང་སྲོང་གིས་ལན།   ཨོ་་་་་་ལེགས་སོ།  བདག་བྱང་ཕྱོགས་ཤམ་བྷ་ལ་ནས་འོངས་པ་ཡིན།  མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཕྱོགས་ཤམ་བྷ་ལ་ནས་འོངས་པ་ཡིན།  ཨོ་་་་་་ལེགས་སོ།  སྔོན་བོད་ཀྱི་བཙན་པོ་མངའ་བདག་ཁྲི་རལ་བ་ཅན་གྱི་དུས་ལ།  བྱང་ན་བདུད་ཀླུ་བཙན་རྒྱལ་པོ།  ཤར་ན་ཧོར་གུར་དཀར་རྒྱལ་པོ།  ལྷོ་ན་འཇང་ས་དམ་རྒྱལ་པོ།  ནུབ་ན་མོན་ཤིང་ཁྲི་རྒྱལ་པོ།   ལྷོ་འཛམ་བུ་གླིང་གི་ཕྱོགས་བཞི་ལ་བདུད་ཆེན་བཞི་མཆིས་པ།  ཕྱོགས་མཚམས་སོ་སོར་གྲུ་གུ་ཐོག་རྒོད་རྒྱལ་པོ་དང་།  སོག་པོ་མི་ནོར་རྒྱལ་པོ།  བལ་བོ་ཤིང་ཤིང་རྒྱལ་པོ།  སྨྲེ་སྔགས་གཡུ་སྦྱིན་རྒྱལ་པོ།  གངས་དཀར་བེ་རྩེ་རྒྱལ་པོ་སོགས་བདུད་ཆེན་བཞི་དང་བདུད་ཆུང་བཅོ་བརྒྱད་ཀྱིས་མཐའ་ནས་བསྐོར་པས།  བོད་གངས་ཅན་ལ་སངས་རྒྱས་ཀྱི་བསྟན་པ་མཐའ་ལ་ཐུག་པའི་དུས།  སྟོད་གོང་མ་ལྷ་ནས་མགོན་སངས་རྒྱས་འོད་དཔག་མེད་ཀྱིས།  སྟོད་ལྷ་ཆེན་ཚངས་པ་དཀར་པོའི་སྲས་ལྷ་ཕྲུག་དགའ་བ་འོད་ལྡན་ལ་བཀའ་ཕབ་སྟེ།  འཇིག་རྟེན་མིའི་ཡུལ་གྱི་བདུད་ཆེན་བཞི་དང་བདུད་ཆུང་བཅོ་བརྒྱད་འདུལ་ནས།  སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད།  དེའི་ཚུན་གྱི་སྐལ་བ་སྙིགས་མའི་དུས་ལ་རྫོགས་ཆེན་པདྨ་རིག་འཛིན་གྱི་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་དག་སྣང་ཆེན་པོའི་སྒོ་ནས།  འོག་མིན་སྟུག་པོ་བཀོད་པའི་ཞིང་གི་ཕོ་བྲང་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡང་ཟངས་མདོག་དཔལ་རིའི་རྩེ་མོ་ནས་ཨྱོན་པདྨ་འབྱུང་གནས་དང་།  རྒྱ་གར་གྲུབ་ཆེན་བརྒྱད་བཅུ།  བོད་ཀྱི་རྗེ་འབངས་ཉེར་ལྔ།  ཁྱད་པར་དུ་བྱང་ཤམ་བྷ་ལ་ན་བཞུགས་པའི་འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ།  རིག་གསུམ་མགོན་པོའི་རྣམ་སྤྲུལ།  སངས་རྒྱས་སྟོང་གི་ཕོ་ཉ།  དགྲ་ལྷ་ཝེར་མ་བཅུ་གསུམ།  འབྲོང་གཡག་དར་མ་བཅུ་གསུམ།  ལྷ་ཀླུ་གཉན་གསུམ་གྱི་དམག་ཚོགས།  གླིང་གི་ཕུ་ནུ་བརྒྱད་ཅུ།  རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་སྤྲུལ་གྱི་འཁོར་དང་བཅས་པ་མངོན་སུམ་དུ་སྤྱན་དྲངས་པ་ཡིན།  

ཨོ་་་་་་སེམས་ཅན་ཐམས་ཅད་ཀྱིས་དད་པ་དང་དག་སྣང་གིས་མཇལ་ན།  ཚེ་བསོད་རླུང་རྟ་དར་ཞིང་།  ཡངས་པའི་རྒྱལ་ཁམས་སྐྱིད།  ཆར་ཆུ་དུས་སུ་འབབ།  ལོ་ཕྱུགས་རྟག་ཏུ་ལེགས།  རྒྱུ་ནོར་ལོངས་སྤྱོད་འཕེལ།  བདེ་སྐྱིད་རྫོགས་ལྡན་གྱི་སྐལ་བཟང་ཤར་བ་དང་།  ཨོ་་་་་་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་བྱུང་ན།  གསང་སྔགས་གསར་རྙིང་གི་བཀའ་གཏེར་གྱི་སྲུང་མ་སྤྱི་དང་།  ཁྱད་པར་སེང་ཆེན་ནོར་བུ་དགྲ་འདུལ།  དགྲ་ལྷ་ཝེར་མའི་དམག་ཚོགས་འཁོར་དང་བཅས་པས་སྡང་བའི་དགྲ་གསོད།  གནོད་པའི་བགེགས་བཅོམ།  ལྷ་འདྲེ་མི་གསུམ།  གནོད་བྱེད་གཏམ་ངན་གཞི་རྩོད་ཐམས་ཅད་ཐལ་བའི་རྡུལ་དུ་རློགས་ཤིག

དེ་ནས་ཨ་མྱེས་ཁྲ་རྒན་གྱིས།  ཨོ་་་་་་ཉོན་ཅིག   འཇིག་རྟེན་སེམས་ཅན་རྣམས་རླུང་རྟ་དར།  བསོད་ནམས་དང་ཚེ་དཔལ་ཐམས་ཅད་ཉམས་པ་བསྐྱར་དུ་སོས་ཆེད།  གོང་ཡིད་བཞིན་ནོར་བུའི་གདན་སྟེང་ནས།  ཅང་ཤེས་རྟ་མཆོག་རོལ་བ།  བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་པའི་རླུང་རྟ་ཉམས་པ་ཡར་ལ་སྐྱེད།  ཤར་མེ་ཁམས་རྒྱ་སྟག་ཚ་རུ་ཅན་གྱི་དཔའ་སྲིད་ཆེ་བའི་རླུང་རྟ་ཡར་ལ་སྐྱེད།  ལྷོ་ཆུ་ཁམས་སྟོབས་བསྐྱེད་གཡུ་འབྲུག་སྔོན་མོ་སྙན་གྲགས་ཆེ་བའི་རླུང་རྟ་ཡར་ལ་སྐྱེད།  ནུབ་ལྕགས་ཁམས་དུང་སེང་གཡུ་རལ་ཅན་གྱི་གཟི་བརྗིད་ཆེན་པོའི་རླུང་རྟ་ཡར་ལ་སྐྱེད།  བྱང་ཤིང་ཁམས་ཁྱུང་ཆེན་འབར་བ་ཡོན་ཏན་ཆེ་བའི་རླུང་རྟ་ཡར་ལ་སྐྱེད།   སྤྲུལ་བའི་རླུང་རྟ་རྣམ་གཉིས།  བར་སྣང་གཉན་གྱི་རླུང་རྟ།  ས་གཞི་མི་ཡི་རླུང་རྟ།  རླུང་རྟ་འདི་གཉིས་སྲིད་པའི་རྩེ་མོར་བསྒྲེངས།  ཨོ་་་་་་དགྲ་ལྷ་བཅུ་གསུམ།  སྨེ་བ་དགུ།  ལོ་འཁོར་ཟླ་འཁོར།  ཞག་དུས་ཚོད་དབང་བའི་ལྷ་ཚོགས་རླུང་རྟ་ཡར་ལ་བསྐྱེད་པར་མཛོད་ཅིག

འཆམ་སྐོར་བདུན་པ་ལ་རྒྱ་སྟག་དང་ས་འདུལ།  སེང་གེ་དང་སེང་རྫུས་ལས་ཚོང་དཔོན་གྱིས་སེང་གེའི་བཤད་པ་གནང་ནས་སེང་གེའི་འཆམ་འཁྲབ་པ་དང་དུས་མཉམ་དུ་འཆམ་ཡོངས་སུ་མཇུག་རྫོགས་པ་ཡིན་ནོ། །

7_2 ​གེ་སར་རྒྱལ་པོའི་འཆམ་གྱི་བྱུང་འཕེལ།

གླིང་རྗེ་གེ་སར་རྒྱལ་པོའི་འཆམ་གྱི་སྐོར་ལ།  གླིང་རྗེ་གེ་སར་རྒྱལ་པོའི་འཆམ་གྱི་ཐོག་མའི་བརྒྱུད་ཁུངས་ནི་ཁམས་སྡེ་དགེའམ་རྫོགས་ཆེན་ནས་ཡིན་ཟེར།   སྤྱི་ལོ1933ལོར་ཁམས་ཀྱི་སྤྲུལ་སྐུ་མགོན་པོ་ལགས་ཨ་མདོ་དཔལ་ཁའི་ཕྱོགས་སུ་ཕེབས་ཏེ།   གེ་སར་འཆམ་དར་སྤེལ་བྱེད་སའི་ཡུལ་བཙལ་ཀྱང་མ་རྙེད།  དེ་ནས་ཁོང་ཉིད་ཁྲི་ཀའི་མཛོ་སྣ་ཡུལ་དུ་ཕེབས་ནས་སྡེ་བར་ཞུགས་སྐབས།  ལམ་བར་དུ་ལང་ཚོ་དར་ལ་བབས་པའི་བུ་མོ་མཛེས་མ་འགས་རྫ་ཆུ་བསིལ་མ་ཟོ་གང་རེ་ཁུར་ནས་སེམས་མཐུན་པའི་ཁ་བརྡའི་རྗེས་སུ།  ཡང་ཡིད་སྤྲོ་བ་ལས་ཐོན་པའི་དགོད་སྒྲ་སེང་སེང་རྫ་རི་སྨུག་པོའི་བྲག་ཆ་དང་འགྲོགས་ནས་ཁྱབ་ཡོང་བ་དང་ཕྲད།  ཁོང་གིས་གོམ་པ་མྱུར་སྤོས་ཀྱིས་ཆུ་འཁུར་མ་ཚོའི་མདུན་དུ་སོང་སྟེ།  བུ་མོ་ཞིག་གི་ཆུ་ཟོ་ལས་ཆུ་ཐོམ་གང་བླངས་ནས་ཡར་དགུང་ལ་ཐེངས་གསུམ་མཆོད་ཞོར།  ཡ་་་་་་དེ་རིང་རྟེན་འབྲེལ་ཡག་སོང་།  རྟེན་འབྲེལ་ཡག་སོང་།  ལྷ་རྒྱལ་ལོ།  ལྷ་རྒྱལ་ལོ།  ལྷ་རྒྱལ་ལོ་ཞེས་ཡང་ཡང་བརྗོད།  དུས་དེ་ནས་བཟུང་ལུང་གཡང་འགག་གི་མདོ།  རྫ་ནག་ཟེ་བའི་མདུན།  ཡུལ་ཁྲི་ཀའི་རྨ་ཆུའི་ཁུགས་མགོ།  སྡེ་སྒོ་མེ་ལྷ་ཁང་ཐང་གི་འདབས།  མཛོ་སྣ་ཨྱོན་གསང་སྔགས་གླིང་དུ་གེ་སར་རྒྱལ་པོའི་འཆམ་གཞི་ཚུགས་ཤིང་དར་རྒྱས་སུ་ཕྱིན།  ལོ་གསུམ་གྱི་རྗེས་སུ།    སྐེ་བའི་དཔོན་པོ་ལྷ་འབྲུག་ལགས་གཙོ་མཛད་དེ།  སྐེ་བ་སྔགས་ཁང་གི་བླ་སློབ་ཚོགས་ཀྱིས་རྟ་ནོར་བོང་བུ་ར་ཡིས་བླུས་ཡོན་ཕུལ་ཏེ།  གེ་སར་རྒྱལ་པོའི་འཆམ་སྐེ་བའི་ཡུལ་དུ་སྤྱན་དྲངས་ནས་དར་སྤེལ་དུ་བཏང་ཡང་།  བར་སྐབས་སུ་རིག་གསར་གྱི་གོད་ཆགས་དབང་གིས་ཉམས་རྒུད་དུ་གྱུར།  ཉེ་བའི་ལོ་འགའི་སྔོན་ལ་བསྐྱར་དུ་སླར་གསོ་བྱས་ནས་དད་ལྡན་མང་ཚོགས་དང་ལྟ་མཁན་རྣམས་ཀྱི་སྤྱན་སྔར་བཀྲམ་སྟེ།  དད་པའི་སྤུ་ལོང་གཡོ་བར་བྱེད་པ་དང་།  ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་བཞིན་མཆིས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-06

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།