གཞུང་ལས་པ་བསོད་ནམས་རྒྱ་མཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་དུས་རབས་བཅུ་དགུ་བའི་ཐོག་མའི་དུས་སུ་བྱོན་ཞིང་དགུང་ན་གཞོན་དུས་ནས་སོག་པོ་བླ་མ་དམ་ཚིག་རྡོ་རྗེས་རྗེས་སུ་བཟུང་སྟེ་བོད་སོག་གི་ཡི་གེ་སྦྱོར་ཀློག་ནས་སུམ་རྟགས་དག་ཡིག་སོགས་ལེགས་པར་སྦྱངས་ཤིང་དེའི་སྤྱན་སྔར་རབ་ཏུ་བྱུང་། དབལ་མང་དཀོན་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ཟུང་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མང་པོར་གསན་བསམ་རྒྱ་ཆེར་མཛད་དེ་མཁས་པ་ཆེན་པོར་གྱུར།
གཞི་རྩའི་གནས་ཚུལ།

འཁྲུངས་དུས།
དུས་རབས་བཅུ་དགུ་བ།
གྲུབ་མཐའ།
དགེ་ལུགས་པ།
བླ་མ།
དམ་ཚིག་རྡོ་རྗེ།
འཁྲུངས་ཡུལ།
ཧོར་གྱི་ཡུལ།
1 སློབ་གཉེར་མཛད་ཚུལ།

གཞུང་ལས་པ་བསོད་ནམས་རྒྱ་མཚོ་ནི་ཆེན་པོ་ཧོར་གྱི་ཡུལ་དུ་བོད་རབ་བྱུང་བཅུ་བཞི་བའི་དབུ་ཙམ་སྟེ་སྤྱི་ལོའི་དུས་རབས་བཅུ་དགུ་བའི་ཐོག་མའི་དུས་སུ་སོག་པོའི་རིགས་རྒྱུད་ཅིག་ཏུ་འཁྲུངས། དགུང་ན་གཞོན་དུས་ནས་སོག་པོ་བླ་མ་དམ་ཚིག་རྡོ་རྗེས་རྗེས་སུ་བཟུང་སྟེ་བོད་སོག་གི་ཡི་གེ་སྦྱོར་ཀློག་ནས་སུམ་རྟགས་དག་ཡིག་སོགས་བརྡ་སྤྲོད་རིག་པའི་གཞུང་རྣམས་ལེགས་པར་སྦྱངས། བླ་མ་དམ་ཚིག་རྡོ་རྗེ་ཡུན་རིང་བསྟེན་པའི་དུས་ཚོད་ལ་དབང་ལུང་རྗེས་གནང་བླ་མའི་ཐུགས་ལ་ཡོད་ཚད་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་པར་མ་ཚད་དབལ་མང་དཀོན་རྒྱལ་མཚན་དང་འཇིགས་མེད་བསྟན་པའི་རྒྱལ་མཚན། ཚེ་སྤེལ་རྡོ་རྗེ་ཐུབ་བསྟན་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ཟུང་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མང་པོར་གསན་བསམ་དང་བཟོ་དང་གསོ་བ་རྩིས་ཀྱི་རིག་གནས་སོགས་ལ་འང་སྦྱངས་པ་རྒྱ་ཆེར་མཛད། ཁྱད་པར་རྩ་བའི་བླ་མ་དམ་ཚིག་རྡོ་རྗེའི་སྤྱན་སྔར་དགེ་བསྙེན་ནས་རབ་བྱུང་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རྣམས་རིམ་པར་མནོས། བླ་མ་དམ་ཚིག་རྡོ་རྗེ་དང་གཞུང་ལས་པ་ཡར་འཕེལ་ཚང་གི་ཡུན་རིང་བསླབ་སྟོན་མཛད་པ་ལ་བསྟེན་ཆོས་དང་འཇིག་རྟེན་གྱི་བྱ་བཞག་ཀུན་ལ་ནང་བྱན་ཆུབ་པར་གྱུར་ཏེ་གཞུང་ལས་པའི་ལས་གནས་མཛད།

2 གསུང་རྩོམ།

དེ་ནས་བཟུང་མདོ་དང་སྔགས་ཀྱི་གཞུང་མང་པོར་རང་སྟོབས་ཀྱིས་དཔྱད་པ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་སྟོབས་རྒྱས་ཤིང་གཞུང་འགྲེལ་དང་དགག་ལན་གྱི་གསུང་ཆོས་མང་པོ་བརྩམས། ལམ་རིམ་ཆེ་འབྲིང་ཆུང་གསུམ་དང་སྔགས་རིམ་ཆེན་མོ་སོགས་རྗེའི་གསུང་ཐུན་མོང་མ་ཡིན་པ་རྣམས་དང་བསྟན་འགྱུར་ཁྲོད་ཀྱི་གཞུང་མང་པོའི་བཤད་པ་མཛད་ཅིང་མེ་རྒ་ཆོས་རྗེ་ཚེ་སྤེལ་དབང་ཕྱུག་རྡོ་རྗེ་སོགས་སློབ་མ་མང་པོ་སྤེལ། ཁོང་གི་གསུང་རྩོམ་ནི་ཚེ་སྤེལ་དབང་ཕྱུག་རྡོ་རྗེའི་རྣམས་ཐར་དུ་འཁོད་པ་ལྟར་ན་པོད་ཀ་པ་ནས་ཇ་པའི་བར་པོད་བདུན་ཙམ་ཁོང་མ་འདས་གོང་ནས་མེ་རྒེ་ཆོས་རྗེས་མཐུན་རྐྱེན་སྦྱར་ནས་པར་བསྐྲུན་ཟིན་འདུག་ཅིང་དེ་མིན་གསུང་རྩོམ་གཞན་ཡོད་མེད་མ་ངེས་ལ་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་སོག་པོའི་པར་མ་ཀ་པོད་ནས་ཁ་པོད་བར་པོ་ཏི་གཉིས་བཞུགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།