བེ་རི་མཐུ་སྟོབས་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ1695ལོར་ཤིས་ཚང་བེ་རིའི་རིགས་སུ་སྐུ་འཁྲུངས་ཤིང་། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། དབུས་ཀྱི་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་པའི་མཚན་བཏགས་བཞེས་ཏེ་དགེ་བའི་བཤེས་གཉེན་ཆེན་པོའི་གོ་སར་ཐོན། སྤྱི་ལོ1749ལོར་གཙོས་དགོན་པར་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་བཙུགས་སྐབས། ཐོག་མའི་འཆད་ཉན་གྱི་ཁྲི་ལ་ཁོང་རང་ཉིད་བཞུགས། སློབ་མའི་སྡེ་བྲག་དགོན་པ་བློ་བཟང་ཤེས་རབ་སོགས་མང་ངོ་། ། སྤྱི་ལོ1774ལོར་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1695 - 1774)
སློབ་མ།
བྲག་དགོན་པ་བློ་བཟང་ཤེས་རབ།
འཁྲུངས་ཡུལ།
ཤིས་ཚང་བེ་རི།
གྲུབ་མཐའ།
དགེ་ལུགས་པ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1695ལོར་ཤིས་ཚང་བེ་རིའི་རིགས་སུ་སྐུ་འཁྲུངས་ཤིང་། རྒྱུད་སྟོད་པ་མུ་ཏོ་རྒྱ་མཚོ་དོན་ལྡན་ལས་རབ་ཏུ་བྱུང་ཞིང་མཚན་ལ་མཐུ་སྟོབས་རྒྱལ་མཚན་ཞེས་གསོལ། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསེ་ཁྲི་རྒན་ངག་དབང་བཀྲ་ཤིས་ལས་བསྡུས་གྲྭའི་བརྩི་བཞག་ཐོག་མར་གནས། ལན་གཅིག་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་ཁོང་ཆོས་གྲྭ་ན་ཕྱིར་ཕེབས་སྐབས། ཞལ་ནས་ལུད་པ་ཞིག་དོར་བ། འཛིན་གྲྭ་གཉིས་ཀྱི་འཚང་གའི་བར་ནས་རྗེ་ཉིད་ལ་ཐོབ་བར་མྱུར་བར་བླངས་ནས་མིད་པས་ཤེས་རབ་འཕེལ་བར་གྱུར་ཅེས་སྔོན་གྱི་གསུང་རྒྱུན་ཡོད། བརྩོན་པའི་སྟོབས་བསྐྱེད་དེ་ཉིན་མཚན་ཁོར་ཡུག་ཏུ་ཐོས་བསམ་ཁོ་ནས་དུས་འདའ་བར་བྱས། དེ་ལྟར་བློ་རྟགས་ཕར་ཕྱི་དབུ་མ་གོང་འོག་གི་བར་ཐོས་བསམ་གྱིས་སྒྲོ་འདོགས་ལྷག་མེད་དུ་ལེགས་པར་བཅད། བསེ་ངག་དབང་བཀྲ་ཤིས་ལས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། བསྡུས་གྲྭ་ནས་མཛོད་ཀྱི་བར་གཞུང་ཚན་མཐའ་དག་ལ་འཛིན་གཤར་སྦྱང་། དཔེ་ཁྲིད་དཔེ་ལྟོས་འཕྲོས་པ་རྩོད་པ་སོགས་ཕྱོགས་གང་ཐད་ནས་ཕྲ་ཞིབ་ཀྱིས་སྦྱངས་པས་མཁས་པའི་སྙན་པ་ཕྱོགས་ཀུན་ཏུ་པ་བྱུང་།   མཛོད་ཀྱི་བར་སློབ་གཉེར་གནང་།  ཁྲི་རྒན་ལས་བསྡུས་གྲྭའི་བརྩི་བཞག་གསན་ཏེ་ཟིན་བྲིས་བཏབ་བའི་དཔར་བཀྲ་ཤིས་འཁྱིལ་དུ་བཞུགས།  

རྗེ་ཉིད་དབུས་གཙང་དུ་ཕེབས་ཏེ་ཁྲི་ཆེན་རྒྱལ་མཚན་སེང་གེ་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་བསམ་སྦྱོར་གཉིས་ཀྱི་སྒོ་ནས་་ཡུན་རིང་བསྟེན་ཏེ་མཚན་ཉིད་པོ་ཏི་ལྔ་ལ་སླར་ཡང་སྦྱངས་ཏེ། ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་པའི་མཚན་བཏགས་བཞེས་ཏེ་དགེ་བའི་བཤེས་གཉེན་ཆེན་པོའི་གོ་སར་ཐོན། དཔོན་སློབ་བྱམས་པ་རིན་པོ་ཆེ་ལས་ལམ་རིམ་གྱི་ཁྲི་རྒྱས་བསྡུས་མང་པོ་དང་། བཀའ་ཆོས་ཀྱང་མང་དུ་གསན། རྒྱུད་སྟོད་དུ་སྔགས་ལ་མཁས་པར་སྦྱངས་པས་གསང་སྔགས་ཟབ་མོའི་གདམས་པ་མཐའ་དག་གི་ཕ་རོལ་ཏུ་ཕྱིན་པར་གྱུར། གདུང་གོང་ཕུན་ཚོགས་རྒྱ་མཚོ་ལས་བག་ཙེ་གཏོར་སྒྲུབ་ཀྱི་ཕྱག་ལེན་བསླབས་པ་དང་།  དབུས་གཙང་དུ་ཐུགས་གཉེར་མཐར་ཕྱིན་པར་མཛད་པའོ། །  

རྗེ་ཉིད་དགུང་ལོ་ང་གཉིས་པར་ཁྲི་རིན་པོ་ཆེ་རྒྱལ་མཚན་སེང་གེ་མདོ་སྨད་དུ་ཕེབས་སྐབས་ཕྱག་ཕྱིར་ཕེབས། རབ་བྱུང་བཅུ་གསུམ་པའི་སྤྱི་ལོ1749ལོར་གཙོས་དགོན་པར་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་བཙུགས་སྐབས། ཐོག་མའི་འཆད་ཉན་གྱི་ཁྲི་ལ་ཁོང་རང་ཉིད་བཞུགས།  རྗེས་སུ་དབུ་ཞྭ་སོགས་གནང་ནས། རྗེ་ཉིད་མཁན་ཁྲི་ཟུང་འབྲེལ་གྱི་བདག་པོར་ཁྲི་རིན་པོ་ཆེའི་རྒྱལ་ཚབ་དམ་པར་མངའ་གསོལ། དེ་ནས་གཞུང་པོ་ཏི་ལྔའི་འཆད་ཉན་གྱིས་ལེགས་པར་བསྐྱངས། ལམ་རིམ་ཆེན་མོའི་ཞལ་ལུང་དང་། ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད། བདེ་ལམ་གྱི་ཁྲིད་སོགས་དབང་བཀའ་ཆོས་མང་དུ་སྩལ། ཤིས་ཚང་བེ་རི་སྒར་དང་། རིག་འཛིན་དགོན་གསར། མཛོད་དགེ་མར་ཁུའི་རི་ཁྲོད། མཚོ་སྔོན་ཕྱོགས་ཀྱི་བེ་རིའི་སྒྲུབ་གནས་རི་ཁྲོད་རྣམས་ཕྱག་འདེབས་གནང་སྟེ་དེ་དག་རྣམས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགོན་པ་དེ་རྣམས་ཀྱི་སྒྲིག་ལམ་སོགས་ལ་བདག་དམ་དང་། གསར་འཛུགས་དགོས་པའི་ཕྱག་བཞེས་རྣམས་གསུང་དུ་བཙུགས་སོ་བསྟན་པ་དང་འགྲོ་བའི་དོན་མཛད་འཕྲིན་ལས་བླ་མེད་མཛད། མཐར་དགུང་གྲངས་བརྒྱད་ཅུ་བ་ཤིང་རྟ་སྤྱི་ལོ1774ལ་ལས་སྐུ་གཤེགས་པའོ། །

2 བུ་སློབ།  

རྗེ་ཉིད་ལ་སློབ་མའི་སྡེ་མང་བོ་ཡོད་ཀྱང་གཙོ་བོར་གྱུར་བ་དག་ནི།  བྲག་དགོན་པ་བློ་བཟང་ཤེས་རབ།  མཛོད་དགེ་ཨུ་ཁུ་རིན་པོ་ཆེ་མཁས་གྲུབ་བསྟན་འཛིན།    གྲོ་ཆེན་རི་ཁྲོད་པ་གནས་བརྟན་སོགས་ཡིན་ནོ། །  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།