ཕལ་བའི་མི་ཚེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕལ་བའི་མི་ཚེ།
《ཕལ་བའི་མི་ཚེ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཞུའུ་ཨན་ཧྭ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཡེ་ཏུ་ཞན་དང་ལིའུ་ཏུ་ཧྭ་སོགས་ཀྱིས་འཁྲབ་སྟོན་བྱས་པ་ཞིག་ཡིན། གློག་བརྙན་ནི་མིའི་མིང་དེ་བརྙན་མིང་ལ་བཏགས་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་དུ་ཁྱིམ་ཆེན་ཞིག་གི་སྐུ་སྲས་ལོའུ་ཅེ་ཞེས་པ་དེ་དང་ཁོ་རང་ཆུང་ངུ་དུས་ནས་གཉོར་སྐྱོང་བྱེད་མྱོང་མཁན་གྱི་ཁྱིམ་གཡོག་མ་ཐའོ་ཅེ་གཉིས་ཀྱི་བར་ལ་བྱུང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཕལ་བའི་མི་ཚེ།
མ་བརྙན་མིང་།
桃姐
ཕྱི་ཡིག་གི་མིང་།
A Simple Life / Sister Peach / Tao Jie
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
རྒྱ་སྐད།
འཁྲབ་ཁྲིད་པ།
ཞུའུ་ཨན་ཧྭ།
གཙོ་འཁྲབ་པ།
ཡེ་ཏུ་ཞན། ལིའུ་ཏུ་ཧྭ།
འགྲེམ་དུས།
2012-03-08
བརྙན་རིགས།
གཏམ་རྒྱུད།
ཡུན་ཚད།
སྐར་མ118
1 ནང་དོན་མདོར་བསྡུས།

《ཐའོ་ཅེ》ནི་མིའི་མིང་དེ་བརྙན་མིང་ལ་བཏགས་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིའི་ནང་དུ་ཁྱིམ་ཆེན་ཞིག་གི་སྐུ་སྲས་ལོའུ་ཅེ་ཞེས་པ་དེ་དང་ཁོ་རང་ཆུང་ངུ་དུས་ནས་གཉོར་སྐྱོང་བྱེད་མྱོང་མཁན་གྱི་ཁྱིམ་གཡོག་མ་ཐའོ་ཅེ་གཉིས་ཀྱི་བར་ལ་བྱུང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

.jpg

ཐའོ་ཅེ་ཡིས་སྐུ་སྲས་ལོའུ་ཅེ་ཚང་ནས་ཁྱིམ་གཡོག་བྱས་ཏེ་མི་ལོ་དྲུག་ཅུ་འདས་ཤིང་། ད་ནི་རྒས་གཉེར་གྱི་རི་མོ་ཐོད་ལ་བབས་ཅིང་སྐབས་དང་མཚམས་སུ་རུས་ནད་དང་གཅོང་ནད་ཅི་རིགས་ཀྱིས་ངེས་མེད་རྒོལ་རྡུང་བྱས་འོང་བས། ཁོ་མོས་གཞི་ནས་རང་ཉིད་ཡོངས་སུ་རྒས་ཚར་བའི་ངེས་ཤེས་ཡང་ཡང་རྙེད། གནས་བབས་དེ་འདྲའི་འོག་ཏུ་ཁོ་མོས་རང་ཉིད་རྒན་གཉོར་ཁང་དུ་གནས་སྤོ་བའི་བསམ་ཚུལ་བཏོན། གང་སར་ལས་བྲེལ་གྱིས་ཁེངས་པའི་སྐུ་སྲས་ལོའུ་ཅེ་གྱིས་ཁོ་མོ་ལམ་འཇུག་བྱས་ཤིང་། འདུ་བྲལ་དང་འཚོ་བའི་འགྱུར་རྡོག་ཁྲོད་ནས་ད་གཟོད“དྲིན”ཞེས་པ་དང“འགན་འཁྲི”ཞེས་པ་དེ་ཧ་གོ་བར་གྱུར་ཞིང་། ཐའོ་ཅེ་ལ་མ་ཡི་འདུ་ཤེས་ལྟ་བུ་བསྐྱེད་དེ་ལྟ་སྐྱོང་གང་མང་བྱས།

དེ་ལྟར་དུ་གཏམ་རྒྱུད་ཀྱི་མགོ་ཆེས་སྤྱིར་བཏང་དུ་བཟུང་སོང་ལ་མཐའ་ཡང་ཆེས་རང་ག་བའི་ཚུལ་དུ་བསྡུས་སོང་མོད། དེ་འདྲའི་སྤྱིར་བཏང་གི་ཁྲོད་ན་བསྐུངས་པའི་མ་བུའི་བརྩེ་དུང་ལྟ་བུ་ཞིག་གཡོག་མོ་དང་བདག་པོའི་བར་ནས་མངོན་ཐུབ་པ་ནི་གློག་བརྙན་འདིའི་མངོན་འདོད་གཙོ་བོ་རེད་ལ་ལྟ་སྒོ་གཙོ་བོ་ཡང་རེད་འདུག དེས་རྐྱེན་གྱིས་གཏམ་རྒྱུད་ཀྱི་ཉིང་ཁུའང་དེ་ཙམ་ནས་མི་སེམས་ཀྱི་གཏིང་ལ་འཛགས་ཤིང་། ལྟ་མཁན་ཁྲི་སྟོང་མང་པོའི་ཚོར་ཤེས་ཀྱི་རྩ་ལམ་ག་ལེ་ནས་ག་ལེར་བརླན་པར་བྱེད།

2 དཔྱད་གཏམ།

ད་སྐབས་རྒྱ་ནག་གི་མི་གྲངས་ཁྲོད་རྒས་འགྱུར་གྱི་སྣང་ཚུལ་ནི་སྤྱི་ཚོགས་གནད་དོན་ཆེན་པོ་ཞིག་ཏུ་ཆགས་ཡོད་པ་དང་། ཇི་ལྟར་རྒན་རབས་པའི་ཚེ་མཇུག་གནད་དོན་ཐག་གཅོད་ཡག་པོ་ཡོང་བར་བྱེད་ཐུབ་མིན་ནི་ལམ་ལུགས་དང་མི་ཆོས་གཉིས་ཆ་ཡི་མདུན་དུ་ལྷུང་བའི་ཚོད་བགམ་རྙོག་དྲ་ཅན་ཞིག་ཡིན་གྱི་ཡོད་རེད། དེས་ན་གློག་བརྙན་འདི་ནི་ལོ་རྒྱུས་དང་སྤྱི་ཚོགས་རྒྱབ་ལྗོངས་འདི་འདྲ་ཞིག་དམ་དུ་བཟུང་སྟེ་ཕབ་ཡོད་ཅིང་། གཙོ་བོ་མི་ཆོས་ཀྱི་ལངས་ཕྱོགས་ནས་མི་དང་མིའི་བར་གྱི་འགན་འཁྲི་དང་། བཅོས་སུ་མི་བཏུབ་པའི་མི་ཡི་གཉུག་གཤིས་སོགས་ལ་འགྲེལ་བ་ནན་གྱིས་བརྒྱབ་ཡོད་དེ། ཁྱིམ་ཚང་ཆེན་པོ་ཞིག་གི་སྐུ་སྲས་དང་ཁྱིམ་གཡོག་རྒན་མོའི་བར་གྱི་གཏམ་རྒྱུད་བག་དྲོ་བ་ཞིག་བསྟན་ནས། ང་རང་ཚོས་དུས་རྒྱུན་འཚོ་བའི་ཁྲོད་འཕྲད་དུ་སྲིད་པའི་སྣང་ཚུལ་རིགས་ཤིག་ཡང་བསྐྱར་ང་རང་ཚོའི་མིག་སྔར་ཕུལ་ཡོད།

.jpg

འཁྲབ་ཁྲིད་པ་ཞུའུ་ཨན་ཧྭ་ནི་ཧོང་ཀོང་གི་བུད་མེད་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞིག་སྟེ། ཁོ་མོ་ནི་ཧོང་ཀོང་གློག་བརྙན་གྱི་གསེར་གྱི་གཟེངས་རྟགས(འཁྲབ་ཁྲིད་རྩེ་གྲས)ཐེངས་མ་བཞི་ལ་ཐོབ་མྱོང་མཁན་ཁོ་ན་རེད་ལ། ཐེ་ཝན་གློག་བརྙན་གྱི་གསེར་རྟའི་བྱ་དགའ(འཁྲབ་ཁྲིད་རྩེ་གྲས)ཐེངས་མ་གཉིས་དང་ཧྥོའུ་ཀང་ཨེ་ཤ་ཡའི་རིག་གནས་བྱ་དགའ་ཐོབ་མཁན་གྱི་བུད་མེད་གཅིག་པུ་ཡིན་གྱི་ཡོད་པ་རེད། མ་ཟད་མོ་རང་ནི་ཧོང་ཀོང་གློག་བརྙན་གྱི་རླབས་རྒྱུན་གསར་བའི་ཚབ་མཚོན་མི་སྣ་ལྟ་བུར་ངོས་འཛིན་ཞིང་། དངོས་ཡོད་རྗེན་འབྲི་དང་འཚོ་བ་མངོན་སུམ་ལ་ཟབ་འཇུག་གི་བློ་མིག་ནི་མོ་རང་གི་ཁྱད་ཆོས་ཡིན་པ་རེད། དེ་ན་ཐེངས་འདིའི་གློག་བརྙན་གྱི་ཟུར་ངོས་གང་རུང་ནས་ཀྱང་ང་ཚོས་ཁོ་མོའི་ཡོན་ཏན་དག་མཐོང་ཐུབ་སྟེ། དང་པོ་གློག་བརྙན་འདི་ནི་ཆེས་སྤྱིར་བཏང་གི་འཚོ་བའི་རྣམ་པ་ཞིག་རབ་བཏགས་དང་སྒྲོ་འདོགས་སོགས་འུད་ཆེན་པོ་མ་བྱས་པར་སླར་མཚོན་གྱི་ལམ་ནས་ཕབ་ཡོད་པ་དང་། གཉིས་ནས་རིག་རྩལ་གློག་བརྙན་སྤྱི་ལྟར་བརྗོད་འདོད་གྱི་ནང་དོན་གང་ཉིད་གཏིང་ཟབ་ས་དང་རིམ་པ་མཐོ་ས་ཞིག་ནས་བསྟན་འདུག་པས་ཚོང་ལས་གློག་བརྙན་ལྟར་མིག་ཚ་བ་དང་རྣ་འབར་འོང་བ་ལྟ་བུའི་དབང་བོའི་ཟུག་རྔུ་གློད་བྱེད་ཀྱི་ཕྱི་རྫིག་ནང་སྟོང་དེ་འདྲར་མ་སོང་པ། གསུམ་ནས་དངོས་ཡོད་ཇི་མ་བཞིན་ཞིབ་འབྲི་བྱས་ཏེ་མི་སྣ་ཆུང་ངུ་དང་གཏམ་རྒྱུད་ཆུང་ངུའི་རིགས་ལ་དོ་སྣང་ཤ་ཚ་གནང་བས་རླབས་རྒྱུན་གསར་བའི་གློག་བརྙན་གྲུབ་མཐའི་མངོན་ཐབས་གོ་ཆོད་དུ་བཏང་བ་སོགས་མང་དུ་མཆིས་ཤིང་། ད་སྐབས་ཀྱི་རིག་གནས་གསར་བ་དང་འཚོ་སྟངས་གསར་བའི་ཁྲོད་དུ་དངུལ་ལོར་ཁོ་ན་དམིགས་ཡུལ་དུ་བྱས་ནས་མི་དང་མིའི་འབྲེལ་བ་ཐབས་སྡུག་ནག་པོར་འགྲོ་སྒང་འདིར། ཞུའུ་ཨན་ཧྭ་ཡིས་གློག་བརྙན་འདི་ལྟ་བུ་ཞིག་བརྒྱུད་དེ་དངོས་པོ་ཨང་དང་པོར་འཇོག་མཁན་རྣམས་ལ་ཁ་ཏ་ལྷོད་པོ་ཞིག་གནང་འདུག་གོ །

ད་སྐབས་ཀྱི་གློག་བརྙན་ཚོང་ར་དེ་ཁྱོན་ཡོངས་ནས་ཚོང་ལས་གློག་བརྙན་གྱིས་སྒེར་སྡེམ་བྱས་ཡོད་པ་དང་སྒོས་སུ་རྒྱ་ནང་དུ་གློག་བརྙན་རིག་གནས་དང་དེ་ལ་མྱོང་རོལ་གྱི་ཆུ་ཚད་ཧ་ཅང་ཞན་པས་རིག་རྩལ་གློག་བརྙན་ལ་ནི་དེ་འདྲའི་གསོན་གནས་ཀྱི་ཁོར་ཡུག་ཡག་པོ་མེད་མོད། འོན་ཀྱང་ད་དུང་ཡང་སྒྱུ་རྩལ་གྱི་བླ་མེད་རིན་ཐང་ལ་རྡོག་པས་མ་བརྫིས་ཤིང་། འཛིན་ཁེ་དང་དངུལ་ལོ་ཡིས་བྲན་དུ་མ་ཚུད་པ་ནི་འཁྲབ་ཁྲིད་པ་ཞུའུ་ཨན་ཧྭ་ཡི་ཆེས་གོང་ན་མཐོ་བའི་སྒྱུ་རྩལ་པའི་བློ་ཁོག་ཏུ་བསམ་མོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།