ཐིག་ལེ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསང་སྔགས་ཀྱི་རྒྱུན་སྡེ་རྣམས་སུ་བསྟན་པའི་མིའི་ལུས་ཀྱི་ཤེས་པ་དང་རྫས་ཀྱི་ཆ་ཤས་སུ་གྱུར་པའི་ཐིག་ལེ་རིགས་གསུམ་སྟེ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། འཁྲུལ་བ་མ་རིག་པའི་ཐིག་ལེ། གཉེན་པོ་རྫས་ཀྱི་ཐིག་ལེ་དང་གསུམ་ཡིན། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་སེམས་ཉིད་དང་། དེ་མ་རྟོག་པའི་འཁྲུལ་བ་མ་རིག་པའི་ཐིག་ལེ་དང་། མ་རིག་པའི་ཐིག་ལེ་དེ་འཆིངས་བྱེད་གཉེན་པོ་རྫས་སྔགས་རླུང་གི་ཐིག་ལེའམ་གཉེན་པོ་ཡེ་ཤེས་ཀྱི་ཐིག་ལེ་སྟེ་གསུམ་ལས། དང་བོ་ནི་གཞིའི་རང་བཞིན་ལ་བཤད་པ་དང་། གཉིས་པ་ནི་གཞིའི་གནས་སྐབས་ལ་བཤད་པ།གསུམ་པ་ནི་ལམ་གྱི་གནས་སྐབས་ལ་བཤད་པ་ཡིན་ནོ། །
1 རྩ་བ་སྤྲོས་བྲལ་གྱི་ཐིག་ལེ།

རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཡོད་པའི་ངོ་བོ་རང་གི་སེམས་གདོད་མ་ནས་གསལ་རིག་ལྷན་ཅིག་སྐྱེས་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་བ་ཆོས་སྐུ་དེ་ཉིད་ཡིན་ནོ། ། རང་བཞིན་ནི་རྣམ་པ་ཡིན་ཏེ། ཆོས་སྐུ་དེའི་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཡིན། ཐུགས་རྗེ་ནི་རྟེན་འབྲེལ་གྱི་རང་རྩལ་འགག་པ་མེད་པ་ཅི་ཡང་གྲུབ་པ་ནི་སྤྲུལ་སྐུ་ཡིན་ནོ། ། སྐུ་གསུམ་པོ་དེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་བཞུགས་པའི་རྟགས་ནི་ད་ལྟ་འཁྲུལ་བའི་དུས་སུ་ཡང་། བསྒོམས་སྟོབས་ཀྱིས་ཤེས་པར་གྱུར་ཏེ། ཆོས་སྐུའི་རྟགས་སུ་ཕྱི་ནང་གི་ཆོས་ཐམས་ཅད་རིག་པས་དཔྱད་ན་རིག་ཤེས་རྗེས་དཔག་གི་སྟོང་པ་ཉིད་དུ་འཆར་བ་དང་། ལོངས་སྐུའི་རྟགས་སུ་ཅུང་ཟད་བསྒོམ་པ་ན་ཤའི་མིག་ལའང་དབྱིབས་རིག་དབྱེར་མེད་པའི་རྟགས་བཅུ་འཆར་བ་མཐོང་བ་དང་། སྤྲུལ་སྐུའི་རྟགས་སུ་ཚོགས་དྲུག་གི་ཡུལ་སྣང་་ལ་བྱ་བྱེད་ཀྱི་ནུས་པ་འབྱིན་པ་སྟེ། རྟགས་གསུམ་པོ་དེ་བསླུ་མེད་ཡུལ་གྱི་རྟགས་དང་། ཡུལ་ཅན་གྱི་རྟགས་ནི་རང་རིག་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཡིན་ཏེ། དེ་ཉིད་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཡིན་པར་རྒྱལ་བས་མདོ་རྒྱུད་ཀུན་ཏུ་ལ་ལར་དྲང་དོན་དང་། ལ་ལར་ངེས་དོན་དང་། ལ་ལར་སྦས་དོན་དང་། ལ་ལར་གསལ་བར་གསུངས་པ་ཡིན་ནོ། །

2 འཁྲུལ་བ་མ་རིག་པའི་ཐིག་ལེ།

སྦྱོང་གཞི་སྔགས་རླུང་རྫས་ཀྱི་ཐིག་ལེ་གསུམ་ལ། སྦྱོང་བྱེད་སྔགས་རླུང་རྫས་ཀྱི་ཐིག་ལེ་གསུམ་བཅས་དྲུག་གི་རྣམ་བཞག་ལས། དང་བོ་སྔགས་ཀྱི་ཐིག་ལེ་ནི། སྤྲོས་བྲལ་གྱི་ཐིག་ལེ་རླུང་དང་འགྲོགས་ཤིང་དཀར་དམར་དང་ལྷན་གཅིག་ཏུ་གྱུར་པ་ལས། དཀར་ཆས་འཛིན་པ་དང་དམར་ཆས་གཟུང་བ་བསྐྱེད་པ་ལ་མ་རིག་པ་ཟེར་ཏེ། གཟུང་འཛིན་གཉིས་ཀྱིས་རང་ལ་ཆགས་པ་དང་། གཞན་ལ་སྡང་བ་དང་། བླང་དོར་ལ་རྨོངས་པ་སོགས་ཀྱི་དུག་གསུམ་གྱི་མ་རིག་པ་སྐྱེ། དེས་བསྐྱེད་པའི་འདུ་བྱེད་དང་། རྣམ་ཤེས་ལས་ཀུན་བཏགས་པ་ཚོར་བ། འདུ་ཤེས།འདུ་བྱེད། རྣམ་ཤེས་ཏེ་མིང་བཞི་བོ་དེ་ལ་མིང་དོན་གཉིས་སུ་འཛིན་པའི་འཁྲུལ་བ་ནི་སྦྱང་གཞི་སྔགས་ཀྱི་ཐིག་ལེ་ཡིན། དེའི་གཉེན་པོ་སྔགས་ཀྱི་ཐིག་ལེ་ཟེར། གཉིས་པ་རླུང་གི་ཐིག་ལེ་ནི།བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན་སྟེ་རྐྱེན་གསུམ་གྱི་གཞན་དབང་གིས་བསྐྱོད་པ་ཡིད་ཀྱི་ནུས་པ་ནི་རླུང་གིས་བསྐྱེད་པ་དེ་ལ་སྦྱོང་གཞི་རླུང་གི་ཐིག་ལེ་ཟེར། དེ་འཆིངས་བའམ་རླུང་སྦྱོང་བ་ལ་སྦྱོང་བྱེད་རླུང་གི་ཐིག་ལེ་ཟེར།

3 རྫས་ཀྱི་ཐིག་ལེ།

དབང་ཤེས་ཀྱི་ཡུལ་དུ་སྣང་བའི་དོན་ལྔ་གཟུགས་ཀྱི་ཕུང་བོ་ལ། ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས་སྦྱང་གཞི་རྫས་ཀྱི་ཐིག་ལེ་དང་། དེ་སྦྱོང་བྱེད་དྭངས་སྙིགས་ཀྱི་ཐིག་ལེ་འཆིངས་བའི་རིམ་པ་ལ་སྦྱོང་བྱེད་རྫས་ཀྱི་ཐིག་ལེ་ཞེས་ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-10

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།