མཛོད་བདག་ལྷ་རི་དྲེའུ་དཀར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མཛོད་བདག་ལྷ་རི་དྲེའུ་དཀར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོའི་གཞི་བདག་ཅིག)

མཛོད་བདག་ལྷ་རི་དྲེའུ་དཀར་འདིའི་གནས་རི་ནི་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4554ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
左德禾拉日支盖
ལ་ཏིང་གི་མིང་།
mdzod bdag lha ri dre’u dkar
རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི4554
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ།
གནས་ཡུལ།
ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཡོད།
1 ངོ་སྤྲོད།

མཛོད་བདག་ལྷ་རི་དྲེའུ་དཀར་འདིའི་གནས་རི་ནི་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4554ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད34°49′ཡི་མཚམས་དང་། ཤར་གྱི་གཞུང་ཚད99°10′ཡི་མཚམས་ན་ཡོད།  གནས་འདིར་རི་དྭགས་དང་གཅན་གཟན་གྱི་རིགས་ལ་དྲེད་མོང་དང་།  སྤྱང་ཀི།  ཤྭ་བ།  གནའ་བ།  གསའ།  གཡི་དཀར་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་།  ཐང་ནག  གླག་རྒོད།  ཁྲ།  ཁྭ་ཏ་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གསོམ་པ་དཀར་ནག་དང་།  ཤུག་པ།  སྤེན་མ་དཀར་ནག  གླང་མ།  ལྕང་མ།  གངས་ལྷ་མེ་ཏོག  སྲོ་ལོ་དཀར་པོ།  བོང་ང་དཀར་པོ།  སྤང་རྩི་དོ་བོ་སོགས་སྔོ་སྨན་རིགས་སྣ་ཚོགས་ཡོད།  ངག་རྒྱུན་ལ། རི་འདིའི་གནས་བདག་ནི་ཨ་མྱེས་རྨ་རྒྱལ་གྱི་གཏེར་མཛོད་ཐམས་ཅད་ཀྱི་བདག་པོ་ཡིན་པ་དང་། དྲེའུ་དཀར་བོ་ཞིག་ལ་བཅིབས་པས་མིང་ཡང་དེ་སྐད་དུ་ཐོགས་པར་བཤད།

2 འབྲེལ་ཡོད་ངག་རྒྱུན།
2_1 ངག་རྒྱུན་ཁག་དང་པོ།

སྔོན་ཆད་ས་ཆ་འདིར་རྔོན་པ་གཉིས་ཡོད་པ་ལས། གཅིག་ནི་སྒྲུང་བཤད་པར་ཤིན་ཏུ་མཁས་ཤིང་། ཅིག་ཤོས་ལྷ་འདྲེ་མངོན་སུམ་དུ་མཐོང་བ་ཞིག་ཡིན་སྐད། ཉིན་ཞིག་རྔོན་པ་དེ་གཉིས་ཀྱིས་ལྷ་རི་དྲེའུ་དཀར་གྱི་ཉེ་འཁོར་དུ་རི་དྭགས་གཤོར་སྐབས། ཉིན་བཅུ་ལྷག་ལ་རི་དྭགས་གཅིག་ཀྱང་བརྔོན་རྒྱུ་མ་བྱུང་། ནུབ་ཅིག་གནས་རིའི་ཉེ་འདབས་སུ་་རྔོན་པ་སྒྲུང་པས་སྒྲུང་བཤད། ཅུང་འགོར་རྗེས་རྔོན་པ་མངོན་ཤེས་ཅན་དེས་ཡུལ་དེའི་མི་མིན་འབྱུང་པོ་དང་ཡུལ་ལྷ་གཞི་བདག་མང་པོ་ཡང་ཁོ་གཉིས་ཀའི་མཐར་རུབ་ནས་སྒྲུང་ལ་ཉན་བཞིན་པ་མཐོང་། སྒྲུང་བཤད་ནས་མཇུག་རྫོགས་པ་ན། གཞི་བདག་རྣམས་དགྱེས་ནས་མགྲིན་གཅིག་ཏུ་རྔོན་པ་སྒྲུང་པ་ལ་ལེགས་སོ་ལེགས་སོ་ཞེས་བརྗོད། ངག་མི་བདེ་བའི་གཞི་བདག་ཅིག་ཡོད་པ་དེས་སྒྲ་མ་འཁྱོངས་པར་ལེགས་ཤོ་ལེགས་ཤོ་ཞེས་བརྗོད་པ་ན། རྔོན་པ་མངོན་ཤེས་ཅན་དེ་དབང་མེད་དུ་གད་མོ་ཤོར། སྒྲུང་པས་རང་ལ་འཕྱ་སྨོད་བྱས་སོང་སྙམ་ནས་ཚིག་པ་ཟོས་ཏེ་ཁ་རྡུང་བཏང་བས་ཁོ་གཉིས་ཁ་འཁོན་བྱས། རྔོན་པ་གཉིས་མ་མཐུན་པ་མཐོང་ནས། གཞི་བདག་རྣམས་ཀྱིས་གཞི་བདག་སྨྲ་དིག་པ་དེ་ལ་ལེ་བདའ་དང་བཅས། སྒྲུང་པ་འདིའི་སྒྲུང་སྙན་ཡང་། ཁྱོད་ལ་ལན་པས་འདི་གཉིས་ཀྱིས་ཁ་འཁོན་བྱས། ཁྱོད་ཨ་མྱེས་རྨ་རྒྱལ་གྱི་མཛོད་བདག་ཡིན་པས་འདི་གཉིས་ལ་དངོས་གྲུབ་ཅིག་གནང་དགོས་ཞེས་སྨྲས་པ་ན། གཞི་བདག་དེས་ཡིད་ཕམ་དང་བཅས། བདག་ནི་ཨ་མྱེས་རྨ་རྒྱལ་གྱི་མཛོད་བདག་ཡིན་ནའང་གཞན་ལ་སྟེར་བའི་དབང་ཆ་ནི་མེད། རང་ལ་དབང་བའི་སྒོ་ཕྱུགས་ཤིག་ཡོད་པ་དེ་སྟེར་རྒྱུ་ལས་ཐབས་གཞན་མི་འདུག་ཅེས་སྨྲས་ཏེ་ཐམས་ཅད་སླར་རང་གནས་སུ་གཤེགས་སྐད། གཞི་བདག་རྣམས་ཕྱིར་སོང་རྗེས། རྔོན་པ་མངོན་ཤེས་ཅན་དེས་རང་ཉིད་གད་མོ་ཤོར་བའི་རྒྱུ་མཚན་རྣམས་སྨྲས་པས་ཁོ་གཉིས་སླར་ཡང་མཐུན་ཏེ་ཡུལ་དེར་ཞག་སྡོད་བྱས། ཕྱི་ཉིན་ནམ་ལངས་པ་ན། རྔོན་པ་གཉིས་དང་ཐག་མི་རིང་བའི་སར་སུག་བཞི་འདམ་ལ་ཟུག་པའི་ཤྭ་བ་ཞིག་ཡོད་པ་མཐོང་ལ། རྔོན་པ་གཉིས་ཀྱིས་ཀྱང་དེ་ནི་མཛོད་བདག་གིས་གནང་བའི་དངོས་གྲུབ་ཡིན་པ་ཤེས་ནས་ཤྭ་བ་དེ་བསད་ནས་ཕྱིར་རང་ཡུལ་ལ་ལོག་པར་གྲགས།

2_2 ​ངག་རྒྱུན་ཁག་གཉིས་པ།

ཕལ་ཆེར་ལོ་སུམ་བརྒྱའི་ཡར་སྔོན་དུ་ཨ་རིག་གིས་ས་ཆ་འདིར་དབང་བསྒྱུར་དུས། མཛོད་བདག་ལྷ་རི་དྲེའུ་དཀར་གྱི་ཉེ་འདབས་སུ་ཧ་ཅང་དབུལ་བའི་མ་བུ་གཉིས་ཡོད་ཅིང་། མ་བུ་དེ་གཉིས་ལ་ཉིན་རེར་ཟས་ཐུན་ཚིགས་གཅིག་ལས་ཟ་རྒྱུ་མེད། མ་བུ་དེ་གཉིས་ཀྱིས་ཉིན་བཞིན་ཟས་ཐུན་གཅིག་གི་ཁ་ཟས་དེ་ཆ་ཤས་གསུམ་དུ་བགོས་ནས། གཅིག་མས་ཟ་བ་དང་།  གཅིག་བུས་ཟ་བ།  གཅིག་མཛོད་བདག་ལ་མཆོད་ཀྱིན་ཡོད།  ཉིན་ཞིག་གི་ཚེ་ན། མ་བུ་གཉིས་ཀྱིས་མཛོད་བདག་གི་རི་ཁུག་ཅིག་ན་གར་ཡོང་མི་གསལ་བའི་ལུག་གྭ་བ་བཅུ་དྲུག་ཡོད་པ་མཐོང་ཞིང་། དེ་རྣམས་འཚོས་ནས་མ་བུ་གཉིས་ཀྱིས་འཚོ་བ་སྐྱིད་པོ་རོལ། ལུག་བཅུ་དྲུག་དེ་ཉིན་རེར་ལྡབ་གཅིག་རེས་ཇེ་མང་དུ་སོང་ནས་མཐར་བགྲང་གིས་མི་ལངས་པའི་ལུག་ཁྱུ་ཆེན་པོ་ཞིག་ཏུ་འཕེལ་བ་དང་། ཕྱིས་ཡུལ་མི་ཀུན་གྱིས་མ་བུ་དེ་གཉིས་ལ་ཨ་རིག་ལུག་མང་ཚང་ཞེས་འབོད་པ་བྱུང་ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།