མང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མང་རྫོང་།
མང་རྫོང་ཞེས་པ་ནི་མདོ་དབུས་མཐོ་གཞོངས་ཀྱི་བྱང་ཤར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6649.7དང་། མི་གྲངས་ཁྲི་ཚོ7.35ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)། སའི་གོ་ལའི་བྱང་གི་འཕྲེད་ཚད35°09′ནས36°08′ཀྱི་མཚམས་དང་། ཤར་གྱི་གཞུང་ཚད100°13′ནས100°33′གྱི་མཚམས་ན་ཡོད། རྫོང་མི་དམངས་སྲིད་གཞུང་ནི་མང་ཆུ་གྲོང་རྡལ་དུ་ཆགས་ཡོད། དེ་ནས་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ157ཡོད། རྫོང་འདིའི་ཤར་རྒྱུད་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་། ལྷོ་རྒྱུད་དུ་མཚོ་ལྷོ་ཁུལ་གྱི་འབའ་རྫོང་། ནུབ་རྒྱུད་དུ་བྲག་དཀར་རྫོང་དང་གསེར་ཆེན་རྫོང་། བྱང་རྒྱུད་དུ་ཁྲི་ཀ་རྫོང་བཅས་དང་མཐའ་འབྲེལ་ནས་ཡོད། རྫོང་འདིའི་མངའ་ཁོངས་སུ་མང་ཆུ་གྲོང་རྡལ་དང་། མགོ་མང་གཞོངས་གྲོང་རྡལ། སུམ་མདོ་ཡུལ་ཚོ། མང་ར་ཡུལ་ཚོ། ཐར་ཤུལ་ཡུལ་ཚོ། བྱ་མདོ་ཡུལ་ཚོ་བཅས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཞི། སྡེ་བ་དོན་གསུམ་བཅས་ཡོད། མང་ཤོས་བོད་རིགས་ཡིན། ས་ཆའི་ཆགས་རིམ་ནི་ཤར་ནས་ནུབ་བྱང་དུ་གསེག་ཡོད་ཅིང་། ལྷོ་རྒྱུད་དུ་རི་མཐོན་པོ་མུ་གཅིག་ཏུ་འབྲེལ་ཡོད་ལ། དབུས་ཁུལ་ནི་ཐང་གཞོངས་ཀྱིས་གྲུབ་ཅིང་ནུབ་བྱང་རྒྱུད་ནི་རྨ་ཆུའི་ལུང་གཞོངས་ས་ཁུལ་ཡིན། རྨ་ཆུ་ནི་རྫོང་འདིའི་ལྷོ་ནུབ་ནས་ནུབ་བྱང་བརྒྱུད་དེ་བྱང་ཤར་དུ་འབབ་ཀྱིན་ཡོད། རྫོང་འདིའི་མངའ་ཁོངས་སུ་ད་དུང་མང་ཆུ་དང་བྱ་ཆུ་སོགས་ཀྱང་འབབ་ཀྱིན་ཡོད། རྫོང་འདིའི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད2.1℃དང་། ཆར་ཞོད་ཀྱི་ཚད་ཧའོ་སྨི398ཡིན། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་སྨི3000ནས3500མཚམས་ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贵南县
ལ་ཏིང་གི་མིང་།
mang rdzong
མིང་གཞན།
ཀོས་ནན།
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།
མངའ་ཁོངས།
མང་ཆུ་གྲོང་རྡལ་དང་། མགོ་མང་གཞོངས་གྲོང་རྡལ། སུམ་མདོ་ཡུལ་ཚོ། མང་ར་ཡུལ་ཚོ་སོགས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཞི་ཡོད།
ཁ་པར་ཨང་རྟགས།
0974
སྦྲག་སྲིད་ཨང་གྲངས།
813100
ས་ཁམས་གནས་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ6649.7
མི་གྲངས།
མི་ཁྲི་ཚོ7.35
མཚོ་འཕགས།
སྨི3000ནས3500
གནམ་གཤིས།
ས་མཐོའི་སྐམ་ས་ཆེན་མོའི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐར་ཤུལ་དགོན་པ།
རླངས་འཁོར་ཨང་རྟགས།
青E
སྲིད་གཞུང་གནས་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མང་ཆུ་གྲོང་རྡལ།
1 ངོ་སྤྲོད།

མང་རྫོང་ཞེས་པ་ནི་མདོ་དབུས་མཐོ་གཞོངས་ཀྱི་བྱང་ཤར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6649.7དང་། མི་གྲངས་ཁྲི་ཚོ7.35ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)།     སའི་གོ་ལའི་བྱང་གི་འཕྲེད་ཚད35°09′ནས36°08′ཀྱི་མཚམས་དང་།  ཤར་གྱི་གཞུང་ཚད100°13′ནས100°33′གྱི་མཚམས་ན་ཡོད།  རྫོང་མི་དམངས་སྲིད་གཞུང་ནི་མང་ཆུ་གྲོང་རྡལ་དུ་ཆགས་ཡོད།  དེ་ནས་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ157ཡོད།  རྫོང་འདིའི་ཤར་རྒྱུད་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་། ལྷོ་རྒྱུད་དུ་མཚོ་ལྷོ་ཁུལ་གྱི་འབའ་རྫོང་། ནུབ་རྒྱུད་དུ་བྲག་དཀར་རྫོང་དང་གསེར་ཆེན་རྫོང་། བྱང་རྒྱུད་དུ་ཁྲི་ཀ་རྫོང་བཅས་དང་མཐའ་འབྲེལ་ནས་ཡོད། རྫོང་འདིའི་མངའ་ཁོངས་སུ་མང་ཆུ་གྲོང་རྡལ་དང་། མགོ་མང་གཞོངས་གྲོང་རྡལ། སུམ་མདོ་ཡུལ་ཚོ། མང་ར་ཡུལ་ཚོ། ཐར་ཤུལ་ཡུལ་ཚོ། བྱ་མདོ་ཡུལ་ཚོ་བཅས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཞི། སྡེ་བ་དོན་གསུམ་བཅས་ཡོད། མང་ཤོས་བོད་རིགས་ཡིན། ས་ཆའི་ཆགས་རིམ་ནི་ཤར་ནས་ནུབ་བྱང་དུ་གསེག་ཡོད་ཅིང་། ལྷོ་རྒྱུད་དུ་རི་མཐོན་པོ་མུ་གཅིག་ཏུ་འབྲེལ་ཡོད་ལ།  དབུས་ཁུལ་ནི་ཐང་གཞོངས་ཀྱིས་གྲུབ་ཅིང་ནུབ་བྱང་རྒྱུད་ནི་རྨ་ཆུའི་ལུང་གཞོངས་ས་ཁུལ་ཡིན། རྨ་ཆུ་ནི་རྫོང་འདིའི་ལྷོ་ནུབ་ནས་ནུབ་བྱང་བརྒྱུད་དེ་བྱང་ཤར་དུ་འབབ་ཀྱིན་ཡོད། རྫོང་འདིའི་མངའ་ཁོངས་སུ་ད་དུང་མང་ཆུ་དང་བྱ་ཆུ་སོགས་ཀྱང་འབབ་ཀྱིན་ཡོད།  རྫོང་འདིའི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད2.1℃དང་།  ཆར་ཞོད་ཀྱི་ཚད་ཧའོ་སྨི398ཡིན། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་སྨི3000ནས3500མཚམས་ན་ཡོད།

མང་རྫོང་གི་ས་རྒྱ་ཆེ་ཞིང་རི་ལུང་མཛེས་སྡུག་དང་ལྡན་པའི་ཁར། རིག་གནས་ཀྱི་གཟི་བྱིན་འབར་ལ།   གཏེར་སྣ་གང་མང་འཛོམས་ཤིང་།  ཡུལ་སྲོལ་བབ་ཆགས་ཡིན་ལ། ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རྣམ་པས་ཀྱང་ཁེངས་ཡོད་དེ། མདོ་རྩེ་རི་བོ་འཕྲེད་དུ་ཆགས་ཡོད་ལ་མང་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་པ། ཇིད་པར་དང་མོ་ཆུའི་གདོད་མའི་ནགས་ཚལ་ཚང་ཚིང་དུ་འཁྲིགས་པ། ཨ་མྱེས་བྲག་དཀར་རི་བོའི་དབུ་རྩེ་གངས་ཀྱིས་བརྒྱན་ཡོད་པར་མ་ཟད། ད་དུང་འདིའི་དབུ་རྩེ་དང་ཉེ་སར་འགོ་བའི་གཡུ་མཚོ་ནི་གཡུའི་ཕྲ་ཚོམ་བཏབ་པ་བཞིན་ལྗང་མེར་རེར་གནས་ཡོད།  རྫོང་ཡོངས་སུ་དགོན་སྡེ་ཆེ་ཆུང་བཅོ་བརྒྱད་ཡོད་པ་དང་སྒོས་སུ་ཐར་ཤུལ་དགོན་དང་རྙེ་དགོན་གྱི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་འདུག་ཅིང་།  ལྷག་པར་དུ་ལོ་རྒྱུས་རིག་གནས་ཀྱི་རྔམས་མཐུག་པའི་རབ་འོག་གི་ཆི་ཀྱཱ་རིག་གནས་དང་ཁ་འོག་རིག་གནས་ཀྱི་གནའ་ཤུལ་ནི། རྡོ་ཆས་ཞིབ་རྫས་མཚོན་པའི་རྡོ་ཆས་བར་མའི་དུས་རབས་ཀྱི་རིག་གནས་གནའ་ཤུལ་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་བདུན་སྟོང་ལྷག་འགོར་ཡོད། འདི་ནི་མཚོ་སྔོན་ས་ཁུལ་དུ་གསར་རྙེད་བྱུང་བའི་མིའི་རིགས་འཚོ་སྡོད་བྱས་པ་ཆེས་སྔ་བའི་གནའ་ཤུལ་གྱི་གྲས་ཡིན་པས་ན་རྒྱལ་ཡོངས་སུའང་སྐད་གྲགས་ཆེའོ། །

2 མངའ་ཁོངས།

མང་རྫོང་གི་མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་དང་དཔལ་འབྱོར་གྱི་རིན་ཐང་ཅུང་མཐོ་བའི་སྔོ་སྨན་གྱི་རིགས་ཕུན་སུམ་ཚོགས་པ་ཡོད་པ་སྟེ། གཙོ་བོར་དབྱར་རྩྭ་དགུན་འབུ་དང་། མེ་ཏོག་གངས་ལྷ། སྙི་བ། མཚེ་ལྡུམ། ཀྱི་ལྕེ། སྟག་མ། ལྕུམ་རྩ། སྤྲུ་ནག    སྲད་དཀར་སོགས་ཡོད་ལ། ཤ་བ་སེར་ཆེན་དང་། གླ་བ། དོམ་ནག   གཟིག   གསའ།   གཡི།  ཝ།  གནའ། གཉན།  དགོ་བ། སྤྱང་ཀི   འཕྱི་བ་སོགས་རི་དྭགས་ཀྱི་རིགས་དང་།  གླག་དང་། བྱེའུ་ཅོ་ག  འཇོལ་མོ། གོང་མོ། ཕ་ཝང་། སྲེག་པ་སོགས་འདབ་ཆགས་དཀོན་པོའི་རིགས་ཀྱང་ཡོད།

《མང་རྫོང་གི་ཡུལ་རབས》སུ་བཀོད་པ་ལྟར་ན། མང་རྫོང་ནི་གནའ་བོའི་ཆའང་རིགས་ཀྱི་མངའ་ཁུལ་དུ་གཏོགས་ཤིང་། ཅིན་ཤར་མའི་སྐབས་ཀྱི་རྒྱལ་ཁབ་བཅུ་དྲུག་གི་དུས་སུ། མང་རྫོང་ས་ཁུལ་ལ་ཧྲ་ཀྲིག་ཏུ་འབོད་ཅིང་། ཅིན་རྒྱལ་རབས་ཀྱི་སྐབས་སུ་འ་ཞ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས། སུའེ་དང་ཐང་རྒྱལ་རབས་ཀྱི་སྐབས་སུ་ཐུ་བྷོད་བཙན་པོའི་མངའ་འོག་ཡིན། རྒྱལ་རབས་ལྔའི་སྐབས་ནས་སུང་རྒྱལ་རབས་ཀྱི་བར་དུ་ཐུ་བྷོད་རྒྱལ་རྒྱུད་དམ་ཙོང་ཁའི་རྒྱལ་པོ་ཇོ་སྲས་ལགས་ཀྱི་མངའ་འོག་ཡིན། ཡོན་དང་མིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་ཁྲི་ཀ་སུའོ་ཡི་མངའ་ཁོངས་སུ་གཏོགས། ཆིང་རྒྱལ་རབས་ཀྱི་སྐབས་སུ་ཁྲི་ཀ་ཐིན་གྱི་མངའ་འོག་ཡིན། ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་སྲིད་ལོ2པ་སྟེ། སྤྱི་ལོ1913ལོར་ཁྲི་ཀ་ཐིན་དེ་ཁྲི་ཀ་རྫོང་དུ་བསྒྱུར་ཅིང་། ད་ལྟའི་མང་རྫོང་ས་ཁུལ་ནི་ཁྲི་ཀ་རྫོང་གི་ཁོངས་སུ་སྦྱར།  ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་སྲིད་ལོ24བ་སྟེ། སྤྱི་ལོ1935ལོར་ཀླུ་ཚང་དང་། བོན་སྐོར་ཚོ་བ་དང་། ཞབས་དྲུང་དཀར་པོའི་མངའ་རིས་ཏེ་མང་འབའ་བྱ་གསུམ་བཅས་འབའ་རྫོང་གི་ཁོངས་སུ་སྦྱར། སྤྱི་ལོ1953ལོའི་ཟླ7པར་མང་རྫོང་བཙུགས་ཤིང་། ཁྲི་ཀ་རྫོང་གི་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དང་སྐབས་དེའི་འབའ་རྫོང་གི་ཀླུ་ཚང་དང་། བོན་སྐོར་ཚོ་བ། མང་འབའ་བྱ་གསུམ་ཁོངས་གཏོགས་ཀྱི་མང་ར་དང་བྱ་མདོ་བཅས་མང་རྫོང་གི་མངའ་ཁོངས་སུ་གཏོགས་པར་བྱས། ལོ་དེར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ལ། མང་རྫོང་ཡང་ཁུལ་གཏོགས་ཀྱི་རྫོང་ལྔའི་གྲས་སུ་བསྡུས།  ཀོས་ནན་ཞེས་པ་རྒྱ་སྐད་དེ་ཁྲི་ལྷོ་ཞེས་པའི་དོན་ཡིན། ཁྲི་ཀ་རྫོང་གི་ལྷོ་ཕྱོགས་སུ་ཡོད་པས་མིང་ཡང་དེ་ལྟར་དུ་བཏགས། བོད་སྐད་དུ་མང་ར་རྫོང་ངམ་མང་རྫོང་དུ་འབོད་ལ། མིང་དེ་ཡང་སྔོན་དུས་མང་འབའ་བྱ་གསུམ་དུ་གྲགས་པ་ལས་མང་ར་ཞེས་པའི་བརྡ་ཟུར་དྲངས་ཏེ་ཐོགས་པ་ཞིག་གོ །  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།