ཨ་མྱེས་བ་ཡན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཨ་མྱེས་བ་ཡན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མང་རྫོང་སུམ་མདོ་ཡུལ་ཚོའི་གཞི་བདག་ཅིག)

འདིའི་གནས་རི་ནི་སུམ་མདོ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ60ཡི་མཚམས་ན་ཡོད་པའི་བ་ཡན་ཞེས་པའི་རྫ་རི་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿尼哇彦
རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི4386
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་མང་རྫོང་སུམ་མདོ་ཡུལ་ཚོ།
གནས་ཡུལ།
སུམ་མདོ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ60ཡི་མཚམས་ན་ཡོད།
1 ངོ་སྤྲོད།

འདིའི་གནས་རི་ནི་སུམ་མདོ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ60ཡི་མཚམས་ན་ཡོད་པའི་བ་ཡན་ཞེས་པའི་རྫ་རི་དེ་ཡིན་ཞིང༌། མཐོ་ཚད་ནི་མཚོ་ངོས་ལས་སྨི4386ཡིན། རི་རྒྱུད་ཤར་ནས་ནུབ་ཏུ་མཆེད། སའི་གོ་ལའི་བྱང་གི་འཕྲེད་ཚད35°31′ནས་ཤར་གྱི་གཞུང་ཚད100°55′མཚམས་ན་ཡོད།

སྔོན་ཆད་གནས་འདིར་གནའ་དང་དགོ་བ། གླ་བ། སྤྱང་ཁུ། རི་བོང༌། ཝ། བྱ་ཝང༌། དེ་ཕོ། གོང་མོ། གླང་མ། ཤུག་པ། གསོམ་པ། རྩི་ཏོ་དང་རམ་པ། རི་སྒོག ཅ་རིལ། སྲོ་ལོ། གཡའ་ཀྱི་མ། སུམ་ཅུ་ཏིག དབྱར་རྩྭ་དགུན་འབུ་སོགས་ཡོད་མོད། ད་ལྟ་གནའ་དང་གླ་སོགས་མཐོང་རྒྱུ་མི་འདུག་ཅིང་རྩི་ཤིང་སོགས་ཀྱང་ཇེ་ཉུང་ལ་འགྲོ་བཞིན་ཡོད།

ངག་རྒྱུན་ལ། གཞི་བདག་འདི་ཨ་མྱེས་རྨ་ཆེན་གྱི་བཀའ་སྡོད་མཐོན་པོ་བཅུ་གསུམ་གྱི་ནང་ཚན་ཞིག་ཡིན་པར་བཤད། ཁོ་སྒེའུ་ལྷ་མོ་སྤུན་གསུམ་གནས་ལ་འགྲོ་དུས་ཀྱི་བར་བ་དང༌། བྲག་དཀར་རྫོང་ཁོངས་ཀྱི་བ་ཡན་ནི་ཁོའི་ནུ་བོ་ཡིན་ཏེ། ཇག་ལ་སོང་ནས་ཕྱིར་ཡོང་དུས་རྨ་ཆུས་བཀག་སྟེ་ས་དེར་ལུས་པར་བཤད།

ཨ་མྱེས་བ་ཡན་གྱིས་སློབ་དཔོན་པད་མའི་སྤྱན་སྔར་བསྟན་པ་སྐྱོང་བའི་གཡར་དམ་བཅས། རྨ་ཡི་བཀའ་སྡོད་མཐོན་པོ་བཅུ་གསུམ་གྱི་ནང་ཚན་ཏེ་གཏེར་བདག་ཅིག་ཡིན། ཆ་ལུགས་སྔགས་བོན་གཞོན་ནུའི་ཚུལ་དུ་སྐུ་མདོག་དམར་གསལ་ཁྲོ་འཛུམ་སྒེག་པའི་ཉམས་དང་ལྡན་པ་དར་དམར་བེར་གསོལ་ཞིང༌། གཡུ་ཡི་ལ་ཐོད་དཀྲིས་པ། ཕྱག་གཡས་པས་ལྡེ་མིག་དང་གཡོན་པས་གཏེར་སྒྲོམ་བསྣམས་པ། ཟ་འོག་ཁྲི་ལ་བཞུགས་ཤིང་གསང་ཡུམ་སྨན་བཙུན་ཡིད་འོང་མཛེས་མས་མདའ་དར་མེ་ལོང་དང་ཟས་ཀྱི་གཞོང་བ་འཛིན་པར་བཤད། ཁོང་རེས་འགའ་སྟག་ཤར་དཔའ་བོའི་ཆ་ལུགས་ཀྱིས་མདའ་དར་བསྣམས་ཤིང་མགྱོགས་པའི་རྟ་དཀར་འཆིབ་ཅིང་རེས་འགའ་ཙི་ནའི་དཔོན་ཆེན་མཛེས་པའི་ཚུལ་དུ་དབང་སྔོན་མདངས་འཛིན་ལྷུན་གྲུབ་ན་བཟའ་གཡོ་བ་སོགས་ཆ་ལུགས་གཅིག་ཏུ་མ་ངེས་པར་དུ་མའི་རྣམ་འགྱུར་ཅན་ཞིག་ཡིན་པར་བཤད།

བོན་བརྒྱའི་གཡུང་དྲུང་ལྷུན་འགྲུབ་ཀྱི《བསང་ཡིག་བཀྲ་ཤིས་འཁྱིལ་བ》རུ་ཡིད་འོང་ཁང་བཟང་གཞལ་མེད་དབུས་རིན་ཆེན་ཁྲི་དང་ཟ་འོག་འབོལ་གདན་སྟེང་དུ་བཞུགས་ཤིང་སྔ་འགྱུར་ན་བསྟན་ལ་སྐྱོང་ཞིང༌། མི་དཀར་བོ་དུང་མདོག་ཅན་ཁྲོ་ཆགས་ཉམས་དང་ལྡན་ཞིང་བླ་མའི་ཚུལ་དུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷབ་ལྷུབ་གཡོ་བའི་གོས་ཆེན་མནབས་ཤིང་གསེར་གྱི་པྲོག་ཞུ་གསོལ་བ། ཕྱག་གཡས་མི་ནུབ་བསྟན་པའི་རྒྱལ་མཚན་དང༌། འཁོར་དུ་རྒྱ་བོད་ཆས་འཛིན་བཀའ་བློན་དང་ལྕམ་སྲིང་ལྷ་སྲས་གྲངས་མེད་པས་བསྐོར་ཅིང༌། རེ་འགར་གཡུ་ཡི་ལ་ཐོད་བཅིངས་ཤིང་དར་གྱི་འགྱིང་བེར་རིན་ཆེན་རྒྱན་ཀྱིས་སྤྲས་པ། གཡས་པ་ལྕགས་ཀྱུས་ཁམས་གསུམ་ཡིད་དབང་འགུགས་ཤིང་གཡོན་པས་ནོར་གཞོང་ཐོགས་ཤིང་རྩལ་ལྡན་གཡག་དཀར་ལ་འཆིབ་པ། སྤུ་གསེབ་ནས་འབྲུ་དྲུག་ཆར་འབེབས་ཤིང་རྨིག་བཞིས་གོད་སྲི་འགོང་བོ་ཐུར་དུ་གནོན། ལན་རེ་ཁྲོ་ཚུལ་རྟ་ནག་རྒྱུགས་གཤོག་འཆིབ་ཅིང་ཁྲབ་རྨོག་དཔའ་ཆས་མདུང་དང་ཞགས་པ་འཛིན། དམ་ཉམས་དགྲ་བགེགས་མ་ལུས་འདུལ་ལ་བརྩོན་ཞིང༌། ནང་འཁོར་དཀར་ཕྱོགས་ཟོ་དོར་བཅུད་གསུམ་དང༌། ཕྱི་འཁོར་ལྷ་ཀླུའི་འཁོར་ཚོགས་བསྐོར་བ་ཞིག་ཡིན་པར་བཤད། གཞི་བདག་འདི་བོན་བརྒྱའི་སྐྱེས་ལྷར་བཀུར།

2 བསང་ཡིག

ཨ་མྱེས་བ་ཡན་གྱི་བསང་མཆོད།

(1)སྐྱེས་ལྷ་ཨ་མྱེས་བ་ཡན་གྱི་བསང་མཆོད་བཀྲ་ཤིས་གཡང་འཁྱིལ།

༄༅།། སང་ལ་གྱེར་རོ་སྐུངས་སོ་པ་ཏ་ཡ། དངོས་གྲུབ་གཏེར་བདག་བ་ཡན་གཡུ་ཐོད་ལ་བསང་མཆོད་བཀྲ་ཤིས་འཁྱིལ་བ་འདུལ་བ་ནི། མཐུན་པའི་དམ་རྫས་མཆོད་གཏེར་ཆོ་གས་བྱིན་གྱིས་བརླབས་ཏེ། བྱིན་རླབས་སྙན་པའི་དབྱངས་ཀྱིས་གྱེར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། བསྭོ། རྣམ་འདྲེན་དབང་བོའི་ཐུགས་བསྐྱེད་རྟ་བདུན་གཟིས།། དགེ་ལེགས་བདེ་སྐྱིད་ན་ར་བཞད་པའི་ཡུལ།། བཀྲ་ཤིས་གཡང་ཆགས་འབའ་སྟོད་ས་ཡི་ཆ།། ངོ་མཚར་ལྷུན་སྟུག་ས་འཛིན་དབང་བོའི་སྤོར།། འཇའ་ཚོན་སྤྲིན་གུར་མཛེས་སྡུག་ཆུ་སྐྱེས་བཀྲ།། རི་དྭགས་རྩེ་བྲོ་འཇོ་སྒེག་དང་བ་སྤྲོ།། རྐང་འཐུང་ཚལ་ལ་གཉིས་སྐྱེས་འཕུར་ལྡིང་གཡོ།། གཙང་ཆབ་གཡས་འཁྱིལ་ངང་ངུར་ཉ་སྲམ་འཕྱོ།། བདེ་སྐྱིད་ངོ་མཚར་སྐབས་གསུམ་དཔལ་ལ་འཁུ།། དེ་འདྲའི་ཡིད་འོང་ཁང་བཟང་གཞལ་མེད་དབུས།། རིན་ཆེན་ཁྲི་དང་ཟ་འོག་འབོལ་གདན་སྟེང༌།། མཐོན་པོ་བཅུ་གསུམ་རྩེ་འཛིན་བ་ཡན་ཞེས།། སྔ་འགྱུར་གསང་ཆེན་བསྟན་ལ་དགའ་བའི་ལྷ།། མི་དཀར་དུང་མདོག་ཁྲོ་ཆགས་སྒེག་པའི་ཉམས།། བླ་མའི་ཚུལ་འཛིན་སེམས་དཔའི་སྐྱིལ་ཀྲུང་བཞུགས།། ལྷབ་ལྷུབ་གོས་ཆེན་གསེར་གྱི་པྲོག་ཞུ་གསོལ།། ཕྱག་གཡས་མི་ནུབ་བསྟན་པའི་རྒྱལ་མཚན་དང༌།། འཁོར་དུ་རྒྱ་བོད་ཆས་འཛིན་བཀའ་བློན་དང༌།། ལྕམ་སྲིང་ལྷ་སྲས་གྲངས་མེད་བསམ་འདས་བསྐོར།། རེ་འགའ་སྣང་སྲིད་དབང་སྡུད་གཡང་གི་རྗེ།། སྐུ་མདོག་དཀར་གསལ་གཡུ་ཡི་ལ་ཐོད་བཅིངས།། དར་གྱི་འགྱིང་བེར་རིན་ཆེན་རྒྱན་གྱིས་སྤྲས།། གཡས་པ་ལྕགས་ཀྱུས་ཁམས་གསུམ་ཡིད་དབང་འགུགས།། གཡོན་པ་ནོར་གཞོང་དངོས་གྲུབ་ཆར་དུ་བསྙིལ།། རོལ་བའི་སྟབས་ཀྱིས་རྩལ་ལྡན་གཡག་དཀར་འཆིབ།། རྫུ་འཕྲུལ་སྤུ་གསེབ་འབྲུ་དྲུག་ཆར་བ་འབེབ།། རྨིག་བཞིས་གོད་སྲི་འགོང་བོ་ཐུར་དུ་གནོན།། ལན་རེ་ཁྲོ་ཚུལ་རྟ་ནག་རྒྱུགས་གཤོག་འཆིབ།། ཁྲབ་རྨོག་དཔའི་ཆས་མདུང་དང་ཞགས་པ་འཛིན།། དམ་ཉམས་དགྲ་བགེགས་མ་ལུས་འདུལ་ལ་བརྩོན།། ངོ་བོ་གཅིག་ལས་ཆུ་ཟླའི་རོལ་གར་བཞིན།། གང་འཚམ་དེ་འདྲར་སྟོན་པའི་ལྷ་ཆེན་པོ།། ནང་འཁོར་དཀར་ཕྱོགས་ཟོ་དོར་བཅུད་གསུམ་དང༌།། ཕྱི་འཁོར་ལྷ་ཀླུའི་འཁོར་ཚོགས་མ་ལུས་པ།། རྣལ་འབྱོར་གདུང་བའི་དབྱངས་དང་སྙན་པའི་སྒྲ།། ཏིང་འཛིན་ཡིད་ཀྱིས་འབོད་དོ་ད་ཚུར་བྱོན།། སྔགས་ཚིག་ཏིང་འཛིན་ཕྱག་རྒྱས་བྱིན་བརླབས་པའི།། ཕྱི་ནང་གསང་གསུམ་དམ་རྫས་སྤྱན་གཟིགས་དང༌།། དཀར་གསུམ་མང་གསུམ་འབྲུ་སྣ་ཇ་ཆང་སྐྱེམས།། ཕྱེ་མར་ཤིང་རྩི་དྲི་ཞིམ་བསང་གསུར་སྤོས།། བར་སྣང་ཁྱོན་གང་ཀུན་བཟང་མཆོད་པའི་སྤྲིན།། སྤྲོས་བྲལ་རིག་གདངས་ཡོངས་གྲུབ་དག་ཆེན་ཀློང༌།། ཡེ་ཤེས་སྒྱུ་འཕྲུལ་གར་དང་བཅས་ཏེ་འབུལ།། དགྱེས་པས་བཞེས་ལ་ལྷ་ཞལ་གསལ་བར་སྟོན།། མི་མཐུན་འགལ་རྐྱེན་བར་ཆད་ཞི་བར་མཛོད།། ཚེ་བསོད་དཔལ་འབྱོར་ལས་ཀླུང་དགུང་དུ་སྤོར།། ལྷ་འདྲེ་མི་གསུམ་ཟས་ནོར་དབང་དུ་བསྡུས།། གནོད་བྱེད་དགྲ་བགེགས་མངོན་སྤྱོད་དྲག་པས་སྒྲོལ།། ཁྱད་པར་བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས།། རྣམ་དཀར་དགེ་ཚོགས་ཡར་ངོའི་ཟླ་ལྟར་སྤེལ།། ནད་མུག་མཚོན་འཁྲུག་འཇིག་རྟེན་རྒུད་པ་སེལ།། རྫོགས་ལྡན་གསར་བའི་དཔལ་ལ་སྤྱོད་པར་མཛོད།། བསྭོ་བ་ཀི་བསྭོ་ཆའོ་ལྷ་རྒྱལ་ལོ།། ཞེས་བསང་མཆོད་བཀྲ་ཤིས་གཡང་འཁྱིལ་འདི་ནི་དགུན་ཟླ་འབྲིང་བོའི་ཚེས་བཅུའི་ཐོ་རེངས་ཀྱི་ཆ་ལ་རྨི་ལམ་ཉམས་སྣང་གི་འཕྲུལ་ཚུལ་དེ་འདྲ་བྱུང་ཚེ། བོན་རྒྱའི་སྤྲུལ་མིང་བ་གཡུང་དྲུང་འགྱུར་མེད་རྩལ་གྱིས་གང་དྲན་བབ་ཅོལ་དུ་སྨྲས་པ་དགེ་བར་གྱུར་ཅིག

(2)ཨ་མྱེས་བ་ཡན་གཡུ་ཐོད་ཀྱི་བསང་ཡིག

༄༅།། ཨོཾ་སྭ་སྟི། རྨད་བྱུང་ཐུགས་བསྐྱེད་སྤྲིན་གྱི་གདེངས་ཀ་ལས།། མཐོན་པོ་དགེ་ལེགས་མཛད་པའི་ཆར་རྒྱུན་གྱིས།། སྐྱེ་དགུའི་ཕན་བདེ་ལོ་ཏོག་རྒྱས་མཛད་པ།། ཐུབ་དབང་རྒྱུད་པར་བཅས་པས་བྱིན་ཆེན་ཕོབས།། རྒྱལ་ཀུན་གསང་གསུམ་མཁྱེན་བརྩེ་ནུས་དཔལ་རྣམས།། གཅིག་བསྡུས་གྲུབ་དབང་པད་མ་སམ་བྷ་ཝའི།། གཡར་དམ་འགྱུར་མེད་རྡོ་རྗེ་རི་མོའི་རྒྱ།། ལྷ་སྲིན་དྲག་པོའི་གཙུག་ཏུ་ལྕི་བར་མཛད།། ཆོས་ཀུན་རང་བཞིན་འགྲོ་འོང་གནས་མེད་ཀྱང༌།། ཆོས་ཅན་སྣང་བ་འགག་མེད་ཆུ་ཟླ་བཞིན།། ཆོས་ཉིད་གཅིག་ལས་དུ་མའི་རོལ་གར་གྱིས།། ཆོས་ལྡན་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་ལྷ།། རྨ་ཡི་བཀའ་སྡོད་མཐོན་པོ་བཅུ་གསུམ་གྱི།། ནང་ཚན་བ་ཡན་ཞེས་གྲགས་ས་འཛིན་ལ།། གནས་པའི་གཏེར་བདག་སྔགས་བོན་གཞོན་ནུའི་ཚུལ།། སྐུ་མདོག་དམར་གསལ་ཁྲོ་འཛུམ་སྒེག་པའི་ཉམས།། དར་དམར་བེར་གསོལ་གཡུ་ཡི་ལ་ཐོད་མཛེས།། གཡས་པས་ལྡེ་མིག་གཡོན་པས་གཏེར་སྒྲོམ་བསྣམས།། ཞབས་གཉིས་རོལ་སྟབས་ཟ་འོག་ཁྲི་ལ་བཞུགས།། གསང་ཡུམ་སྨན་བཙུན་ཡིད་འོང་མཛེས་པའི་གཟུགས།། མདའ་དར་མེ་ལོང་ཟས་ཀྱི་གཞོང་བ་འཛིན།། རེས་འགའ་སྟག་ཤར་དཔའ་བོའི་ཆ་ལུགས་ཅན།། མདའ་དར་བསྣམས་ཤིང་མགྱོགས་པའི་རྟ་དཀར་འཆིབ།། རེས་འགའ་ཙི་ནའི་དཔོན་ཆེན་མཛེས་པའི་ཚུལ།། དབང་སྔོན་མདངས་འཛིན་ལྷུན་གྲུབ་ན་བཟའ་གཡོ།། གཅིག་ཏུ་མ་ངེས་དུ་མའི་རྣམ་འགྱུར་ཅན།། འཁོར་བཅས་མཆོད་པའི་ཡུལ་དུ་སྤྱན་འདྲེན་ནོ།། དགྱེས་མཛུམ་དགའ་བའི་ཚུལ་གྱིས་གཤེགས་སུ་གསོལ།། ཉེར་སྤྱོད་འདོད་ཡོན་ཇ་ཆང་འོ་ཞོའི་སྐྱེམས།། རྒྱན་ལྡན་གཏོར་ཚོགས་བསང་རྫས་བསྲེགས་པའི་དུད།། གོ་མཚོན་མདའ་མདུང་རལ་གྲི་སྤྱན་གཟིགས་བཀྲ།། སྲོག་ཤིང་གཏེར་བུམ་དར་མཚོན་དམུ་ཐག་དཀྲིས།། སྔགས་བརྒྱ་ཏིང་འཛིན་སྟོབས་བསྐྱེད་བདེན་པའི་མཐུས།། མཛད་མེད་ནམ་མཁའ་མཛོད་དུ་བརླབས་ཏེ་འབུལ།། ཤེས་བཞིན་མི་ལྡན་མི་འཁྲུལ་དབང་གྱུར་པའི།། ཐུགས་དང་འགལ་བའི་ལས་བགྱིས་བཟོད་པར་མཛོད།། དགྱེས་བཞིན་བཞེས་ནས་བདག་ཅག་ཡུལ་འཁོར་བའི།། སྐྱེ་བོ་ཕན་ཚུན་མཐུན་པའི་སེམས་ལྡན་ཞིང༌།། དམག་ཇག་འཁྲུག་རྩོད་ནད་ཡམས་མུ་གེ་སོགས།། མི་མཐུན་རྒུད་པའི་ཚོགས་རྣམས་ཞི་བ་དང༌།། ཁམས་གསུམ་བརྟན་གཡོ་ལེགས་ཚོགས་དབང་འདུ་ཞིང༌།། ཚེ་བསོད་དཔལ་འབྱོར་རླུང་རྟ་སྙན་གྲགས་སོགས།། ཆོས་སྲིད་འདོད་དོན་དབྱར་གྱི་དཔལ་མོ་དང༌།། འགྲོགས་པའི་ཆུ་གཏེར་བཞིན་དུ་འཕེལ་བར་མཛོད།། ལྷ་མཆོག་འཁོར་བཅས་རྟེན་ལ་རྟག་བཞུགས་མཐུས།། ལྷ་མི་ཀུན་གྱི་དམ་པའི་ཆོས་ལ་སྤྱོད།། ལྷ་ཀླུ་མི་ཡི་གཡང་གི་མཚོ་འཁྱིལ་ཏེ།། ལྷ་ངོ་མི་ངོ་ཆོད་པའི་བཀྲ་ཤིས་ཤོག། ལྷ་རྒྱལ་ལོ།། ཅེས་པ་འདི་ཡང་བླུན་རྒན་ཛ་ནས་བྲིས།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།