རི་ཆུང་རྡོ་རྗེ་བདུད་འདུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིའི་གནས་རི་ནི་མང་རྫོང་སུམ་མདོ་ཡུལ་ཚོའི་བྱང་ལྷོ་ཕྱོགས་སུ་སྤྱི་ལེ15སར་གླང་རིན་ཆེན་སྒང་གི་ལྷོ་ནུབ་ཏུ་སྤྱི་ལེ1ཡོད་པའི་རི་ཆུང་ཞེས་པའི་སྤང་རི་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日琼多杰杜德
རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི3552
སྲིད་འཛིན་ཁོངས་གཏོགས།
མང་རྫོང་སུམ་མདོ་ཡུལ་ཚོ།
གནས་ཡུལ།
སུམ་མདོ་ཡུལ་ཚོའི་བྱང་ལྷོ་ཕྱོགས་སུ་སྤྱི་ལེ15སར་ཡོད།
1 ​ངོ་སྤྲོད།

འདིའི་གནས་རི་ནི་མང་རྫོང་སུམ་མདོ་ཡུལ་ཚོའི་བྱང་ལྷོ་ཕྱོགས་སུ་སྤྱི་ལེ15སར་གླང་རིན་ཆེན་སྒང་གི་ལྷོ་ནུབ་ཏུ་སྤྱི་ལེ1ཡོད་པའི་རི་ཆུང་ཞེས་པའི་སྤང་རི་དེ་ཡིན་ཞིང༌། མཐོ་ཚད་རྒྱ་མཚོ་ངོས་ལས་སྨི3552ཡོད། རི་རྒྱུད་ནུབ་བྱང་ནས་ཤར་ལྷོར་མཆེད་འདུག མང་ར་དང་རྩེ་ཁོག་གཉིས་ཀྱི་ས་མཚམས་ཀྱི་གཞུང་ལམ་ཁར་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35°31′ནས་ཤར་གྱི་གཞུང་ཚད100°55′མཚམས་ན་ཡོད།

སྔོན་ཆད་གནས་འདིར་དྲེད་དང་ཤྭ་བ། གནའ། དགོ་བ། གླ་བ། སྤྱང་ཁུ། རི་བོང༌། བྱ་ཝང༌། དེ་བོ། གོང་མོ། གླང་མ། ཤུག་པ། གསོམ་པ། རྩི་ཏོ་དང་རམ་པ། རི་སྒོག ཅ་རིལ་སོགས་དང་། སྨན་ལ་རྩྭ་འཁྲིས། སྤང་རྒྱན། ཀྱི་ལྕེ་སོགས་ཡོད་མོད། ད་ལྟ་གནའ་དང་གླ་སོགས་མཐོང་རྒྱུ་མེད་ཅིང་སྲོག་ཆགས་དང་རྩི་ཤིང་སོགས་ཀྱང་ཇེ་ཉུང་ལ་འགྲོ་བཞིན་ཡོད།

གཞི་བདག་འདིའི་མིང་ལ་རི་ཆུང་རྡོ་རྗེ་བདུད་འདུལ་ཟེར་ཞིང་རྨ་རྒྱལ་གྱི་སྒོ་སྲུང་ཞིག་ཡིན་པར་བཤད། གསར་དུ་བརྩམས་པའི《རི་ཆུང་བདུད་འདུལ་རྡོ་རྗེའི་བསང་མཆོད་ལྷ་གཉན་དགྱེས་པ་སྐྱེད་བྱེད》དུ། རི་ཆུང་རྡོ་རྗེ་བདུད་འདུལ་སྐུ་མདོག་སྨུག་པོ་དབུ་ལ་གསེར་རྨོག་དང་སྐུ་ལ་བསེ་ཁྲབ་གསོལ་པ། དགྲ་སྲོག་གཅོད་པའི་དར་མདུང་དགུང་ལ་འཕྱར་ཞིང་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་མཆན་ཁུང་གཡོན་དུ་འཛིན་པ། ཕྱག་གཡོན་ནོར་གཞོང་བཟུང་ནས་དཀུར་བརྟེན་ཅིང་སག་ལྷམ་གྱོན་ནས་འབྲོང་གཡག་ཞོལ་ཆེན་སེར་བོར་འཆིབ་ཏེ་ཞི་ཁྲོའི་ཉམས་གྱིས་བཞུགས་ཤིང་། གཡས་སུ་སྲས་རྒོད་རྡོ་རྗེ་དགྲ་འདུལ་སྔོན་པོ་གཡས་པས་རལ་གྲི་དང་གཡོན་དུ་ཞགས་པ་འཛིན་པ། དར་ནག་ཐོད་དཀྲིས་བཅིངས་ཤིང་དཔའ་བོའི་ཆས་ཀྱིས་བརྒྱན་ཏེ་རྟ་མཆོག་རྟིང་དཀར་ཆིབས། གཡོན་དུ་ཡུམ་ཆེན་བདེ་ཆེན་གཡུ་སྒྲོན་དཀར་མ་ཕྱག་གཡས་པའི་ཕྱྭ་གཡང་འབོད་པའི་མདའ་དར་དང༌། གཡོན་པས་འདོད་དགུ་འབྱུང་བའི་གཏེར་བུམ་བསྣམས་པ། རིན་ཆེན་བརྒྱན་གྱིས་སྤྲས་པའི་ཤྭ་བ་འཆིབ་ཅིང་དབང་བོའི་གཞུ་ལྟར་བཀྲ་བའི་ན་བཟའ་གསོལ་པ་ཞིག་ཏུ་བཤད།

འདི་ཀླུ་ཚང་གིས་གཞི་བདག་ཏུ་བཀུར་ཞིང་ཁྱད་པར་ཆུ་མགོ་གཞོང་གིས་མཆོད་བཀུར་བྱེད། ལབ་ཙེ་མ་བསྟད་པའི་སྔོན་དུ་འདིར་དེའུ་འབུམ་ཞིག་ཡོད་ཅིང་རྗེས་སུ་ཆུ་མགོ་གཞུང་སྡེ་བས་ལབ་ཙེ་ཉག་ཁའི་གཞུང་ལམ་གྱི་འགྲམ་དུ་ལབ་ཙེ་བརྩིགས་ཤིང༌། ཉེ་སྔོན་ཨ་ལགས་རུ་སྔུན་གྱི་བློ་བཟང་ཆོས་འཕེལ་གྱིས་ཡང་བསྐྱར་བསྟད།

2 བསང་ཡིག

རི་ཆུང་བསང་ཡིག

(1)རི་ཆུང་བསང་ཡིག་བསྡུས་པ།

༄༅།། དཔལ་ལྡན་བླ་མ་དམ་པའི་བཀའ་ཉན་པ།། རི་ཆུང་ཞེས་བྱའི་ཡུལ་ལྷ་གཉན་པོ་ཁྱོད།། མཐུན་རྫས་སྤྱན་གཟུགས་མཆོད་པ་འདི་བཞེས་ལ།། བདག་ཅག་བསམ་དོན་འགྲུབ་པའི་སྡོངས་གྲོགས་མཛོད། ཅེས་པ་འདི་ནི་ལྕང་སྐྱ་ཤེས་རབ་དར་རྒྱས་ཀྱིས་སོ།།

(2)རི་ཆུང་བདུད་འདུལ་རྡོ་རྗེའི་བསང་མཆོད་ལྷ་གཉན་དགྱེས་པ་སྐྱེད་བྱེད་བཞུགས་སོ།།

༄༅།། བསྭོ། འཇམ་དཔལ་ཁྲོ་གཏུམ་རབ་འབར་དུས་མཐའི་མེས།། དགྲ་བགེགས་གདུག་ཅན་ཚང་ཚིང་སྲེག་བྱེད་པ།། འཆི་བདག་གཤིན་རྗེ་ཟ་བྱེད་ཁྲོ་བོའི་དབང༌།། བླ་མ་གཤིན་རྗེ་གཤེད་པོས་དེང་འདིར་དགོངས།། རྨད་བྱུང་དགེ་བཅུའི་ལང་ཚོ་རྣམ་པར་བཀྲ།། ཁོར་ཡུག་གསེར་ལྡན་དགའ་མའི་དོ་ཤལ་འཕྲེང༌།། ཕྱི་བལྟས་ས་འཛིན་ནང་དུ་གཞལ་མེད་ཁང༌།། མཁོ་དགུའི་ཡོ་བྱད་འཛོམས་པའི་ཕོ་བྲང་ནས།། དཀར་ཕྱོགས་སྐྱོང་བའི་སྣང་སྲིད་དྲེགས་པའི་གཙོ།། རི་ཆུང་རྡོ་རྗེ་བདུད་འདུལ་སྐུ་མདོག་སྨུག། དབུ་ལ་གསེར་རྨོག་སྐུ་ལ་བསེ་ཁྲབ་གསོལ།། དགྲ་སྲོག་གཅོད་པའི་དར་མདུང་དགུང་ལ་འཕྱར།། ཡིད་བཞིན་འགུགས་པའི་ལྕགས་ཀྱུ་མཆན་ཁུང་གཡོན།། ཕྱག་གཡོན་ནོར་གཞོང་བཟུང་ནས་དཀུར་བརྟེན་ཅིང༌།། སག་ལྷམ་གྱོན་ནས་འབྲོང་གཡག་ཞོལ་ཆེན་འཆིབ།། ཞི་ཁྲོའི་ཉམས་དང་ལྡན་པའི་ཚུལ་གྱིས་བཞུགས།། གཡས་སུ་སྲས་རྒོད་རྡོ་རྗེ་དགྲ་འདུལ་སྔོ།། བདག་འཛིན་འཆིང་རྒྱ་གཅོད་པའི་རལ་གྲི་གཡས།། གཡོན་དུ་དམ་ཉམས་འཆིང་བྱེད་ཞགས་པ་བཟུང༌།། དར་ནག་ཐོད་དང་དཔའ་བོའི་ཆས་ཀྱིས་བརྒྱན།། མྱུར་མགྱོགས་རྟ་མཆོག་རྟིང་དཀར་འཆིབ།། གཡོན་དུ་ཡུམ་ཆེན་བདེ་ཆེན་གཡུ་སྒྲོན་དཀར།། གཡས་པའི་ཕྱྭ་གཡང་འབོད་པའི་མདའ་དར་དང༌།། གཡོན་པའི་འདོད་དགུ་འབྱུང་བའི་གཏེར་བུམ་བསྣམས།། རིན་ཆེན་རྒྱན་གྱིས་སྤྲས་པའི་ཤྭ་བ་འཆིབ།། དབང་བོའི་གཞུ་ལྟར་བཀྲ་བའི་ན་བཟའ་གསོལ།། ཆོ་འཕྲུལ་ལྡན་པའི་ལྷ་སྲིན་སྡེ་བརྒྱད་ཀྱི།། བཀའ་ཉན་མངག་གཞུག་དྲག་པོའི་འཁོར་ཚོགས་བཅས།། མ་ཐོགས་དམ་ཚིག་དབང་གིས་འདིར་བྱོན་ལ།། དགྱེས་པའི་འཛུམ་དཀར་སྤྲོ་བཞིན་བརྟན་པར་བཞུགས།། པད་མ་ཐོད་ཕྲེང་འཇམ་མགོན་རྒྱལ་བ་ཡིས།། བཀའ་བསྒོས་དམ་ལ་བཞག་པའི་ལྷ་གཉན་ཆེ།། སྣང་སྲིད་གཙོ་བོ་རྨ་རྒྱལ་སྦོམ་ར་དང༌།། འཁོར་ཚོགས་དང་བཅས་ཐོགས་མེད་གནས་འདིར་སྤྱོན།། འབའ་སྟོད་ཕྱོགས་ཀྱི་ཡུལ་ལྷ་མི་མ་ཡིན།། བ་ཡན་གཡུ་ཐོད་བྱ་དུར་རྒོད་རྩེ་དང༌།། དཔའ་མཁར་སྟག་གཡག་རྒེའུ་ཡི་བུ་མོ་གསུམ།། གཙོ་སྙིང་དམག་དཔོན་རིན་ཆེན་ཆུ་མིག་དང༌།། ཤུག་ལུང་ངང་ཚང་འབུང་ལུང་སྤེན་ལུང་དང༌།། ཉི་མ་ལུང་དང་ཁྱུང་འཕགས་ལ་སོགས་པ།། གནས་པའི་ལྷ་ཀླུ་འཁོར་དང་བཅས་པ་ཀུན།། དམ་ཚིག་ལྡན་པའི་གནས་འདིར་གཤེགས་སུ་གསོལ།། བདེ་སྟོང་ཏིང་འཛིན་ཕྱག་རྒྱས་བྱིན་རླབས་པས།། ཡན་ལག་བརྒྱད་ལྡན་མཆོད་ཡོན་མེ་ཏོག་དང༌།། དྲི་ཞིམ་བདུག་སྤོས་སྒྲོན་མེ་ཚར་དུ་དངར།། དག་བྱེད་དྲི་ཆབ་ཞལ་ཟས་སིལ་སྙན་སོགས།། རི་ཆུང་རྡོ་རྗེ་བདུད་འདུལ་འཁོར་བཅས་མཆོད།། རཾ་ལས་བྱུང་བའི་འབར་བའི་མེ་ནང་དུ།། སྨན་སྤོས་བཟང་དྲུག་སྟག་ཤུག་ཤིང་སྣའི་རིགས།། རྟ་གཡག་རྭ་ལུག་བཞོན་པ་རྒྱན་གོས་དང༌།། རྡོ་རྗེ་གོ་ཁྲབ་སྣ་ཚོགས་མཚོན་ཆའི་རིགས།། སྤྱན་གཟིགས་ཡོ་བྱད་མཁོ་དགུ་མཆིས་པ་ཀུན།། ས་དང་བར་སྣང་ནམ་མཁའ་གང་སྟེ་འབུལ།། ཡུལ་ཕྱོགས་འདི་ཡི་ཆོས་སྤྱོད་མི་ཉམས་ཤིང༌།། དགེ་འདུན་ཐུགས་མཐུན་བཤད་སྒྲུབ་ལས་ལ་བརྩོན།། འཇམ་མགོན་རྒྱལ་བའི་བསྟན་པ་འཛིན་ནུས་པའི།། ཁྲིམས་ལྡན་འདུས་པའི་ཚོགས་ཀྱིས་གང་བར་མཛོད།། རྒྱལ་ཁམས་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར།། ཁ་སྨྲས་གླེང་གཞི་གྱོད་སྣ་ཁ་མཆུ་སོགས།། ས་གཡོས་འབྱུང་བཞིའི་གནོད་པ་ཀུན་ཞི་ནས།། བསམ་པའི་དོན་རྣམས་ལྷུན་གྱིས་འགྲུབ་པར་མཛོད།། ཅེས་པ་འདི་ནི་འཇམ་མགོན་བསྟན་པའི་གསལ་བྱེད་རི་སྔོན་སྤྲུལ་བའི་སྐུས་བསྐུལ་ངོར་བཙུན་གཟུགས་འཇིགས་མེད་དཔལ་ལྡན་རྒྱ་མཚོས་སྦྱར་བའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།