བཙན་རྒོད་བདུད་འདུལ་དབང་ཕྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིའི་གནས་རི་ནི་མང་རྫོང་མང་རའི་ལུང་མདོར་ཉེ་བའི་མང་ཆུ་འགག་གི་རི་རྒྱུད་ཅུང་མཐོན་པོ་བཙན་མགོན་རི་ཞེས་པ་དེར་གནས་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赞果尔杜德项秀
རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི2800
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་མང་རྫོང་མང་ར་ཡུལ་ཚོ།
གནས་ཡུལ།
མང་རའི་ལུང་མདོར་ཉེ་བའི་མང་ཆུ་འགག་ཏུ་ཡོད།
1 ​ངོ་སྤྲོད།

འདིའི་གནས་རི་ནི་མང་རྫོང་མང་རའི་ལུང་མདོར་ཉེ་བའི་མང་ཆུ་འགག་གི་རི་རྒྱུད་ཅུང་མཐོན་པོ་བཙན་མགོན་རི་ཞེས་པར་གནས་ཤིང་མཐོ་ཚད་རྒྱ་མཚོ་ངོས་ལས་སྨི2800ཙམ་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35°65′ནས་ཤར་གྱི་གཞུང་ཚད100°60′མཚམས་ན་ཡོད་ཅིང་རིའི་ལྷོ་རྒྱུད་ནི་མང་ཆུ་འགག་དང་འབྲེལ་ཡོད།

སྔོན་ཆད་གནས་འདིར་གནའ་དང་དགོ་བ། གླ་བ། སྤྱང་ཁུ། རི་བོང༌། བྱ་ཝང༌། དེ་ཕོ། གོང་མོ། རྩི་ཏོ་དང་རམ་པ། རི་སྒོག ཅ་རིལ་སོགས་ཡོད་མོད། ད་ལྟ་གནའ་དང་གླ་སོགས་མཐོང་རྒྱུ་མི་འདུག་ཅིང་རྩི་ཤིང་སོགས་ཀྱང་ཇེ་ཉུང་ལ་འགྲོ་བཞིན་ཡོད།

ཨ་མྱེས་བཙན་རྒོད་འདི་རྫ་རི་དམར་བོའི་ནང་དུ་འཇའ་ཚོན་སྣ་ལྔ་འཁྱུག་པའི་སེང་མཁར། སྟེང་ན་དུག་སྤྲུལ་འཁྲིལ་ཞིང་ཕྱོགས་སུ་ཁྲག་གི་རྒྱ་མཚོ་འཁྱིལ་བ། ཕྱོགས་སུ་རླུང་ནག་འཚུབ་མ་འཁོར་བ། གནམ་ལྕགས་ཐོག་རྒོད་འཁྱུག་ཅིག་རྒྱོབས་གསོད་དགྲ་སྐད་དི་རུ་རུ་བྱེད་པའི་སྐུ་མཁར་དུ་བཞུགས་ཤིང༌། སྐུ་མདོག་དམར་ནག་ཁྲག་གི་མདོག་དང་ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། ཕྱག་གཡས་གྲི་མདུང་ཀླད་ལ་བསྐོར་ཞིང་གཡོན་པས་ཞགས་པ་ཐོགས་པ། ཞལ་ནས་ཀི་སྒྲ་སྒྲོག་ཅིང་ཞལ་དུ་མཆེ་བ་གཙིགས་ཤིང་སྤྱན་ནས་མེ་ལྕེ་འབར་བ། སྐུ་ལ་རྡོ་རྗེ་གོ་ཁྲབ་གསོལ་ཞིང་དབུ་ལ་ལྕགས་རྨོག་དར་གྱིས་བརྒྱན་པ། མདའ་གཞུ་འཁོར་གསུམ་སྤྲོས་ཤིང་བཙན་རྟ་དམར་བོར་འཆིབ་པ། འཁོར་དུ་ཀླུ་བཙན་གློག་ལྟར་འཁྱུག་ཅིང་སྟག་གཟིག་དོམ་དྲེད་ཕར་སྤྱང་དང་ལས་བྱེད་ཀླུ་བཙན་འཁོར་བཅས་ཏེ་སྐད་ཅིག་ཡུན་ལ་སྟོང་གསུམ་འཁོར་ཞིང༌། ཆ་ལུགས་ངེས་མེད་དུ་བསྒྱུར་བར་བཤད། བཙན་རྒོད་ཆེས་གཉན་པོ་ཞིག་ཡིན་པས་འདིས་ཁུ་འཕྲིག་བྱས་པའི་ལོ་རྒྱུས་མང་ཞིང་འདི་རབ་རྒན་དང་མགུར་འོག་གོང་འོག་དང་རྨ་ཁའི་ཐང་གསུམ་གྱིས་བསྟེན།

སྔོན་སློབ་དཔོན་པད་མས་དཀར་ཕྱོགས་ལ་བསྒྱུར་ཅིང་རྗེས་སུ་ལ་མོ་བསྟན་འཛིན་ནོར་བུ་རབ་རྒན་ལ་ཕེབས་ནས་བེ་རུག་ལ་སླེབས་དུས་བཙན་རྒོད་ཀྱི་ཁུ་འཕྲིག་བྱས་ཏེ་རླུང་དམར་འཚུབ་མ་འཁོར་བར་ཁོང་གིས་ཡུན་རིང་བོར་ཐུགས་དམ་ལ་བཞུགས་པས་རླུང་འཚུབ་ཞི་ཞིང༌། ས་ནས་མེ་ཏོག་ཅིག་བཏོགས་ནས་ཞལ་འདོན་གང་མང་ཞིག་བྱས་ནས་ཕྱོགས་དེར་མེ་ཏོག་འཕངས། ཁོང་གིས་ཡང་བསྐྱར་དམ་བཞག་བྱས་ཤིང་རྗེས་སུ་ཁོང་གིས་ངས་བཙན་རྒོད་ད་ལྟ་མེ་ཏོག་གི་གུར་ཁང་ནང་དུ་བཞུགས་པར་བྱས་ཡོད་གསུངས། དེ་ནས་བཟུང་བཙན་རྒོད་སྔོན་ཆད་ལྟ་བུའི་བཙན་པོ་ཞིག་མིན་པར་བཤད།

བཙན་མགོན་ཉག་ཁ་ནི་འབའ་ཐང་ཞིང་ར་ནས་རབ་འོག་བར་གྱི་གཞུང་ལམ་ལས་སྐབས་བཙན་མགོན་སྒང་ལ་ཉག་ཁ་ཞིག་བཏོད་ཅིང༌། ཉག་ཁ་འདི་གཏོད་དུས་ནངས་མ་གཅིག་ལ་རི་ཉིལ་ནས་མི་ཉེར་ལྔ་བསད་པ་རྦབ་རིལ་བ་དང་རི་རྙིལ་བ། རླངས་འཁོར་ལོག་པ་ལ་སོགས་ཆག་ཆེ་ཉམ་ང་མང་བོ་བྱུང་ཞིང་ཁོ་ཚོའི་མིག་ལམ་དུ་སྟག་དཀར་བོ་ཞིག་རྒྱུན་དུ་སྣང་བས་རྒྱ་མིས་འདི་མིང་ལ་སྟག་གི་ཁ་ཞེས་བཏགས་ཏེ་མའོ་ཙེ་ཏུང་གི་སྐུ་འདྲ་བཤམས་ཏེ་རྒྱ་མི་མང་བོས་སྟག་གི་ཁ་ལ་དགག་པ་རྒྱག་པའི་ཚོགས་ཆེན་ཞིག་འཚོགས་ཏེ་སྟག་གི་ཁ་ཕམ་པར་རྒྱོབས་ཞེས་པའི་ཁ་གཡང་མང་དུ་བསྒྲགས་པ་ནས་ཆག་ཆེ་ཉམ་ངའི་རྒྱུན་དེ་ཆད་ཟེར།

སྔོན་ཆད་དེ་ན་ལབ་ཙེ་ཞིག་ཡོད་ཅིང་རྗེས་སུ་མགུར་འོག་གིས་ལབ་ཙེ་བསྟད། 1985ལོར་ཐོ་ལེ་དགོན་པ་འདིར་སྤར་བའི་ཆེད་དུ་གཞི་བཟུང་སྟེ། ཡུ་གུར་བསྟན་པའི་རྒྱལ་མཚན་གྱིས་དབུ་བཟུང་ནས་སྒང་མགོ་རུ་རྨ་ཁའི་ཐང་དང་མགུར་འོག་རབ་རྒན་བཅས་སྡེ་བ་གསུམ་གྱི་ལབ་ཙེ་བསྟད།

2012ལོར་མགུར་འོག་སྡེ་བས་གོང་ཞོལ་གཉིས་དང་རྨ་ཁའི་ཐང་གསུམ་གྱིས་ཡང་བསྐྱར་བསྟད། དྲུག་པའི་བཅོ་ལྔར་ལབ་ཙེ་བསྟོད།

2 བསང་ཡིག

བཙན་རྒོད་བསང་ཡིག

(1)བཙན་རྒོད་བདུད་འདུལ་དབང་ཕྱུག་གི་བསང་ཡིག

༄༅།། ཀྱཻ་སྔོན་ཚེ་རིག་འཛིན་པད་མ་འབྱུང་གནས་དང༌།། སྐྱེས་མཆོག་དཔལ་ལྡན་བླ་མའི་སྤྱན་སྔ་རུ།། བསྟན་འགྲོ་སྲུང་ཞིང་སྐྱོང་བར་ཁས་བླངས་པའི།། བཙན་རྒོད་བདུད་འདུལ་དབང་ཕྱུག་མཐུ་རྩལ་ཅན།། གསེར་ལྡན་རྒྱབ་རིའི་རྩེ་མོ་དགུང་ལ་རེག། རྩ་བར་གཡུ་ཡི་ལྗོན་ཤིང་སྤྲིན་ལྟར་འཐིབས།། སྐེད་པར་བྱུ་རུའི་ས་འཛིན་གློག་བཞིན་དམར།། རྨ་ཀླུང་དབྱར་རྔ་ལྡིར་འདྲའི་གནས་མཆོག་ནས།། མཚམས་སྤྲིན་གཡོ་འདྲའི་མྱུར་མགྱོགས་རྟ་དམར་འཆིབ།། སྲ་བའི་གོ་གྱོན་རྣོ་བའི་མཚོན་ཆ་བསྣམས།། རྟགས་མཚན་ཆ་ལུགས་རྣམ་འགྱུར་མ་ངེས་པའི།། ཡུམ་སྲས་བློན་འབངས་འཁོར་བཅས་ད་ཚུར་བྱོན།། ཇ་ཆང་བདུད་རྩིའི་བཅུད་ལྡན་གསེར་སྐྱེམས་དང༌།། དྲི་ཞིམ་དུད་སྤྲིན་འཁྲིགས་པའི་བསང་གསུར་དང༌།། དམ་རྫས་རྒྱན་ལྡན་ཤ་ཁྲག་གཏོར་མ་དང༌།། དངོས་བཤམས་ཡིད་སྤྲུལ་མཐུན་རྫས་སྤྱན་གཟིགས་སོགས།། འབུལ་ལོ་བཞེས་ལ་མཚོ་སྐྱེས་རྡོ་རྗེ་དང༌།། རྩ་བརྒྱུད་བླ་མའི་ཐ་ཚིག་ཉེར་དགོངས་ལ།། བསྟན་དང་འགྲོ་བའི་བདེ་སྐྱིད་ལེགས་ཚོགས་ཀུན།། ཡར་ངོའི་ཟླ་བ་ལྟ་བུར་གོང་འཕེལ་མཛོད།། ལྷ་མཆོག་ཁྱོད་བསྟེན་ཁྱོད་སྒྲུབ་ཁྱོད་མཆོད་ན།། བདག་ཅག་མི་ཕྱུགས་ནད་རིམས་དགྲ་གདོན་དང༌།། བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཀུན།། མཐུ་ནུས་གནམ་ལྕགས་འཁོར་ལོས་གཞོམ་པར་མཛོད།། སྣོད་བཅུད་ལེགས་ཚོགས་མཁོ་དགུའི་ཡོ་བྱད་དང༌།། མ་རུང་དྲེགས་མྱོས་ཆེ་དགུ་དབང་དུ་བསྡུས།། ཁ་རྗེ་བསོད་ནམས་ལས་དབང་རླུང་རྟ་དར།། སྙན་གྲགས་འབྲུག་སྒྲས་སྲིད་གསུམ་ཁྱབ་པར་ཤོག། ཡུལ་འདིར་ཆར་ཆུ་དུས་འབབ་ལོ་ལེགས་ཤིང༌།། སད་སེར་ཐན་པ་མུ་གེ་འཁྲུག་རྩོད་ཞི།། མི་ནོར་ཟས་ཀྱིས་ཁང་ཁྱིམ་ར་བ་འགེངས།། ཕུན་ཚོགས་སྡེ་བཞིའི་དཔལ་ལ་སྤྱོད་པར་ཤོག། ས་བརྐོས་ཆུ་དཀྲུགས་ཤིང་གཉན་བཅད་པ་དང༌།། བྲག་གཉན་བཤིག་སོགས་མ་རིག་དབང་གིས་ལས།། ཅི་བགྱིས་འགྱོད་པས་མཐོལ་བཤགས་གསོལ་མཆོད་ན།། ཀོ་ལོང་མ་མཛད་བཟོད་བཞེས་དངོས་གྲུབ་སྩོལ།། བར་དུ་གཅོད་པའི་ཕྱི་ནང་འགལ་རྐྱེན་བཟློག། ཆོས་མཐུན་གྲོགས་དང་ཟས་གོས་གནས་མལ་སོགས།། མཐུན་རྐྱེན་ཡིད་བཞིན་འགྲུབ་པའི་སྡོངས་གྲོགས་མཛོད།། ཅེས་པ་འདི་ནི་རབ་རྒན་ཨ་ལགས་ཀྱིས་མཛད་པའོ།།

(2)བཙན་རྒོད་བདུད་འདུལ་དབང་ཕྱུག་གི་བསང་ཡིག

༄༅།། ཀྱེ་ཉི་མ་ནུབ་ཕྱོགས་ཕ་གི་ན།། རྫ་རི་དམར་བོའི་ནང་ཤེད་ན།། སེང་མཁར་ནང་དུ་སང་སེ་སང༌།། འཇའ་ཚོན་སྣ་ལྔ་ལམ་སེ་ལམ།། སྟེང་ན་དུག་སྤྲུལ་ཐུབ་སེ་ཐུབ།། ཁྲག་གི་རྒྱ་མཚོ་མེ་རུ་རུ།། རླུང་ནག་འཚུབ་མ་འཚུབ་སེ་འཚུབ།། གནམ་ལྕགས་ཐོག་མདའ་ཤ་ར་ར།། རྒྱོབས་གསོད་དགྲ་སྐད་དི་རུ་རུ། །སྐུ་མཁར་དེ་ཡི་ནང་ཤེད་ན།། བཙན་རྒོད་བདུད་འདུལ་དྲག་རྩལ་ཆེ།། རྣལ་འབྱོར་བདག་གི་འཕྲིན་ལས་སྒྲུབས།། སྐུ་མདོག་དམར་ནག་ཁྲག་གི་མདོག། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། ཕྱག་གཡས་གྲི་མདུང་ཀླད་ལ་བསྐོར།། གཡོན་པས་ཞགས་པ་ཆིག་སེ་ཆིག། ཞལ་ནས་ཀི་སྒྲ་ལྷང་སེ་ལྷང༌།། བྱང་ནས་རླུང་དམར་འཚུབ་སེ་འཚུབ།། སྐུ་མདོག་དམར་ནག་ཁྲོས་ཤིང་ཞལ།། གདོང་དུ་མཆེ་བ་རབ་ཏུ་གཙིགས།། སྤྱན་ནས་མེ་འབར་ལྷེམ་སེ་ལྷེམ།། སྐུ་ལ་རྡོ་རྗེ་གོ་ཁྲབ་གསོལ།། དབུ་ལ་ལྕགས་རྨོག་དར་གྱིས་བརྒྱན།། མདའ་གཞུ་འཁོར་གསུམ་བཙན་རྟ་འཆིབ།། སི་ཡི་ཡོབ་ཆེན་སུ་ལུ་ལུ།། སྐད་ཅིག་ཡུན་ལ་སྟོང་གསུམ་འཁོར།། འཁོར་བཅས་ཀླུ་བཙན་གློག་ལྟར་འཁྱུག། སྟག་གཟིག་དོམ་དྲེད་ཕར་སྤྱང་དང༌།། དགྲ་ཤ་ཟ་དང་དགྲ་ཁྲག་འཐུང༌།། བཙན་རྒོད་བདུད་འདུལ་དྲག་རྩལ་ཅན།། ལས་བྱེད་ཀླུ་བཙན་འཁོར་བཅས་ཚོགས།། དམར་གྱི་བསང་མཆོད་འདི་བཞེས་ལ།། མི་ཤེས་དགྲ་བོ་ལས་ངན་འདི།། ལྷ་སྲིན་སྡེ་བརྒྱད་དཔའི་རྩལ་ཆེ།། མེ་རླུང་མཚོན་གྱི་ཆར་བ་ཕོབས།། ནང་དང་དུག་གི་རྐྱལ་བ་གཏོར།། དོན་སྙིང་འཇིགས་མེད་བཅུག་ལ་ཤོག། བློ་ཁྲག་ཁོག་སྙིང་འཇུག་ལ་ཤོག། ཤ་ཟ་ཁྲག་འཐུང་རུས་པ་ནུར།། རུས་པའི་མིང་ཙམ་མེད་པར་ཐོངས།། ལྷག་མ་རྗེས་ཤུལ་མེད་པར་ཐོངས།། འཆོལ་པའི་འཕྲིན་ལས་འགྲུབ་པར་མཛོད།། སརྦ།

(3)ལྷ་མཆོག་དགྱེས་པར་བྱེད་པའི་མཆོད་སྤྲིན།།

༄༅།། ཀྱེ། མཛེས་སྣང་བརྟན་གཡོ་ཁ་བའི་ལྗོངས།། རྟེན་འབྱུང་འོད་སྣང་འཕྲོ་འདུའི་རྒྱུན།། དོ་དམ་ངོ་མཚར་པད་སྡོང་ལས།། གྲུ་འཛིན་བདག་པོའི་འཕྲུལ་དེས་སྐྱོངས།། ཀུན་སློང་སྐྱོན་བྲལ་ཀུན་གསལ་ངོས།། མོས་འདུན་ཆུ་ཁུར་གཡོ་བའི་ཀློང༌།། དགྱེས་བསྐྱེད་མཆོད་ཚིག་དབྱར་སྐྱེས་རྔ།། དྲན་དབང་མགྲིན་སྔོན་དཔྱིད་དུ་ཉིད།། བྱང་ཆུབ་སེམས་མཆོག་བསྐྱེད་པའི་ངང༌།། འགྲོ་རྣམས་ཚད་མེད་བཞི་ལ་འགོད།། རང་ཉིད་ཡི་དམ་མངོན་བཞེངས་ཏེ།། འོད་འཕྲོས་ཚོགས་མཆོད་སྦྱང་རྟོགས་སྦར།། མཆོད་མགྲོན་འོས་རྣམས་མཆོད་པའི་གཙོ།། མཆོག་གསུམ་ཡེ་ཤེས་ཆོས་སྲུང་སྤྱི།། བོད་ཁམས་སྐྱོང་བ་ཡུལ་གཞིའི་བདག། ཁྱད་པར་ཡུལ་འདིས་བཀུར་བའི་རྟེན།། དགེ་བཅུའི་རི་ལུང་ཚུར་དུ་ངོམ།། འཚོ་བྱེད་གཡུ་ལོའི་ཆུ་སྐྱེས་ལྡེམ།། བརྒྱད་ལྡན་དལ་འབབས་གང་གཱའི་སྲིང༌།། སྲིད་འབྱོར་རིག་འཕེལ་མང་སྨད་དུ།། ངོ་མཚར་རི་མོ་དཔལ་ཁ་འབུམ།། འཕྲུལ་དུ་རྫོགས་པའི་བྱུ་རུའི་མདངས།། བཙན་རི་འོད་ལྔའི་ཁོར་ཁྱིམ་ཅན།། རྣམ་གསལ་སྦྱིན་སྐྱེས་བསྟེན་པའི་གཞིར།། སྟོབས་བཅུའི་དཔལ་མངའ་གྲུབ་པའི་དབང༌།། དྲག་པོའི་འཕྲུལ་ལྡན་བཙན་མགོན་རྗེ།། བསྟན་འགྲོའི་དགྲ་ལ་མཐུ་མྱུར་ཞེས།། གྲགས་པ་དོན་ལྡན་ལྷ་ཡིས་བརྗོད།། དགེ་སྡུག་འབྲས་བུ་མ་འཆོལ་བར།། ཤན་འབྱེད་སྲོག་བདག་དམར་བོ་རྒྱལ།། དགེ་ལྡན་བསྟན་སྲུང་གཟི་རྔམ་གྱིས།། ཁྲོ་ཞལ་ལོག་འདྲེན་གཤེད་དུ་མངོན།། ཞལ་གཅིག་ཕྱག་གཉིས་སྤྱན་ཟུང་བགྲད།། རིན་ཆེན་དང་བོའི་ཁྲབ་རྨོག་དཀྲིས།། མ་ཎི་གཞོང་ཐོགས་མདུང་ཞགས་ཀྱིས།། འདོད་བསྐོང་ཕྱི་རྒོལ་སྲོག་ལ་གཟེར།། དུས་ཀྱི་མེ་རླུང་འཚུབ་དཀྱིལ་དུ།། རླུང་སྐྱེས་དམར་པོའི་སྟེང་ན་འགྱིང༌།། དགྲ་སྲོག་འཕྲོག་པར་རྔམ་ལྡན་པའི།། སྤྲུལ་བ་ཡང་སྤྲུལ་བྱེ་བས་བསྐོར།། གསང་བའི་རོལ་གར་ཞི་མ་ཁྲོ།། འཁོར་དུ་རྩེན་པའི་འཕྲོ་འདུ་ཡིས།། བདེ་སྐྱོང་བསྐྱེད་པའི་ཌཱ་ཀིའི་ཚོགས།། དགྱེས་པ་འཁོར་ལོའི་མཛོད་དུ་གྲུབ།། བདེ་སྟོང་འཁོར་གསུམ་རྣམ་དག་ཞིང༌།། འགེངས་བ་དངོས་བཤམས་ཡིད་སྤྲུལ་རྫས།། ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས།། དགྱེས་བཞེས་འདོད་དོན་མྱུར་འགྲུབ་མཛོད།། ཆོས་སྲིད་དཔལ་ཡོན་ས་བརྟོལ་ཤིང༌།། རྩ་བརྟན་ཡལ་འདབས་འབྲས་པའི་ཁུར།། ཕྱོགས་ཀུན་འཕེལ་ཞིང་རྒྱས་པ་སོགས།། གང་བསམ་ལས་རྣམས་འགྲུབ་པར་མཛོད།། ཅེས་མང་སྨད་བཙན་རྒོད་ཀྱི་བསངས་ཡིག་ལྷ་མཆོག་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི་ཁ་སྒང་རྡོ་རམས་པའི་སྤྲུལ་མིང་ཚུལ་ཁྲིམས་བཟང་པོས་རབ་རྒྱན་ཆུ་སྦྲུལ་ལོའི་ཆུ་སྟོད་སྟོང་བ་གསུམ་པའི་ཉིན་རྫོགས་པར་བྲིས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-22

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།