ཁེ་རབ་དཔག་ཆེན་བདུད་འདུལ་དབང་ཕྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིའི་གནས་རི་ནི་ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ70ཡི་མཚམས་ན་ཡོད་པའི་ཁེ་རབ་དཔག་ཆེན་ཞེས་པའི་རྫ་རི་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
克日霍青杜都项秀
རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི4600
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་མང་རྫོང་ཐར་ཤུལ་ཡུལ་ཚོ།
གནས་ཡུལ།
ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ70ཡི་མཚམས་ན་ཡོད།
1 ​ངོ་སྤྲོད།

འདིའི་གནས་རི་ནི་ཐར་ཤུལ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ70ཡི་མཚམས་ན་ཡོད་པའི་ཁེ་རབ་དཔག་ཆེན་ཞེས་པའི་རྫ་རི་དེ་ཡིན་ཞིང༌། མཐོ་ཚད་ནི་མཚོ་ངོས་ལས་སྨི4600ཡིན། སའི་གོ་ལའི་བྱང་གི་འཕྲེད་ཚད35°36′ནས་ཤར་གྱི་གཞུང་ཚད100°27′མཚམས་ན་ཡོད། འདི་ནི་འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ་གྱི་གྲས་ཡིན།

ང་བརྒྱད་སྔོན་དུ་གླ་བ་དང་དོམ། དྲེད་མོ། གསའ། འཕར་བ། དགོ་བ། རྣ་བ། ཝ། གཟིག གཡི་དཀར། གཡི་སེར་སོགས་དང་། ནགས་ལ་སྨར་མོ། གླ་ཤིང༌། ཤུག་པ། གསོམ་པ། མ་གལ། སེང་ལྡེང༌། ཉ་རིག ལྕང་མ། གླང་མ། དབྱར་བ་སོགས་ཡོད། སྨན་ལ་དབྱར་རྩྭ་དགུན་འབུ་སོགས་རྩ་ཆེན་མང་བོ་དང༌། རྒོད། གོང་མོ། དེ་ཕོ། བྱ་ཝང་སོགས་ཡོད། ད་ལྟ་རི་དྭགས་དང་སྨན་རིགས་རྩ་ཆེན་མང་བོ་རྩ་མེད་དུ་སོང་ཞིང་མང་བོ་ཞིག་ཇེ་ཉུང་དུ་འགྲོ་བཞིན་ཡོད།

གཞི་བདག་འདི་ནི་ལ་མོ་ཞབས་དྲུང་དཀར་བོའི་བླ་རི་གསུམ་གྱི་གཅིག་ཡིན་པར་བཤད་ཅིང་འབའ་སྟོད་ཀྱི་བློན་པོ་བཅུ་གསུམ་གྱི་གྲས་སུ་བརྩི། ལ་མོ་བསྟན་འཛིན་ནོར་བུ་སྤྱི་ལོ1851ལོར་གནས་འདིར་ཕེབས་དུས“ནུབ་གཅིག་གློ་བུར་དུ་གསོལ་དཔོན་སྦྱིན་པ་ལ་ལྷ་བསང་བཏང་སྟེ་དུང་འབུད་དུ་བཅུག ཕྱི་ཉིན་ཡོངས་འཛིན་གྱིས་བཀའ་འདྲི་གནང་བར། མདངས་ཁེ་རབ་དཔལ་ཆེན་འོངས་ནས་མཇལ་ཏེ་དགེ་བསྙེན་དུ་བསྒྲུབ་དགོས་ཞེས་བསྙད་པས་དེ་ལུགས་བྱས་པ་ཡིན་གསུངས”ཁེ་རབ་དཔག་ཆེན་དགེ་བསྙེན་བསྒྲུབས། རྗེས་སུ་མང་འབའ་བྱ་གསུམ་ལ་ལབ་ཙེ་གཏོད་དུ་བཅུག་ཅིང་མང་འབའ་བྱ་གསུམ་གྱི་ལ་མོ་ལྷ་སྡེ་དག་གིས་བསྟེན། ཁེ་རབ་ལ་སྤུན་གསུམ་ཡོད་ཅིང༌། ཆེ་བ་དགྲ་ལས་རྣམ་རྒྱལ་དང་འབྲིང་བ་བདུད་ལས་རྣམ་རྒྱལ། ཆུང་བ་བདུད་འདུལ་དབང་ཕྱུག་ཟེར་བ་ལས་རྗེས་སུ་མང་འབའ་བྱ་གསུམ་ལ་སྤུན་རེ་རེར་ལབ་ཙེ་བསྟོད་དུ་བཅུག་ཅིང་འདི་ནི་ཆེ་བ་དགྲ་ལས་རྣམ་རྒྱལ་དང༌། མང་རས་བསྟོད་པ་འབྲིང་བ་བདུད་ལས་རྣམ་རྒྱལ། བྱ་མདོས་བསྟོད་པ་ཆུང་བ་བདུད་འདུལ་དབང་ཕྱུག་ཡིན་པར་བཤད།

འདིའི་ལབ་ཙེ་ལ་ལ་མོ་ཞབས་དྲུང་གིས་བསང་ཡིག་བསྡུས་པ་ཞིག་ཀྱང་བརྩམས། སྔོན་ཆད་ཟླ6པའི་ཚེས15ཉིན་ཀ་རྒྱ་སྡེ་བས་བསྟོད་ཀྱིན་ཡོད་མོད། 1985ལོར་དམུ་གེ་ནག་བཟའ་དང་རྩྭ་ས་བརྩད་པ་ལས་ཀ་རྒྱའི་མི14དམུ་གེས་བསད་པས་ཀ་རྒྱ་ཉིན་དེར་བསྟད་ན་འབའ་ཡིས་བསྟོད་པ་དང་འཁེལ་བས་སྟབས་མི་འགྲིག་པར་དགོངས་ནས་ལ་མོ་ཡོངས་འཛིན་གྱིས་ཚེས14ཉིན་བསྟོད་དགོས་པར་གཏན་ལ་ཕབ་པས་ཟླ6པའི་ཚེས14ཉིན་ཀ་རྒྱ་སྡེ་བས་བསྟོད་ཀྱིན་འདུག

2 བསང་ཡིག

ཁེ་རབ་དཔག་ཆེན་གྱི་བསང་ཡིག

༄༅།། ཀྱེ། མི་ཟད་བྱིན་རླབས་གཏེར་གྱུར་བླ་མ་དང༌།། མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ།། ལས་བཞི་སྒྲུབ་མཛད་སྲུང་མར་བཅས་རྣམས་ཀྱིས།། དགེ་མཚན་བཀྲ་ཤིས་དེང་འདིར་ཆར་བ་ཕོབས།། རྒྱལ་བ་ཀུན་དངོས་གྲུབ་དབང་པད་མ་དང༌།། གསང་བདག་མི་ཡི་གར་མཁན་རིམ་བྱོན་སོགས།། རྩ་བརྒྱད་བླ་མར་ཁས་བླངས་དམ་བཅས་བཞིན།། བསྟན་སྲུང་དཔག་ཆེན་འཁོར་བཅས་གནས་འདིར་གཤེགས།། སྔོ་མཐིང་གཡུ་ཡི་རི་བོ་མཁའ་ལ་སྙེག། དག་བྱེད་ལྷ་ཆབ་ཟུང་གི་མཆོད་ཡོན་འབབ།།རིན་ཆེན་ལྷུན་སྟུག་དུ་མའི་དབུས་ཉིད་ནས།། གནས་བདག་དཔག་ཆེན་མཐོན་པོ་གཤེགས་སུ་གསོལ།། ཡིད་འོང་གསེར་གྱི་སྒ་སྲབ་ཉེར་མཛེས་པའི།། མགྱོགས་པའི་བང་ལྡན་རྟ་མདོག་རག་སེར་འཆིབ།། ངུར་སྨིག་གོས་མནབས་རིན་ཆེན་ཁྲབ་རྨོག་གྱོན།། ལྷ་ཡི་དགེ་བསྙེན་དཔག་ཆེར་གནས་འདིར་གཤེགས།། ཀྱེ། ཆོས་ཀུན་རང་བཞིན་སྟོང་པའི་ངང་ཉིད་ལས།། ཀུན་རྫོབ་སྒྱུ་མའི་མཛད་འཕྲིན་མཆོད་པའི་སྤྲིན།། དྲི་ཞིམ་སྨན་སྣ་བརྒྱ་ཕྲག་བསྲེགས་པ་ཡིས།། སྦྱར་བྱུང་དུད་པ་ལྷ་ཡི་ལམ་འགེངས་པས།། རྣལ་འབྱོར་བདག་གི་སྐྱེས་ལྷ་གཉེན་པོ་བསང༌།། རྟ་ནོར་གཡག་ལུག་རང་སྲུང་གོ་ཁྲབ་དང༌།། བདུད་འཇོམས་མཚོན་ཆ་བཀྲ་ཤིས་རྫས་རྟགས་བརྒྱད།། ཕྱི་ནང་གསང་བའི་མཁོ་རྒུའི་ཡོ་བྱད་རྣམས།། རྟེན་དུ་འབུལ་ལོ་ཉེས་ཚོགས་ཀུན་བགྱིས་བཤགས།། བར་ཆད་མི་མཐུན་རྒུད་པ་ཀུན་ཞི་ནས།། ཚེ་བསོད་ལོངས་སྤྱོད་མངའ་ཐང་རྒྱས་པ་དང༌།། ཁམས་གསུམ་མི་ནོར་དབང་དུ་འདུ་བ་དང༌།། གདུག་ཅན་དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད།། སྣང་ཞིང་སྲིད་ལ་དབང་མཛད་དྲེགས་པ་ཅན།། ཁེ་རབ་ཅེས་བྱའི་གཞི་བདག་མཐུ་བོ་ཆེ།། བཀའ་བློན་བཤེས་གཉེན་བཅས་པ་བདག་ཅག་གིས།། བསྟོད་དོ་ཅི་བསམ་འགྲུབ་པའི་སྡོངས་གྲོགས་མཛོད། ལྷག་བསམ་དག་པའིXXགྲོགས་བྱེད་ཤོག།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།