སེམས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་མཁས་མཆོག་ཡེ་ཤེས་རྒྱལ་མཚན་གྱི་སེམས་སེམས་བྱུང་གི་སྡོམ་ཚིག་ཏུ། ཚོར་བ་འདུ་ཤེས་སེམས་པ་དང་། །རེག་པ་ཡིད་ལ་བྱེད་རྣམས་ལ། །སེམས་བྱུང་ཀུན་འགྲོ་ལྔ་ཞེས་བཤད། །ཅེས་ཀུན་འགྲོ་ལྔར་དབྱེ་བའི་ནང་གསེས་ཤིག་སྟེ། རང་དང་མཚུངས་པར་ལྡན་པའི་སེམས་བྱུང་རང་ཡུལ་གཡོ་བར་བྱེད་པ་སྟེ། ཡིད་ལ་འཇགས་པར་བྱེད་པའི་ལས་ཅན་གྱི་རབ་ཏུ་ཕྱེ་བའི་སེམས་བྱུང་ཞིག་ལ་བྱའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
intention
1 མཚན་ཉིད།

སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཞེས་དང་། ཡང་ན། རང་ཡུལ་ལ་རང་སྟོབས་ཀྱིས་གཡོ་ཞིང་ཡུལ་དེ་ཡིད་ལ་འཇགས་པར་བྱེད་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ་སེམས་པའི་མཚན་ཉིད། འདིའི་སྐབས་ཀྱི་ལས་ནི། མདོ་སྡེ་བ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་སེམས་བྱུང་སེམས་པ་ཡིན་ན། ལས་ཡིན་པས་ཁྱབ་པར་འདོད། སེམས་ཙམ་པ་དང་རྣལ་འབྱོར་སྤྱོད་པའི་ལུགས་ལ་སེམས་བྱུང་སེམས་པ་དང་སེམས་པའི་བག་ཆགས་གཉིས་ཀ་ལས་སུ་འདོད་དོ། །

2 སྒྲ་བཤད།

རྡོ་ཁབ་ལེན་གྱིས་ལྕགས་གཡོ་བར་བྱེད་པ་བཞིན་དུ་རང་དང་མཚུངས་ལྡན་གྱི་སེམས་དང་ཚོར་བ་སོགས་རང་གི་ཡུལ་གང་ཡིན་པ་དེའི་ཕྱོགས་སུ་རང་སྟོབས་ཀྱིས་སྐུལ་ཞིང་གཡོ་བར་བྱེད་པའམ་འཕྲོ་བར་བྱེད་ཅིང་ཡུལ་དེ་རང་སྟོབས་ཀྱིས་ནང་དུ་སེམས་པའམ་ཡིད་ལ་འཇགས་ཤིང་གོམས་པར་བྱེད་པའི་རྣམ་པ་ཅན་གྱི་བྱ་བ་ཤུགས་ཆེ་བའི་སེམས་བྱུང་ཞིག་ལ་བྱའོ། །

3 མཚན་གཞི།

དཔེར་ན་རང་ཡིད་ཡང་དང་ཡང་དུ་འདས་སོང་གི་དོན་དག་ག་གེ་མོའི་ཐོག་འཁོར་དུ་འཇུག་པ་ལྟ་བུའོ། །

4 སེམས་པ་དང་ཡིད་བྱེད་གཉིས་ཀྱི་ཁྱད་པར།

སེམས་པ་ནི་རང་ཡུལ་སྤྱི་ལ་སེམས་གཡོ་བར་བྱེད་པ་ཙམ་དང་། ཡིད་བྱེད་ནི་ཡུལ་བྱེ་བྲག་པ་ལ་སེམས་ཕྱོགས་པར་བྱེད་པའོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-18

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།