རྨ་ཆུ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ4ཡོད།

རྨ་ཆུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མཚོ་ལྷོའི་མངའ་ཁོངས་ཀྱི་རྨ་ཆུའི་འབབ་རྒྱུད།)

རྨ་ཆུ་ནི་མཚོ་སྔོན་གྱི་བ་ཡན་ཧ་རིའི་རྩ་ནས་བྱུང་སྟེ་སི་ཁྲོན་དང་ཀན་སུའུ། ཉིན་ཞ། ནང་སོག ཧྲན་ཞི། སན་ཞི། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དགུ་བརྒྱུད་ནས་རྒྱ་མཚོར་འབབ་པའི་ཆུ་བོ་ཞིག་ཡིན་ཞིང་རིང་ཚད་སྤྱི་ལེ5464ཡོད་ཅིང་ཀྲུང་གོའི་ཆུ་བོ་ཨང་གཉིས་པ་ཡིན། འཛམ་གླིང་གི་ཆུ་བོ་ཆེན་པོ་ཨང་ལྔ་བའི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄河
ཕྱི་ཡིག་གི་མིང་།
Yellow River
མགོ་ཁུངས།
མཚོ་སྔོན་ཞིང་ཆེན་གྱི་བ་ཡན་ཧ་རི་རི་རྒྱུད།
འབབ་སའི་རྒྱ་མཚོ།
པའོ་ཧེ་རྒྱ་མཚོ།
གཙང་བོའི་རིང་ཚད།
སྟོང་སྨི་ལྔ་སྟོང་བཞི་བརྒྱ་དྲུག་བཅུ་རེ་བཞི།
འབབ་རྒྱུད་ཀྱི་རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བདུན་འབུམ་ལྔ་ཁྲི་ཉིས་སྟོང་བཞི་བརྒྱ་བཞི་བཅུ་ཞེ་གསུམ།
འབབ་རྒྱུད་ཀྱི་ས་ཁུལ།
མཚོ་སྔོན། སི་ཁྲོན། ཀན་སུའུ། ནང་སོག་རང་སྐྱོང་ལྗོངས།
1 ངོ་སྤྲོད།

མདོ་སྨད་ཆོས་འབྱུང་ལས། “དེ་ཡང་བཱ་ཡན་ཧ་རིའི་ཁ་ཚུར་བལྟའི་ཆུ་རྣམས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་རྨ་ཆུའི་མགོ་ཡིན་ལ། དེ་ནས་ལྷོ་ངོས་སུ་འབབ་པ་གཉན་པོ་གཡུ་རྩེའི་གཡོན་ནས་ཐོན། རིམ་གྱིས་བྱང་དུ་འཁྱོག་པ་དཀར་དབུར་རྐ་ཆུ་དང༌། ཚ་གན་པེ་ཤིང་གི་མདུན་ནས་དམེ་ཆུ་འདྲེས་ཏེ་ནུབ་ངོས་དྲང་བོས་བགྲོད་པའི་ཁུགས་སོ་གཅིག གཤི་མདོ་དང་རྩེ་མདོར་གཤི་ཆུ་དང་ཅེ་ཆུ་འདྲེས་ཤིང༌། རྭ་རྒྱ་ནས་སླར་ཡང་བྱང་དུ་འབབ་པ་འབལ་མདོ་ནས་ཤར་ངོས་དྲང་བོར་འབབ་པའི་ཁུགས་སོ་གཅིག ལོ་ཀྱ་ཏུན་ངོས་ནས་བྱང་དུ་འཁྱོག་པ་རིམ་གྱིས་ཤར་དུ་རྒྱ་ནག་ཞིང་ས་བཅུ་གསུམ་གྱི་ནང་ཚན་ལན་ཇུའི་མཁར་མོ་ཆེའི་མདུན་ལ་བྱ་སོག་ཡུལ་དུ་འབབ་བོ།།”ཞེས་རྨ་ཆུར་ཁུགས་སོ་གསུམ་ཡོད་ཅིང་བོད་ཀྱི་ས་ཆའི་རྨ་ཆུའི་ལ་རྨ་སྟོད་མགོ་དང་རྨ་སྨད་ཁྲི་དང་གཅན་ཚ་དང་དཔའ་ལུང་སོགས་ལ་ཟེར།

ཆུ་བོ་འདི་རང་རེའི་མཚོ་ལྷོའི་འབའ་རྫོང་དང་བྲག་དཀར་རྫོང༌། མང་ར། ཁྲི་ཀ གསེར་ཆེན་ལྔ་བོར་བརྒྱུད་ནས་བཞུར་ཞིང་མཚོ་ལྷོའི་ས་ཆའི་རྨ་ཆུའི་ཚད་སྤྱི་ལེ411ཙམ་ཡོད་ཅིང་རབ་ཁ་དུ་མ་ཡོད། རང་རྒྱལ་དུ་རྨ་ཆུ་ཞིང་ཆེན་དགུ་བརྒྱུད་ཡོད་ཟེར། “རྨ་ཀླུང་སྔོན་པོ་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་ཤར་ནས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་བརྒྱུད་ཅིང༌། བྱང་དུ་འབལ་མདོ། མང་མདོ། བྱ་མདོ་བརྒྱུད། དེ་ནས་ཁྲི་ཀའི་ཕྱོགས་སུ་འབབ་པའི་རྒྱུད་ལ་རྨ་ཆུ་སྔོན་མོའི་ནང་ལུང་ཞེས་གྲགས”རང་རེའི་ས་ཆ་འདི་སའི་ཆགས་སྟངས་ཀྱི་ཐད་ནས་བཤད་ན་རྨ་གཡས་འཁྱིལ་སྔོན་མོའི་ནང་ལུང་ཡིན་ལ། ལོ་རྒྱུས་སུ་རྨ་ཆུ་ལྷོ་བྱང་དུ་ཕྱེས་ཡོད། ལྷག་པར་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་རབ་ཁ་འདི་དག་རྨ་ཆུའི་རབ་ཁ་ལས་གྲགས་པ་འབར་བའི་རབ་ཁ་འབའ་ཞིག་ཡིན་ལ། ལོ་རྒྱུས་སུ་འཐབ་ཇུས་གནས་བབ་གལ་ཆེན་ཟིན་པའི་རབ་ཁ་ཞིག་ཀྱང་ཡིན།

མཚོ་ལྷོ་ཁུལ་གྱི་མངའ་ཁོངས་སུ་རབ་ཁ་གྲགས་ཅན་འགའ་ཡོད་པ་ནི་རྭ་རྒྱའི་རབ་ཁ་དང་གདུང་ཤིང་རབ་ཁ། རབ་རྒན་རབ་ཁ། རབ་འོག་རབ་ཁ། ཚལ་རྔ་རབ་ཁ། ཁྲི་ཀའི་རབ་ཁ་བཅས་ཡིན།

རྭ་རྒྱའི་རབ་ཁ་ནི་རྨ་ཆུའི་རབ་ཁ་གཉིས་པ་ཡིན་ཏེ་ཐུན་ཏེ་རྫོང་གི་རྨ་བྱང་གི་ས་ཆར་ཡོད། འདི་ནི་ཐང་རྒྱལ་རབས་ནས་བོད་དུ་འགྲོ་བའི་རྨ་ཆུའི་རབ་ཁ་ཞིག་ཡིན་ཞིང་ལོ་སྟོང་ཕྲག་རིང་ལ་འདི་ནས་རྐྱལ་གཟིངས་ལ་བརྟེན་ནས་རྨ་ཆུར་བགྲོད་བཞིན་ཡོད། ཟི་ལིང་དང་ཁྲི་ཀ་ནས་མགོ་ལོག་དང་དབུས་གཙང་དུ་བགྲོད་པའི་ཚོང་ལམ་གྲགས་ཅན་པ་དེ་ཡང་འདི་ན་ཡོད་ཅིང༌། དེ་བས་འདི་ནི་གནའ་བོའི་ཚོང་ལམ་ཆེན་པོ་ཞིག་ཡིན་པ་མཚོན་ཐུབ། རྨ་ཆུའི་རབ་ཁའི་འགྲམ་གཉིས་ཀར་གནའ་བོའི་མཁར་ཤུལ་ཡོད།

1966ལོར་རྨ་ཆུའི་མགོ་ཁུངས་ཀྱི་ཟམ་པ་ཞིག་བསྐྲུན་ཏེ་འབལ་རྫོང་དང་མགོ་ལོག་བར་དུ་བགྲོད་བདེ་བར་བྱས། ཚུར་ཁར་ཨ་རིག་དགེ་བཤེས་ཆེན་པོས་བཏབ་པའི་ཨ་རྒྱ་དགོན་པ་ཡོད་ཅིང་ཨ་རོལ་དུ་རྭ་རྒྱ་གྲོང་རྡལ་ཡོད། ས་ཆ་འདི་ནི་རྨ་ཆུའི་སྟོད་འགྲམ་གྱི་སྔོན་གྱི་གནའ་ཤུལ་གྲགས་ཆེན་དུ་བརྩི།

མདུང་ཤིང་རབ་ཁའམ་དཀར་མོ་གཡས་འཁྱིལ་རབ་ཁ་ནི་རྨ་ཆུའི་ཁུགས་མགོ་གཉིས་པ་སྟེ་མང་རྫོང་དང་བྲག་དཀར་གཉིས་ཀྱི་རྨ་ཆུའི་རབ་ཁ་ཡིན། སྔོན་ཆད་འདི་ནི་རྐྱལ་གཟིངས་ལ་བརྟེན་ནས་རབ་བརྒལ་ཞིང་སྔོན་ཆད་ཐང་རྒྱལ་རབས་ཀྱི་དུས་ནས་རྨ་ཆུའི་ཕ་རོལ་ཏུ་བགྲོད་པའི་རབ་ཁ་གྲགས་ཅན་ཞིག་ཡིན། ད་ལྟའི་རྒྱ་ནག་པ་དག་གིས་འདི་ཉིད་ནི་ཧོང་ཅི་ཟམ་པར་ཚུགས་སར་ངོས་འཛིན་མོད། བདག་གིས་བལྟས་ན་ཟམ་པ་དེ་ཚུགས་ས་ནི་རབ་རྒན་རབ་ཁ་ཡིན་པ་བདེན་དཔང་བྱེད་ཐུབ། ཀྲུང་ཧྭ་མེན་གོའི་སྐབས་སུ་འདི་ནི་དུར་ལེན་ཁ་ནས་ཟི་ལིང་ལ་ཚྭ་འདྲེན་པའི་རབ་ཁ་ཡིན་པས་འདི་རབ་སྲུང་ཀྱང་ཚུགས་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་དུ་འབའ་ཐང་ཞིང་རས་དཀར་མོ་གཡས་འཁྱིལ་ཀོ་གྲུ་དང་ཤིང་གྲུ་ལས་རྨ་ཆུར་བརྒལ་ཞིང1982ལོར་རིང་ཚད་སྨི131དང་ཞེང་ལ་སྨི7ཡོད་པའི་དཀར་མོ་གཡས་འཁྱིལ་ཟམ་པ་བཟོས་ཏེ་མང་ར་ནས་གསེར་ཆེན་རྫོང་གྱི་གཞུང་ལམ་བཟོས་པས་འབའ་རྫོང་ནས་མང་རྫོང་། དེ་ནས་ཆབ་ཆར་བགྲོད་པའི་བགྲོད་ལམ་ཉག་གཅིག་ཏུ་གྱུར།

རབ་རྒན་འགག་ནི་མང་རའི་ལུང་མདོའི་སྔོན་གྱི་རབ་རྒན་སྡེ་བའི་ས་ཐོག་ཏུ་ཡོད་ཅིང་ས་འདིའི་རྨ་འགག་ཏུ་སྔོན་ཆད་ཟམ་པ་ཞིག་བསྐྲུན་པའི་ཤུལ་ཡོད་པས་སྔོན་ཆད་རྨ་ཆུ་ལ་ཤིང་གི་ཟམ་པ་བསྐྲུན་པ་ལོ་རྒྱུས་སུ་འཁོད་པའི་ཧོང་ཅི་ཟམ་པ(洪济桥)ཞེས་པ་དེ་ཡིན་པར་མཐོང་སྟེ། ད་ལྟའི་རྒྱ་ནག་པ་དག་གིས་མདོང་ཤིང་རབ་ཁར་ངོས་འཛིན་པ་ནི་ནོར་བར་མངོན། 1956ལོར་མཚོ་སྔོན་ཞིང་ཆེན་ནགས་ལས་ཅུའུ་ལྕགས་སྐུད་ཟམ་པ་རིང་ཚད་ལ་སྨི44དང་ཞེང་ལ1.5ཡོད་པ་ཞིག་བསྐྲུན་པ1981ལོར་རྨ་ཆུ་བྲུག་ནས་འཁུར། འགག་འདིའི་གཤམ་དུ་ཆུ་རྒྱུན་དལ་བས་སྔོན་ཆད་དབྱར་གྱི་དུས་སུ་སྐྱ་མི་རྨ་ཕར་བགྲོད་ཅིང་དགུན་ཁར་རྨ་དར་ཆགས་སྔ་ཞིང་ལྷུང་འཕྱི་བས་དབུས་ལམ་དང་གསེར་ཆེན་རྫོང༌། ཚྭ་མཚོ་འདྲེན་པའི་ལམ་དང་རྨ་ཕར་ཚུར་དུ་བགྲོད་པའི་རབ་ཁ་ཆེས་སྟབས་བདེ་བ་ཞིག་ཡིན་ཞིང་འདིའི་འགག་ཏུ་སྔོན་ཆད་མིས་བཟུང་མྱོང་བའི་རྟགས་སུ་རྡོ་བརྐོས་ཀྱི་རྟ་སྒ་སོགས་ཡོད།

རབ་འོག་གི་རབ་ཁ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་རབ་འོག་ཡུལ་ཚོའི་རྒྱ་ཐོག་སྡེ་བ་དང་ཐག་ཉེ་སར་ཡོད། གནའ་རྫས་རྟོག་ཞིབ་བྱས་པ་ལྟར་ན་གནས་འདིར་ལོ་ངོ་དྲུག་སྟོང་བདུན་སྟོང་གི་སྔོན་གྱི་འགྲོ་བ་མི་གནས་ཤིང་འཚོ་བ་རོལ་བཞིན་པ་ཤེས། གནས་འདི་ནས་རྨ་ཆུ་རབ་ཁ་གཏོད་ནས་ཀོ་གྲུ་དང་གཟིངས་ལ་བརྟེན་ནས་རྨ་ཆུ་ཕ་རོལ་དུ་སྒྲོལ། བཅིངས་འགྲོལ་རྗེས་སུ་རབ་འོག་གུང་ཧྲེ་གནས་འདིར་བཙུགས་ནས་རྐྱལ་གཟིངས་ལས་མི་དང་ཕྱུགས་སྒྲོལ་ཅིང་རྗེས་སུ་ཤིང་གྲུ་ལ་བསྒྱུར་ནས་མང་རྫོང་དང་འབའ་རྫོང་གཉིས་ནས་ཆབ་ཆར་བགྲོད་པའི་རབ་ཁར་གྱུར། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བར་འབའ་ཐང་ཞིང་ར་འདིར་ཆགས་ཏེ་གྲུ་གཟིངས་ཆེན་པོ་ཞིག་བཟོས་པས་དེས་རླངས་འཁོར་ཀྱང་གྲུ་ལས་བགྲོད་པས་འབལ་རྫོང་ནས་མང་རྫོང་ནས་ཆབ་ཆར་བགྲོད་པའི་བགྲོད་ལམ་ཉག་གཅིག་ཏུ་གྱུར། 1982ལོར་དཀར་མོ་གཡས་འཁྱིལ་ཟམ་པ་བཟོས་ཏེ་མང་ར་ནས་གསེར་ཆེན་རྫོང་གྱི་གཞུང་ལམ་བཟོས་པས་རབ་ཁ་འདི་བཀོལ་སྤྱོད་མེད་པར་གྱུར་ཅིང་ད་ལྟ་ལུང་གཡང་འགག་གི་ཆུ་མཛོད་ཀྱིས་བསྣུབས།

ཚལ་རྔ་རབ་ཁ། ཚལ་རྔ་རབ་ཁ་ནི་མཚོ་ལྷོ་ཁུལ་མང་རྫོང་བྱ་མདོ་ཡུལ་ཚོའི་ཚལ་རྔ་སྡེ་བར་ཡོད་ཅིང་གནའ་བོའི་རབ་ཁ་ཞིག་ཡིན། བཅིངས་འགྲོལ་སྔོན་དུ་རྐྱལ་གཟིངས་ལ་རྨ་ཆུ་བགྲོད་ཀྱིན་ཡོད་ཅིང་ཀྲུང་གོ་གསར་བ་དབུས་བརྙེས་རྗེས། མཚོ་ལྷོ་ཁུལ་དང་གསེར་ཆེན་རྫོང་བཟོ་ཚོང་ཅུས་འདིར་ཤིང་གྲུ་བསྒྲིགས་ནས་རྨ་ཆུ་ཕར་ཚུར་ལ་བགྲོད། སྤྱི་ལོ1963ལོར་ཏུན8ཐེག་པའི་ཚལ་རྔ་རྨ་ཆུའི་ལྕགས་ཐམ་བསྐྲུན། 1981ལོར་ལུང་གཡང་འགག་གི་ཆུ་མཛོད་ཀྱི་རྐྱེན་གྱིས་བཤིག

ལོ་རབས་དྲུག་ཅུ་བར་འདིར་རི་ཉིལ་བའི་དོན་རྐྱེན་ཚབས་ཆེན་ཞིག་བྱུང༌། སྐབས་འདིར་འདི་ཕྱོགས་གཞན་ནས་ཡོང་བའི་རྒྱ་རིགས་སྡེ་བ་ཚལ་རྔ་གོང་འོག་གཉིས་ལ་ཁྱིམ་ཁ་ལྔ་བཅུ་ཡོད། 1941ལོར་སྒྲོ་སྒང་ལ་སེར་ཁ་ཕྱེས་ཏེ་མི་ལྡིང་མི་ཐུབ་པར་བསྐོར་ནས་འགྲོ་དགོས་པ་བྱུང་ཡང་དོ་སྣང་མ་བྱས་པས། བོད་ལོའི་ཉི་ཤུའི་བདུན་བརྒྱད་ཉིན་འུར་སྒྲ་ཆེན་པོ་ཞིག་གྲགས་ཏེ་རླུང་ཆེན་གཡུགས་ཀྱང་སྤྱང་ཁུའི་ངུ་འབོད་དུ་བསམ་ནས་ཁ་ཡ་མ་བྱས། རྒྱལ་ལོ་ཚེས་གཅིག་ཉིན་སྟེ1942ལོའི་སྤྱི་ཟླ་གཉིས་པའི་ཚེས15ཉིན་ལྷོ་ནུབ་དུ་སྤྱི་ལེ2.5དང་ཤར་བྱང་དུ་སྤྱི་ལེ1.5ཡོད་པའི་རི་ཉིལ་ཏེ་རྨ་ཆུའང་བཅད། ཡིནའང་སྡེ་བ་ཞོལ་མར་སྐྱོན་ཅི་ཡང་མ་བྱུང༌། སྡེ་བ་གོང་མའི་ཁྱིམ་ཁ14མི100བཅས་མི་ཕྱུགས་དང་བཅས་པ་བསྣུབས།

ཚལ་རྔ་འགག་རབ་ཁ། ཚལ་རྔ་འགག་ཏུ་ཆགས་ཤིང་ཐང་བོད་གནའ་ལམ་གྱི་གསེར་ཆེན་རྫོང་གི་ལྷོ་ཕྱོགས་སུ་ཡོད། ཆུ་རྒྱུན་དལ་ཞིང་ཞེང་ཆེ་བས་གྲུ་གཟིངས་བགྲོད་པར་བདེ། རྒྱའི་ཐང་ཡིག་གསར་མ་ལས། སྔོན་ཆད་གསེར་ཆེན་རྫོང་གི་ཆུ་ཁུགས་ཀྱི་ཝ་མོ་འགག་སྟེ་དེང་གི་ལུང་ཡངས་འགག་ཏུ་རྔ་མོ་ཟམ་པ་ཞེས་པ་ཞིག་བསྐྲུན་པར་བཤད་ཅིང་ཤུལ་ད་ལྟའི་བར་དུ་ཡོད། རྡོའི་སྟེང་ཡི་གེའང་བརྐོས་ཡོད་པར་བཤད། 1963ལོར་མཚོ་སྔོན་ཞིང་ཆེན་དུ་སྡོད་པའི་དམག་དཔུང་ཞིག་གིས་ལུང་གཡང་འགག་ཏུ་སྨི50ཡོད་ཅིང་ཏུན10ཐེག་པའི་ལྕགས་ཟམ་ཞིག་བསྐྲུན། རྗེས་སུ་འདིར་ལུང་གཡང་འགག་གློག་འདོན་ས་ཚིགས་བསྐྲུན་ཏེ་ལོ་རེ་བཞིན་གློག་ཏུའུ་དུང་ཕྱུར་ལྔ་འདོན་བཞིན་ཡོད།

ཁྲི་ཀའི་རབ་ཁ་ནི་ལོ་རྒྱུས་རིང་བའི་རབ་ཁ་ཞིག་ཡིན་ཞིང་ཧན་རྒྱལ་རབས་ཤར་མའི་དུས་ནས་ཡོད་པར་བཤད། 《ཧན་ཕྱི་མའི་ལོ་རྒྱུས་ལས་ཏིན་ཞུན་གྱི་སྐོར》ལས། སྤྱི་ལོ8པར་ཀྲང་ཡེ་སྲུང་བའི་དཔོན་ཏིན་ཞིན་ཙོང་ཆུ་ཁར་ཡོང་ནས་ཆཱང་གི་དཔོན་པོ་བྱས་ཏེ་ཆཱང་རྣམས་དབང་དུ་བསྡུས་ནའང་ཆཱང་གི་སྨི་ཐང་ཁོ་ནས་བཀའ་མ་བརྩིས་ཏེ་ཡུས་ཀུའུ་ཆེ་ཆུང(དེང་ཁྲི་ཀའི་རྨ་ཆུའི་ལྷོ་ཕྱོགས)ཟེར་བར་ཕྱིར་འཐེན།ཏིན་ཞུན་གྱིས་དམག་མི་དྲུག་སྟོང་བཏང་བ་དེ་ཚོས་ཀོ་བས་གཟིངས་བཟོས་ནས་རྨ་ཆུའི་ཕ་རོལ་ཏུ་བརྒལ་བར་བཤད་། ཡང《ཧན་ཕྱི་མའི་ཆཱང་གི་ལོ་རྒྱུས》སུ། སྤྱི་ལོར93པར་ཧན་གྱི་དམག་དཔོན་ཀོན་ཡིའུ་ཞེས་པས་ཡུས་ཀུའུ་ཆེ་ཆུང་གི་ཆཱང་པ་སྨི་ཐང་ལ་དཔུང་འཇུག་བྱེད་དུས་གྲུ་ཆེན་པོ་དང་ཟམ་པ་བཟོས་པར་བཤད། 1739ལོར་འདི་ནས་གྲུ་གཟིངས་ལ་བརྟེན་ནས་རྨ་ཆུར་བརྒལ་བར་བཤད་ཅིང༌། ཀྲུང་ཧྭ་མིན་གོའི་་དུས་སུའང་གནའ་བོའི་གྲུ་རྙིང་དང་ཀོ་གྲུས་རྨ་ཆུ་བརྒལ་ཞིང་། 1934ལོར་ཧོར་རྒྱའི་རབ་ཁར་ཟམ་པ་བཟོས་པས་རབ་ཁ་འདི་ཉིད་བེད་ཆོད་པར་གྱུར།

2 ངག་རྒྱུན།

ངག་རྒྱུན་དུ། གནའ་སྔ་མོར་སྲིན་མོ་གདོང་དྲུག་དང་བྲག་མི་མགོ་ཞེས་པའི་སྲིན་པོ་མིང་སྲིང་གཉིས་ཡོད་པ་དེས། རྒྱུན་པར་མི་ཁྲག་རྒྱ་མཚོ་བསྐྱིལ་ཞིང་། མི་རོ་རྟ་རོ་བརྩིགས་ཏེ་སྡིག་ལས་ཁོ་ནར་གཞོལ།

ཉིན་ཞིག་སྲིན་མོས་མིང་བོར་བཤད་རྒྱུར་སྡིག་སྦྱོར་གྱི་ལས་འདི་ལྟ་བུ་ཞིག་གིས་ངའི་སེམས་མི་སྐྱིད་པས་ངེད་མིང་སྲིང་གཉིས་ནས་ཀབ་རོན་འགག་བཀག་སྟེ། མཚོ་སྐྱིལ་ཐུབ་ན་ཕྱིས་སུ་དེས་ཁྲི་ཀའི་ཡུལ་ཁམས་བསྣུབ་ཐུབ”ཅེས་གྲོས་མགོ་བཏོན་པར་མིང་བོས་ཀྱང་དེ་ལྟར་ལེགས་ཞེས་འཐད་ནས་དེ་ལྟར་བསྒྲུབས་ཏེ་འགྲུབ་ལ་ཉེ་བའི་དུས་ན། སློབ་དཔོན་རིན་པོ་ཆེ་ཡིས་མཁྱེན་ནས་བྱ་རྒྱལ་ཁྱུང་ཆེན་ཞིག་ཏུ་སྤྲུལ་ཏེ་སྐད་ཅིག་ཉིད་ལ་ལྕགས་ནག་གི་ཁྲོ་ཆུའི་ཆར་བ་ཕབ་སྟེ་ཆུ་རགས་གཏོར་ནས་རྩ་མེད་བཏང་བར་མ་ཟད། སྲིན་མོ་གདོང་དྲུག་སྐེ་ལ་ལྕགས་ཐག་ཕོ་འདོམས་བཅུ་ལྷག་བསྐོན་ཏེ་ཁྱི་ལྟར་བཏགས་ལ། བྲག་མི་མགོ་སྲིན་པོའི་སྣ་རྩ་ལྕགས་ཀྱི་ཨ་ལུང་བརྒྱུས་ནས་མགོ་ཕྱིར་བསྐོར་ཏེ་བཏེགས་པས་འགྲོ་བ་ཐམས་ཅད་བདེ་ལ་བཀོད་རྗེས་ས་ཏིག་སྒང་ལ་བབས། རི་དེས་མ་ཐེག་པར་ཅུང་ནུར་འདུག བྲག་སྐེད་དེ་རུ་མི་ཕྱུགས་རྒྱུ་བའི་བགྲོད་ལམ་ཞིག་མཁོ་བར་དགོངས་ཏེ་གཤོག་སྣེ་གཅིག་དྲུད་ནས་ད་ལྟའི་རྐང་ལམ་ཟམ་པའི་ལམ་དེར་བཏོད་པར་གྲགས་ལ། དོན་དངོས་སུའང་འགག་དེ་ནི་གཡང་གཟར་འཇིགས་སུ་རུང་བ་ཞིག་ཡིན་པས་སྲིན་པོ་དང་སྲིན་མོའི་གཟུགས་བརྙན31བུད་པ་ད་ལྟའང་སྟོན་རྒྱུ་ཡོད་ཟེར།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།