བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།

- 1 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།
-
1.1 དང་པོ། སྤྱིའི་རྩ་དོན།
1.2 གཉིས་པ། རླངས་འཁོར་དང་ཁ་ལོ་བ།
1.3 གཉིས། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་བ།
1.4 གསུམ་པ། བགྲོད་ལམ་ཤར་བགྲོད་ཀྱི་ཆ་རྐྱེན།
1.5 བཞི་བ། བགྲོད་ལམ་ཤར་བགྲོད་སྐོར་གྱི་གཏན་ཁེལ།
1.6 ལྔ་བ། འགྲིམ་འགྲུལ་དོན་རྐྱེན་གྱི་ཐག་གཅོད།
1.7 དྲུག་པ། བཅའ་ཁྲིམས་ལག་བསྟར་ལྟ་རྟོག
1.8 བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
1.9 བརྒྱད་པ། ཞར་བྱུང་དོན་ཚན།
(སྤྱི་ལོ2003ལོའི་ཟླ10བའི་ཚེས28ཉིན་སྐབས་བཅུ་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐངས་ལྔ་བའི་ཚོགས་འདུའི་སྟེང་གྲོས་འཆམ་བྱུང་ལ། སྤྱི་ལོ2007ལོའི་ཟླ12པའི་ཚེས29ཉིན་སྐབས་བཅུ་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པས《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱུལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས>བཟོ་བཅོས་བྱ་བའི་སྐོར་གྱི་ཐག་གཅོད》གཞིར་བཟུང་སྟེ་བཟོ་བཅོས་ཐེངས་དང་པོ་བྱས་བ་དང་། སྤྱི་ལོ2011ལོའི་ཟླ4བའི་ཚེས22ཉིན་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བའི་གྲོས་ཚོགས་ཀྱིས《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས>བཟོ་བཅོས་བྱ་བའི་སྐོར་གྱི་ཐག་གཅོད》གཞིར་བཟུང་སྟེ་བཟོ་བཅོས་ཐེངས་གཉིས་པ་བྱས)
དོན་ཚན་དང་པོ། བགྲོད་ལམ་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོབ་དང་། འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། མི་ལུས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ། སྤྱི་དམངས་དང་། ཁྲིམས་མི། གཞན་པའི་རྩ་འཛུགས་བཅས་ཀྱི་རྒྱུ་ནོར་བདེ་འཇགས། ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་སྲུང་སྐྱོབ་བྱས་ཏེ། བགྲོད་སྐྱོད་ཀྱི་ལས་ཕྱོད་མཐོར་འདེགས་གཏོང་བ་སོགས་ཀྱི་ཆེད་དུ། བཅའ་ཁྲིམས་འདི་གཏན་ཕབས་བྱས་པ་ཡིན།
དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་རླངས་འཁོར་ཁ་ལོ་བ་དང་། ལམ་འགྲོ་པ། འགྲུལ་པ། བགྲོད་ལམ་འགྲིམ་འགྲུལ་དང་འབྲེལ་བ་ཡོད་པའི་ལས་ཁུངས་སམ་མི་སྒེར་ཚང་མས་ཁྲིམས་འདི་རྩི་སྲུང་བྱེད་དགོས་པ་ཡིན།
དོན་ཚན་གསུམ་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བྱ་བ་དེ། ཁྲིམས་ལྟར་དོ་དམ་བྱེད་པ་དང་། མང་ཚོགས་ལ་སྟབས་བདེ་བཟོ་བའི་རྩ་དོན་བརྩི་སྲུང་བྱས་ཏེ། བགྲོད་ལམ་འགྲིམ་འགྲུལ་གོ་རིམ་ཡོད་པ་དང་། བདེ་འཇགས་ཡིན་པ། ཤར་གཏོང་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས་པ་ཡིན།
དོན་ཚན་བཞི་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བ་དེ།དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་འཕེལ་རྒྱས་བཅས་དང་མཐུན་པོ་ཡོང་བར་ཁག་ཐེག་བྱ་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བགྲོད་ལམ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་དང་།ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་བཅས་གཞིར་བཟུང་སྟེ། བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་འཆར་འགོད་བཟོ་དགོས་པར་མ་ཟད། ད་དུང་ལག་བསྟར་བྱ་བར་བཀོད་སྒྲིག་བྱེད་དགོས།
དོན་ཚན་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བར་འགན་ཁུར་དགོས་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ནང་གི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བར་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་དང་། འཛུགས་སྐྲུན་དོ་དམ་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་སྟེ། འབྲེལ་ཡོད་ཀྱི་བགྲོད་ལམ་འགྲིམ་འགྲུལ་བྱ་བར་འགན་འཁུར་དགོས།
དོན་ཚན་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱུན་དུ་བགྲོད་ལམ་བདེ་འཇགས་སློབ་གསོ་སྤེལ་ཏེ། སྤྱི་དམངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་མཐོར་བདེགས་གཏོང་དགོས།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འགྲིམ་འགྲུལ་ཉེན་རྟོག་པ་བཅས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་སྐབས་སུ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ་བརྩི་སྲུང་བྱ་བར་མིག་དཔེ་སྟོན་དགོས།
ལས་ཁུངས་དང་། དམག་དཔུང་། ཁེ་ལས་དང་ལས་དོན་སྡེ་ཚན། སྤྱི་ཚོགས་ཀྱི་ཚོགས་པ། གཞན་པའི་རྩ་འཛུགས་བཅས་ཀྱིས་ཀྱང་རང་ལས་ཁུངས་ཀྱི་མི་སྣར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་གཏོང་དགོས།
སློབ་གསོའི་སྲིད་འཛིན་སྡེ་ཁག་དང་། སློབ་གྲྭས་ཀྱང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་དེ་ཁྲིམས་ལུགས་སློབ་གསོའི་ནང་དུ་འཇོག་དགོས།
གསར་འགྱུར་དང་། དཔེ་སྐྲུན། རྒྱང་སྒྲོག། བརྙན་འཕྲིན་སོགས་འབྲེལ་ཡོད་ལས་ཁུངས་ལ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་སྤེལ་བའི་འོས་འགན་ཡོད་པ་ཡིན།
དོན་ཚན་བདུན་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བའི་ཐད། ཚན་རིག་ཞིབ་འཇུག་བྱ་བར་ཤུགས་སྣོན་བྱས་ཏེ། སྔོན་ཐོན་གྱི་དོ་དམ་བྱེད་ཐབས་དང་། ལག་རྩལ། སྒྲིག་ཆས་སྤྱོད་པ་རྒྱ་ཆེར་སྤེལ་འོས།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་སྒུལ་སྐྱོད་རླངས་འཁོར་ལ་ཐོ་འགོད་ཀྱི་ལམ་ལུགས་བཙུགས་ཡོད། སྒུལ་སྐྱོད་རླངས་འཁོར་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐོ་འགོད་བྱས་རྗེས། བགྲོད་ལམ་སྟེང་བསྐྱོད་ཆོག་པ་ཡིན། ཐོ་འགོད་མ་བྱས་པའི་སྒུལ་སྐྱོད་རླངས་འཁོར་དེ། གནས་སྐབས་སུ་བགྲོད་ལམ་སྟེང་བསྐྱོད་དགོས་པ་ལ། གནས་སྐབས་སུ་སྐྱོད་ཆོག་པའི་འཛིན་ཡིག་ལེན་དགོས།
དོན་ཚན་དགུ་བ། སྒུལ་སྐྱོད་རླངས་འཁོར་ལ་ཐོ་འགོད་བྱེད་པར་རེ་བ་ཞུ་བར། གཤམ་གྱི་བདེན་དཔང་དང་དཔང་ཡིག་དག་སྤྲོད་དགོས་ཏེ།
གཅིག སྒུལ་སྐྱོད་རླངས་འཁོར་གྱི་བདག་པོའི་ཐོབ་ཐང་ལག་འཁྱེར།
གཉིས། སྒུལ་སྐྱོད་རླངས་འཁོར་གྱི་ཡོང་ཁུངས་དཔང་ཡིག།
གསུམ། སྒུལ་སྐྱོད་རླངས་འཁོར་ཆ་ཚང་བཟོ་གྲྭ་ནས་ཐོན་པའི་ཚད་ལྡན་དཔང་ཡིག་གམ་ཡང་ན་ནང་འདྲེན་སྒུལ་སྐྱོད་རླངས་འཁོར་གྱི་ནང་འདྲེན་དཔང་ཡིག།
བཞི། རླངས་འཁོར་ཉོས་པའི་དཔྱ་ཁྲལ་འཇལ་བའི་དཔང་ཡིག་དང་། ཡང་ན་དཔྱ་ཁྲལ་མེད་པར་བཏང་པའི་དཔང་ཡིག།
ལྔ། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་ཁེལ་བྱས་པའི་སྒུལ་སྐྱོད་རླངས་འཁོར་ཐོ་འགོད་སྐབས་སྤྲོད་དགོས་པའི་བདེན་དཔང་དང་། འཛིན་ཡིག་གཞན་དག།
སྤྱི་བདེ་ལས་ཁུང་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རེ་ཞུའི་ཡི་གེ་འབྱོར་བའི་ཉིན་ནས་བཟུང་། ལས་སྒྲུབ་ཀྱི་ཉིན་ལྔའི་ནང་སྒུལ་སྐྱོད་རླངས་འཁོར་ཐོ་འགོད་ཞིབ་བཤེར་གྱི་བྱ་བ་སྒྲུབ་ཚར་དགོས། ཚན་པ་སྔོན་མའི་གཏན་ཁེལ་ཆ་རྐྱེན་དང་མཐུན་པ་ལ། སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་དང་། ཨང་རྟགས། སྐྱོད་ཆོག་པའི་འཛིན་ཡིག་བཅས་སྟེར་དགོས་ལ། ཚན་པ་སྔོན་མའི་གཏན་ཁེལ་གྱི་ཆ་རྐྱེན་དང་མི་མཐུན་པ་ལ། རེ་ཞུ་བྱེད་མཁན་དེར་ཐོ་འགོད་བྱ་མི་ཆོག་པའི་གནས་ལུགས་གསལ་བཤད་བྱ་དགོས།
སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་མ་ཡིན་པའི་ལས་ཁུངས་སམ་མི་སྒེར་སུ་ཡིན་ཡང་སྒུལ་སྐྱོད་རླངས་འཁོར་ལ་ཨང་རྟགས་སྟེར་བ་དང་། ཡང་ན་སྒུལ་སྐྱོད་རླངས་འཁོར་ལ་ཨང་རྟགས་གཞན་པ་འགེལ་པའི་བླང་བྱ་འདོན་པ་སོགས་བྱ་མི་ཆོག་ལ། ཁྲིམས་འདི་ལས་གཏན་ཁེལ་གཞན་ཡོད་པ་དེ་ལས་ཕུད།
སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་དང་། ཨང་རྟགས། བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་བཅས་ཀྱི་དཔེ་དབྱིབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱས་ཏེ་བཟོ་དགོས་པ་ཡིན།
དོན་ཚན་བཅུ་བ། ཐོ་འགོད་བྱ་ཆོག་པའི་སྒུལ་སྐྱོད་རླངས་འཁོར་དེ་སྒུལ་སྐྱོད་རླངས་འཁོར་གྱི་རྒྱལ་ཁབ་བདེ་འཇགས་ལག་རྩལ་ཚད་གཞི་དང་མཐུན་དགོས། སྒུལ་སྐྱོད་རླངས་འཁོར་ཐོ་འགོད་ཀྱི་རེ་བ་ཞུ་སྐབས། སྒུལ་སྐྱོད་རླངས་འཁོར་དེར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་བྱེད་པ་དང་ལེན་བྱ་དགོས། འོན་ཀྱང་། རྒྱལ་ཁབ་སྒུལ་སྐྱོད་རླངས་འཁོར་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་རྒྱལ་ཁབ་བདེ་འཇགས་ལག་རྩལ་ཚད་གཞི་གཏན་ཁེལ་བྱས་པའི་ཁེ་ལས་ཐོན་སྐྱེད་ཀྱི་སྒུལ་སྐྱོད་རླངས་འཁོར་རིམ་གྲས་གཞིར་བཟུང་སྟེ། རླངས་འཁོར་དེའི་རིམ་གྲས་ཀྱི་རླངས་འཁོར་གསར་བ་དེ་བཟོ་གྲྭ་ལ་ཐོན་སྐབས། ཞིབ་བཤེར་ཚད་ལེན་བྱས་པའི་སྒུལ་སྐྱོད་རླངས་འཁོར་དེ་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་མཐུན་པར་ཞིབ་བཤེར་ཚད་ལེན་ཚད་མཐུན་བྱུང་བ་ལ། བདེ་འཇགས་ལག་རྩལ་གྱི་ཞིབ་བཤེར་ཚད་ལེན་བྱ་མི་དགོས།
དོན་ཚན་བཅུ་གཅིག་པ། སྒུལ་སྐྱོད་རླངས་འཁོར་བསྐོར་ནས་བགྲོད་ལམ་སྟེང་སྐྱོད་སྐབས། སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་འགེལ་བ་དང་། ཞིབ་བཤེར་ཚད་ལེན་ཚད་མཐུན་གྱི་ཨང་རྟགས་དང་། ཉེན་སྲུང་རྟགས་མཚན་སྦྱར་དགོས་པར་མ་ཟད། ད་དུང་རླངས་འཁོར་དང་མཉམ་དུ་སྒུལ་སྐྱོད་རླངས་འཁོར་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་ཀྱང་འཁྱེར་དགོས།
སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་དེ་གཏན་ཁེལ་ལྟར་འགེལ་དགོས་པར་མ་ཟད། ད་དུང་གསལ་བོ་དང་། ཆ་ཚང་བ། བསམ་གཟས་ནས་འགེབ་པར་མི་བྱ་བ་དང་འབག་བཙོག་མི་བྱ་བར་བྱེད་དགོས།
ལས་ཁུངས་གང་ཞིག་དང་མི་སྒེར་སུ་ཡིན་ཡང་སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་སྡུད་ལེན་དང་ཉེར་འཇོག་བྱ་མི་ཆོག།
དོན་ཚན་བཅུ་གཉིས་པ། གཤམ་གསལ་གྱི་སྣང་ཚུལ་རིགས་ཤིག་ཡོད་པ་ལ། དེ་འབྲེལ་གྱི་ཐོ་འགོད་བྱ་དགོས་ཏེ།
གཅིག སྒུལ་སྐྱོད་རླངས་འཁོར་གྱི་བདག་དབང་བརྗེ་སྤོར་བྱས་པ་ལ།
གཉིས། སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་ནང་དོན་གཞི་བསྒྱུར་བྱས་བ་ལ།
གསུམ། སྒུལ་སྐྱོད་རླངས་འཁོར་གཏའ་མར་འཇོག་པ་ལ།
བཞི། སྒུལ་སྐྱོད་རླངས་འཁོར་བེད་མེད་དུ་གཏོང་བ།
དོན་ཚན་བཅུ་གསུམ་པ། ཐོ་འགོད་བྱས་རྗེས་བགྲོད་ལམ་སྟེང་སྐྱོད་པའི་སྒུལ་སྐྱོད་རླངས་འཁོར་ལ། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་དུ། རླངས་འཁོར་གྱི་བཀོལ་སྤྱོད་དང་་། འགྲུལ་པ་དང་དངོས་ཟོང་གི་ཐེག་ཚད། བཀོལ་སྤྱོད་ཀྱི་ཡུན་ཚད་སོགས་གནས་ཚུལ་མི་འདྲ་བ་གཞིར་བཟུང་ནས། དུས་བཅད་ལྟར་བདེ་འཇགས་ལག་རྩལ་གྱི་ཞིབ་བཤེར་ཚད་ལེན་བྱ་དགོས། སྒུལ་སྐྱོད་རླངས་འཁོར་གྱི་མི་སྣ་གསུམ་པའི་བཙན་ཤེད་ཉེན་སྲུང་འགན་འཁུར་གྱི་རེའུ་མིག་མཁོ་སྤྲོད་བྱས་པ་ལ། སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ལས་ཁུངས་ཀྱིས་ཞིབ་བཤེར་ཚད་ལེན་བྱ་དགོས་ལ། ལས་ཁུངས་གང་ཞིག་གིས་ཀྱང་ཆ་རྐྱེན་གཞན་པ་ཟུར་སྣོན་བྱ་མི་ཆོག། སྒུལ་སྐྱོད་རླངས་འཁོར་དེ་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་མཐུན་པ་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་ཚད་ལེན་ཚད་མཐུན་གྱི་རྟགས་མཚན་སྟེར་དགོས།
སྒུལ་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་སྤྱི་ཚོགས་ཅན་དུ་ལག་བསྟར་བྱ་དགོས། བྱེ་བྲག་གི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱ་དགོས།
སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་དེ་སྤྱི་ཚོགས་ཅན་གྱི་གནས་སུ་ལག་བསྟར་བྱེད་པ་ལས། ལས་ཁུངས་གང་ཞིག་གིས་ཀྱང་སྒུལ་སྐྱོད་རླངས་འཁོར་གཏན་ཁེལ་བྱས་པའི་གནས་ཤིག་བསྟན་ནས་དེ་རུ་ཞིབ་བཤེར་ཚད་ལེན་བྱ་བའི་ཆ་རྐྱེན་འདོན་མི་ཆོག།
སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་ལས་ཁུངས་ཀྱིས་སྒུལ་སྐྱོད་རླངས་འཁོར་གྱི་ཞིབ་བཤེར་ཚད་ལེན་ལ་འགྲོ་གྲོན་སྡུད་པ་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་ཕབ་བྱས་པའི་དངུལ་སྡུད་ཚད་གཞི་ལྟར་གཟབ་ནན་གྱིས་ལག་བསྟར་བྱ་དགོས།
དོན་ཚད་བཅུ་བཞི་བ། རྒྱལ་ཁབ་ཀྱིས་སྒུལ་སྐྱོད་རླངས་འཁོར་བཙན་ཤེད་ཀྱིས་བེད་མེད་དུ་གཏོང་བའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད། སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་གནས་ཚུལ་མི་འདྲ་བ་དང་། སྤྱོད་ཐབས་ཀྱི་དགོས་མཁོ་མི་འདྲ་བ་གཞིར་བཟུང་ནས། བེད་མེད་དུ་གཏོང་བའི་ཚད་གཞི་མི་འདྲ་བའང་གཏན་ཁེལ་བྱས་ཡོད།
བེད་མེད་དུ་གཏོང་དགོས་པའི་སྒུལ་སྐྱོད་རླངས་འཁོར་ལ་ངེས་པར་དུས་ཐོག་ཏུ་ཐོ་བསུབས་ཐོ་འགོད་བྱ་དགོས།
བེད་མེད་ཀྱི་ཚད་གཞིར་བསླེབས་པའི་སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་བསྐྱོད་མི་ཆོག། བེད་མེད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་། དོས་འདྲེན་རླངས་འཁོར་བཅས་སྐྱེལ་འདྲེན་རླངས་འཁོར་གཞན་དག་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ལྟ་ཞིབ་འོག་ལྷུ་དབྲལ་བྱ་དགོས།
དོན་ཚན་བཅོ་ལྔ་བ། ཉེན་རྟོག་རླངས་འཁོར་དང་། མེ་འགོག་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར་བཅས་ལ་གཏན་ཁེལ་ལྟར་རྟགས་མཚན་རི་མོ་འབྲི་བ་དང་།ཡང་ན་ཉེན་བརྡ་གཏོང་ཆས་སམ་རྟགས་མཚན་གློག་ཆས་སོགས་སྤྲོད་དགོས། སྒུལ་སྐྱོད་རླངས་འཁོར་གཞན་དག་ལ་གོང་གསལ་གྱི་ཆེད་སྤྱོད་རླངས་འཁོར་ལྟར་རི་མོ་སོགས་བྲིས་མི་ཆོག་ལ། ཡང་ན་དེ་མཚུངས་ཀྱི་རྟགས་མཚན་རི་མོ་དང་། ཉེན་བརྡ་གཏོང་ཆས། རྟགས་མཚན་གློག་ཆས་སོགས་ཀྱང་བཞག་མི་ཆོག།
ཉེན་རྟོག་རླངས་འཁོར་དང་། མེ་འགོག་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སྲུང་རླངས་འཁོར་བཅས་ལ་གཟབ་ནན་གྱིས་གཏན་ཁེལ་གྱི་དགོས་མཁོ་དང་ཆ་རྐྱེན་ལྟར་བཀོལ་སྤྱོད་བྱ་འོས།
བགྲོད་ལམ་ལྟ་རྟོག་བརྟག་དཔྱད་ཀྱི་ཆེད་སྤྱོད་རླངས་འཁོར་ལ། བགྲོད་ལམ་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར། གཅིག་གྱུར་གྱི་རྟགས་མཚན་དང་བརྡ་གཏོང་གློག་ཆས་འཛུགས་དགོས།
དོན་ཚན་བཅུ་དྲུག་པ། ལས་ཁུངས་གང་ཞིག་དང་ཡང་ན་མི་སྒེར་སུ་ཡིན་ཡང་གཞན་གསལ་གྱི་བྱ་སྤྱོད་ཡོད་མི་ཆོག།
གཅིག སྒུལ་སྐྱོད་རླངས་འཁོར་ལྷུ་སྒྲིག་བྱེད་པའམ། ཡང་ན་རང་འདོད་ཀྱིས་ཐོ་འགོད་བྱས་ཟིན་པའི་སྒུལ་སྐྱོད་རླངས་འཁོར་གྱི་སྒྲིག་གཞི་དང་། ཆགས་གྲུབ། ཁྱད་ཆོས་སོགས་བསྒྱུར་བར་བྱེད་པ།
གཉིས། སྒུལ་སྐྱོད་རླངས་འཁོར་གྱི་རིམ་གྲས་རྟགས་མཚན་དང་། ཤེད་སྒུལ་འཕྲུལ་ཆས་ཀྱི་ཨང་རྟགས། རླངས་འཁོར་གྱི་སྒྲོམ་གཞིའི་ཨང་རྟགས་དང་ཡང་ན་རླངས་འཁོར་གྱི་དབྱེ་འབྱེད་ཚབ་རྟགས་སྒྱུར་བར་བྱེད་པ།
གསུམ། བསྒྱུར་བཟོའི་སྒུལ་སྤྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་དང་། ཨང་རྟགས། བགྲོད་སྐྱོད་ཡི་གེ། ཞིབ་བཤེར་ཚད་ལེན་ཚད་མཐུན་གྱི་ཡི་གེ། ཉེན་སྲུང་རྟགས་མཚན་སོགས་རྫུན་བཟོ་དང་། སྒྱུར་བཟོ་བྱེད་པའམ་ཡང་ན་དེ་དག་བཀོལ་སྤྱོད་བྱེད་པ།
བཞི། སྒུལ་སྐྱོད་རླངས་འཁོར་གཞན་གྱི་ཐོ་འགོད་འཛིན་ཡིག་དང་། ཨང་རྟགས། བགྲོད་སྐྱོད་ཡི་གེ། ཞིབ་བཤེར་ཚད་ལེན་ཚན་མཐུན་གྱི་འཛིན་ཡིག། ཉེན་སྲུང་རྟགས་མཚན་སོགས་བཀོལ་སྤྱོད་བྱེད་པ།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་སྒུལ་སྐྱོད་རླངས་འཁོར་ལ་མི་སྣ་གསུམ་པའི་བཙན་ཤེད་འགན་འཁུར་ཉེན་སྲུང་ལམ་ལུགས་ལག་བསྟར་བྱེད་པ་དང་། བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་གྱི་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩའང་བཙུགས་ཡོད་ལ། དེའི་བྱེ་བྲག་གི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱེད་པ་ཡིན།
དོན་ཚན་བཅོ་བརྒྱད་པ། ཁྲིམས་ལྟར་སྒུལ་སྐྱོད་རླངས་འཁོར་ཐོ་འགོད་བྱ་དགོས་པ་དེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐོ་འགོད་བྱས་རྗེས། བགྲོད་ལམ་སྟེང་བསྐྱོད་ཆོག་པ་ཡིན།
ཁྲིམས་ལ་བརྟེན་ནས་ཐོ་འགོད་བྱ་དགོས་པའི་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རིགས་དེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་གནས་དེའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གཏན་ཁེལ་བྱེད་དགོས།
སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་ཕྱི་དབྱིབས་ཀྱི་རིང་ཐུང་དང་། སྤུས་ཚད་། བསྒགས་ཟྭ། དུང་སྒྲ། མཚན་མོའི་ལྡོག་འོད་སྒྲིག་ཆས་སོགས་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བདེ་འཇགས་ལག་རྩལ་ཚད་གཞི་དང་མཐུན་དགོས།
དོན་ཚན་བཅུ་དགུ་བ། སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་བར་བྱ་བ་ལ། ཁྲིམས་ལྟར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་དགོས།
སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པར་རེ་བ་ཞུ་བ་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ཁ་ལོ་སྒྱུར་བའི་ཆ་རྐྱེན་དང་མཐུན་དགོས་པ་དང་། རྒྱུགས་འཕྲོད་རྗེས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེ་འབྲེལ་གྱི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་སྟེར་དགོས།
ཕྱི་རྒྱལ་གྱི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཡོད་མཁན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་ཞིབ་བཤེར་ཚད་ལྡན་བྱུང་ན། ཀྲུང་གོའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བྱིན་ཆོག།
ཁ་ལོ་པས་ཁ་ལོ་འཛིན་ཡིག་སྟེང་བཀོད་པའི་ཁ་ལོ་སྒྱུར་ཆོག་པའི་རིགས་ཀྱི་སྒུལ་སྐྱོར་རླངས་འཁོར་ལ་ཁ་ལོ་སྒྱུར་བ་དང་། སྒུལ་སྐྱོད་རླངས་འཁོར་ལ་ཁ་ལོ་སྒྱུར་སྐབས། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་སྡུད་ལེན་དང་ཉར་འཇོག་བྱ་མི་ཆོག།
དོན་ཚན་ཉི་ཤུ་བ། སྒུལ་སྐྱོད་རླངས་འཁོར་ཁ་ལོ་སྒྱུར་བའི་གསོ་སྦྱོང་དེ་སྤྱི་ཚོགས་ཅན་དུ་སྒྱུར་ཆེད། འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག་གིས་ཁ་ལོ་གསོ་སྦྱོང་སློབ་གྲྭ་དང་། དེའི་ནང་ཆེད་སྒྲུབ་ཀྱི་འདྲུད་འཐེན་འཁོར་ལོའི་ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭ་དང་། ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭ་དེ(ཞིང་ལས་འཕྲུལ་ཆས)ཞིང་ལས་གཙོ་གཉེར་སྡེ་ཁག་གིས་དོ་དམ་ཐོབ་ཐང་ལག་བསྟར་བྱ་དགོས།
ཁ་ལོ་པའི་གསོ་སྦྱོང་སློབ་གྲྭ་དང་། ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭས་ནན་ཏན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། སློབ་མར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ཁ་ལོ་པའི་ལག་རྩལ་ཐད་ནས་གསོ་སྦྱོང་བྱས་ཏེ། སྤུས་ཚད་ལ་འགན་སྲུང་བྱ་དགོས།
རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁ་ལོ་པ་གསོ་སྦྱོང་དང་རྒྱུགས་ལེན་གཙོ་གཉེར་སྡེ་ཁག་གང་ཞིག་གིས་ཀྱང་ཁ་ལོ་པའི་གསོ་སྦྱོང་སློབ་གྲྭའམ་ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱ་མི་ཆོག་ལ། དེར་ཞུགས་ཀྱང་མི་ཆོག།
དོན་ཚན་ཉེར་གཅིག་པ། ཁ་ལོ་པས་སྒུལ་སྐྱོད་རླངས་འཁོར་ཕྱི་རུ་མ་བསྐོར་སྔོན་ལ། དེའི་བདེ་འཇགས་ལག་རྩལ་བྱེད་ནུས་ལ་ནན་ཏན་གྱིས་ཞིབ་བཤེར་བྱ་དགོས་པ་ལས། བདེ་སྲུང་སྒྲིག་ཆས་མི་ཚང་བའམ་ཡང་ན་ལྷུ་ལག་ལག་རྩལ་ཚད་གཞི་དང་མི་མཐུན་པ་སོགས་བདེ་སྲུང་ལ་མངོན་མེད་ཆག་སྐྱོན་ཡོད་པའི་རླངས་འཁོར་བསྐོར་མི་ཆོག།
དོན་ཚན་ཉེར་གཉིས་པ། སྒུལ་སྐྱོད་རླངས་འཁོར་ཁ་ལོ་པས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ་གྱི་གཏན་ཁེལ་ལ་བརྩི་སྲུང་བྱས་ནས་ཚད་ལྡན་གྱི་ལག་རྩལ་ལྟར་རླངས་འཁོར་བསྐོར་དགོས།
ཆང་འཐུང་བ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་དབང་ཁམས་སྨན་རྫས་སམ། ཡང་ན་སྦྲིད་སྨན་འཐུང་བ། སྒུལ་སྐྱོད་རླངས་འཁོར་གཏོང་བར་བདེ་འཇགས་ལ་བཀག་འགོག་ཐེབས་པའི་ནད་ཡོད་པ། ངལ་དུབ་ཆེན་པོ་བྱུང་ནས་སྒུལ་སྐྱོད་རླངས་འཁོར་བསྐོར་བར་ཤུགས་རྐྱེན་ཡོད་པའི་མིས་རླངས་འཁོར་བསྐོར་མི་ཆོག།
མི་སུ་ཞིག་གིས་ཀྱང་བཙན་ཤེད་དང་། ངན་སྐུལ། རྒྱ་ཡན་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཁ་ལོ་པར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ངང་ཁ་ལོ་སྒྱུར་བའི་བླང་བྱ་དང་འགལ་ནས་རླངས་འཁོར་བསྐོར་དུ་འཇུག་པ་སོགས་བྱས་མི་ཆོག།
དོན་ཚན་ཉེར་གསུམ་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་གཞིར་བཟུང་ནས། དུས་བཅད་ལྟར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལ་ཞིབ་བཤེར་རྩིས་ལེན་བྱ་དགོས།
དོན་ཚན་ཉེར་བཞི་བ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ་དང་འགལ་བའི་ཁ་ལོ་པའི་བྱ་སྤྱོད་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་པ་ལས་གཞན། སྐར་འགོད་རིམ་བསགས་ལམ་ལུགས་ལག་བསྟར་བྱེད་དགོས། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རིམ་བསགས་སྐར་འགོད་གྲངས་ཀ་གཏན་ཁེལ་གྱི་སྐར་གྲངས་ལོངས་པའི་ཁ་ལོ་པའི་འཛིན་ཡིག་གཞུང་ཉེར་བྱེད་པ་དང་། དེར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ་ཐད་ཀྱི་སློབ་གསོ་གཏོང་བ། བསྐྱར་དུ་རྒྱུགས་ལེན་དུ་འཇུག་པ་དང་། རྒྱུགས་འཕྲོད་པ་ལ་ཁ་ལོ་པའི་འཛིན་ཡིག་ཕྱིར་སྟེར་དགོས།
བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ནས་ལོ་ཧྲིལ་བོར་སྐར་བགོད་བྱ་མི་དགོས་པའི་ཁ་ལོ་པར། ཁ་ལོ་པའི་འཛིན་ཡིག་ཞིབ་བཤེར་རྩིས་ལེན་བྱེད་ཡུན་ཇེ་རིང་དུ་གཏང་ཆོག། བྱེ་བྲག་གི་བྱེད་ཐངས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱ་དགོས།
དོན་ཚན་ཉེར་ལྔ་བ། རྒྱལ་ཡོངས་སུ་བགྲོད་ལམ་འགྲིམ་འགྲུལ་གྱི་བརྡ་རྟགས་གཅིག་གྱུར་ངང་ལག་བསྟར་བྱ་དགོས།
འགྲིམ་འགྲུལ་བརྡ་རྟགས་སུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་། འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་བཅས་འདུས།
འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་། འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་བཅས་ཀྱི་སྒྲིག་བཀོད་དེ། འགྲིམ་འགྲུལ་བདེ་འཇགས་དང་། འགྲིམ་འགྲུལ་ཤར་སྐྱོད་ཐུབ་པའི་བླང་བྱ། རྒྱལ་ཁབ་ཀྱི་ཚད་གཞི་བཅས་དང་མཐུན་དགོས་པར་མ་ཟད། ད་དུང་གསལ་བོ་དང་། ཡང་དག་པ། ཆ་ཚང་བཅས་ཡིན་དགོས།
ཤར་བགྲོད་ཀྱི་དགོས་མཁོ་གཞིར་བཟུང་ནས་དུས་ཐོག་ཏུ་བགྲོད་ལམ་འགྲིམ་འགྲུལ་གྱི་བརྡ་རྟགས་ཁ་སྣོན་དང་བརྗེ་སྤོར། གསར་དུ་བརྗེ་བ་སོགས་བྱ་དགོས། ཚོད་འཛིན་རང་བཞིན་གྱི་འགྲིམ་འགྲུལ་བརྡ་རྟགས་ཁ་སྣོན་དང་། བརྗེ་སྤོར། བརྡ་རྟགས་གསར་དུ་བརྗེ་བ་བཅས་བྱེད་དུས། སྔོན་མ་ནས་སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་བྱ་རྒྱུ་དང་། རྒྱ་ཁབ་ཏུ་དྲིལ་སྒྲོག་ཀྱང་བྱ་དགོས།
དོན་ཚན་ཉེར་དྲུག་པ། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ནི་ཁ་དོག་དམར་ལྗང་སེར་གསུམ་ལས་གྲུབ་པ་ཡིན། གློག་སྒྲོན་དམར་པོ་ནི་བགྲོད་སྐྱོད་བྱ་མི་ཆོག་པ་དང་། ལྗང་ཁུ་ནི་བགྲོད་སྐྱོད་བྱེད་ཆོག་པའི་བརྡ། སེར་པོ་ནི་ཉེན་བརྡ་ཡིན།
དོན་ཚན་ཉེར་བདུན་པ། ལྕགས་ལམ་དང་བགྲོད་ལམ་བསྣོལ་བའི་མདོ་ཁར་ཉེན་བརྡའི་གློག་སྒྲོན་དང་། ཉེན་བརྡའི་རྟགས་མཚན།བདེ་སྲུང་སྒྲིག་ཆས་བཅས་འཛུགས་དགོས་ལ། ལྟ་སྲུང་བྱེད་མཁན་མེད་པའི་ལྕགས་ལམ་གྱི་ལམ་མདོ་རུ་དེ་དང་བར་ཐག་ངེས་ཅན་ཡོད་པའི་སར་ཉེན་བརྡའི་རྟགས་མཚན་འཛུགས་དགོས།
དོན་ཚན་ཉེར་བརྒྱད་པ། ལས་ཁུངས་སམ་མི་སྒེར་གང་ཡིན་ཡང་གང་འདོད་ཀྱིས་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་། འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་བཅས་འཛུགས་པ་དང་། གནས་སྤོ་བ། བདག་ཏུ་འཛིན་པ། གཏོར་བཤིག་སོགས་བྱ་མི་ཆོག།
བགྲོད་ལམ་གྱི་གཡས་གཡོན་དང་བར་བཅད་ས་མཚམས་སུ་བཙུགས་པའི་ལྗོན་ཤིང་དང་སྐྱེ་དངོས་གཞན་དག། བརྡ་ཁྱབ་བྱང་བུ། གློག་སྐུད་སོགས་ཀྱི་སྒྲིག་ཆས་དེ། འགྲིམ་འགྲུལ་བརྡ་རྟགས་དང་བར་ཐག་ངེས་ཅན་ཞིག་འཇོག་དགོས་ལ། ལམ་སྒྲོན་དང་། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན། འགྲིམ་འགྲུལ་མཚོན་རྟགས་བཅས་སྒྲིབ་པར་བྱ་མི་ཆོག་ལ། བདེ་འཇགས་མཐོང་ལམ་སྒྲིབ་པ་དང་འགྲོ་སྐྱོད་མི་བདེ་བའང་བྱ་མི་ཆོག།
དོན་ཚན་ཉེར་དགུ་བ། བགྲོད་ལམ་དང་། རླངས་འཁོར་འཇོག་གནས། བགྲོད་ལམ་སྒྲིག་ཆས་སྒྲིག་བཀོད་ཀྱི་འཆར་འགོད་དང་ཇུས་འགོད། འཛུགས་སྐྲུན་བཅས་བྱེད་སྐབས་འགྲིམ་འགྲུལ་བདེ་འཇགས་དང་། ཤར་བགྲོད་ཐུབ་པའི་བླང་བྱ་དང་མཐུན་དགོས་པར་མ་ཟད།འགྲིམ་འགྲུལ་གྱི་དགོས་མཁོ་གཞིར་བཟུང་སྟེ་དུས་ཐོག་ཏུ་ལེགས་སྒྲིག་ཀྱང་བྱ་ཐུབ་དགོས།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བེད་སྤྱོད་བྱེད་བཞིན་པའི་བགྲོད་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་མང་བའི་ལམ་ཚིགས་སམ། ཡང་ན་རླངས་འཁོར་འཇོག་གནས་སོགས་སུ། བགྲོད་ལམ་གྱི་སྒྲིག་ཆས་སྒྲིག་བཀོད་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཐད་མངོན་མེད་གེགས་རྐྱེན་ཚབས་ཆེན་ཡོད་པ་ཤེས་གསལ་བྱུང་ཚེ། དུས་ཐོག་ཏུ་ས་གནས་དེའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པར་མ་ཟད། ད་དུང་འགྲིམ་འགྲུལ་སྔོན་འགོག་དང་མངོན་མེད་གེགས་རྐྱེན་སེལ་རྒྱུའི་སྐོར་གྱི་བསམ་འཆར་ཡང་འདོན་དགོས་ལ། ས་གནས་དེའི་མི་དམངས་སྲིད་གཞུང་གིས་ཀྱང་དུས་ཐོག་ཏུ་ཐག་གཅོད་བྱ་བའི་ཆོད་དོན་བཟོ་དགོས།
དོན་ཚན་སུམ་ཅུ་བ། བགྲོད་ལམ་བརྡིབས་པ་དང་། རྐོ་དོང་བྱུང་བ། ཆུས་བྲུས་པ། འབའ་འབུར་དོད་པ་སོགས་ཀྱི་གཏོར་སྐྱོན་བྱུང་བའམ། ཡང་ན་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་། འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་སོགས་འགྲིམ་འགྲུལ་སྒྲིག་ཆས་ལ་གནོད་སྐྱོན་ཕོག་པ་དང་རྩ་བརླགས་བྱུང་བའི་ཚེ། བགྲོད་ལམ་དང་འགྲིམ་འགྲུལ་སྒྲིག་ཆས་ཉམས་གསོ་སྡེ་ཁག་གམ། ཡང་ན་དོ་དམ་སྡེ་ཁག་གིས་ཉེན་བརྡའི་མཚོན་རྟགས་འཛུགས་དགོས་པར་མ་ཟད། ད་དུང་དུས་ཐོག་ཏུ་ཞིག་གསོའང་བྱ་དགོས།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གོང་གསལ་གྱི་ཚན་པའི་ནང་འཁོད་པའི་གནས་ཚུལ་ལྷགས་པའི་འགྲིམ་འགྲུལ་བདེ་འཇགས་ལ་གནོད་པ་དང་། ཉེན་བརྡའི་མཚོན་རྟགས་བཙུགས་མེད་པ་ཤེས་པ་ལ། དུས་ཐོག་ཏུ་ཉེན་སེལ་བྱེད་ཐབས་སྤྱད་དེ། འགྲིམ་འགྲུལ་བཀོད་འདོམས་བྱ་དགོས་པར་མ་ཟད། ད་དུང་བགྲོད་ལམ་དང་འགྲིམ་འགྲུལ་སྒྲིག་ཆས་ཉམས་གསོ་སྡེ་ཁག་གམ་ཡང་ན་དོ་དམ་སྡེ་ཁག་ལ་བརྡ་གཏོང་དགོས།
དོན་ཚན་སོ་གཅིག་པ། ལས་ཁུངས་གང་ཞིག་དང་མི་སྒེར་སུ་ཡིན་རུང་གོང་རིམ་གྱི་ཆོག་མཆེན་མེད་པར་་བགྲོད་ལམ་བཟུང་སྟེ་འགྲིམ་འགྲུལ་མ་ཡིན་པའི་བྱ་སྤྱོད་སྤེལ་མི་ཆོག།
དོན་ཚན་སོ་གཉིས་པ། ལས་གཞིའི་འཛུགས་སྐྲུན་གྱི་དགོས་མཁོའི་དབང་གིས་བགྲོད་ལམ་བཟུང་སྤྱོད་དང་སྔོག་པ། ཡང་ན་བགྲོད་ལམ་གཅོད་པ་དང་གཞུང་ལམ་བརྒྱུད་དེ་གློག་སྐུད་སྒྲིག་ཆས་གསར་སྣོན་བྱེད་པར། སྔོན་དུ་བགྲོད་ལམ་གཙོ་གཉེར་ལས་ཁུངས་སུ་ཆོག་མཆན་ཞུ་བ་དང་། འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ་ལ། འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ལས་ཁུངས་སུའང་ཆོག་མཆན་ཞུ་དགོས།
ལས་གཞིའི་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་པའི་ལམ་ཚིགས་དང་དུས་ཚོད་ནང་ལས་ཀ་བྱ་དགོས་པར་མ་ཟད། ད་དུང་ལས་གཞིའི་གནས་སུ་རླངས་འཁོར་ཡོང་བའི་ཕྱོགས་སུ་བདེ་འཇགས་ཀྱི་བར་ཐག་ངེས་ཅན་ཡོད་པའི་མཚམས་དེར་མངོན་གསལ་གྱིས་བདེ་འཇགས་ཉེན་བརྡའི་མཚོན་རྟགས་ཤིག་འཛུགས་དགོས་ཤིང་། བདེ་སྲུང་བྱ་ཐབས་ཀྱང་སྤྱོད་དགོས། ལས་བཟོ་གྲུབ་རྗེས་མྱུར་དུ་ལམ་གྱི་སྙིགས་རོ་གཙང་སེལ་དང་། མངོན་མེད་གེགས་རྐྱེན་མེད་པར་བཟོས་ནས་བགྲོད་ལམ་གཙོ་གཉེར་སྡེ་ཁག་དང་། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་མཐུན་བྱུང་བ་དང་། ཤར་བགྲོད་བྱེད་པའི་ཆ་རྐྱེན་དང་མཐུན་ཚེ། སྔར་བཞིན་འགྲོ་སྐྱོད་བྱེད་ཆོག།
འགྲིམ་འགྲུལ་མི་ཁེགས་པར་བྱས་ནས་བགྲོད་ལམ་སྟེང་ལས་བཟོ་བྱེད་སྐབས། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེ་གའི་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་སྐུལ་དང་བརྟག་དཔྱད་ལ་ཤུགས་སྣོན་བྱས་ཏེ། བགྲོད་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོབ་བྱ་དགོས།
དོན་ཚན་སོ་གསུམ་པ། སྤྱི་སྤྱོད་བཟོ་བཀོད་དང་། ཚོང་ལམ། བཅའ་སྡོད་ཁུལ། བཟོ་བཀོད་ཆེ་འབྲིང་གྲས་སོགས་གསར་དུ་འཛུགས་པ་དང་བཅོས་སྐྲུན། རྒྱས་སྐྲུན་བཅས་བྱེད་སྐབས། དེ་དང་ཆབས་ཅིག་ཏུ་རླངས་འཁོར་འཇོག་ས་བསྐྲུན་པ་དང་། རླངས་འཁོར་འཇོག་ས་སྣོན་འཛུགས་བྱ་དགོས། རླངས་འཁོར་འཇོག་གནས་མི་འདང་བ་ལ། དུས་ཐོག་ཏུ་བཅོས་སྐྲུན་ནམ་རྒྱས་སྐྲུན་བྱ་དགོས། རླངས་འཁོར་འཇོག་པར་བེད་སྤྱོད་བྱེད་བཞིན་པ་དེ་རང་འདོད་ངང་སྤྱོད་མཚམས་འཇོག་པའམ་ཡང་ན་སྤྱོད་སྒོ་གཞན་དུ་བསྒྱུར་མི་ཆོག།
གྲོང་ཁྱེར་གྱི་བགྲོད་ལམ་ཁྱབ་ཁོངས་སུ་ལམ་འགྲོ་པ་དང་། རླངས་འཁོར་བགྲོད་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རླངས་འཁོར་འཇོག་ས་འཆར་འགོད་བྱེད་ཆོག།
དོན་ཚན་སོ་བཞི་བ། སློབ་གྲྭ་དང་། བུ་བཅོལ་ཁང་། སྨན་ཁང་། རྒན་གསོ་ཁང་བཅས་ཀྱི་སྒོ་མདུན་གྱི་བགྲོད་ལམ་སྟེང་མི་བརྒལ་བྱེད་ཀྱི་སྒྲིག་ཆས་མེད་པ་ལ། མི་འགྲོ་འཕྲེད་ལམ་གྱི་རྟགས་འཐེན་པ་དང་། བརྡ་རྟགས་མཚོན་རྟགས་འཛུགས་དགོས།
གྲོང་ཁྱེར་གྱི་བགྲོད་ལམ་གཙོ་བོའི་མི་འགྲོ་འཕྲེད་ལམ་སྟེང་ལོང་བ་འགྲོ་སའི་ལམ་བུ་བཟོ་དགོས། ལོང་བ་འགྲོ་སའི་ལམ་བུའི་བཀོད་སྒྲིག་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས།
དོན་ཚན་སོ་ལྔ་བ། སྒུལ་སྐྱོད་རླངས་འཁོར་གྱི་རིགས་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་ལམ་གྱི་གཡས་ནས་བགྲོད་དགོས།
དོན་ཚན་སོ་དྲུག་པ། བགྲོད་ལམ་གྱི་ཆ་རྐྱེན་དང་ཤར་བགྲོད་ཀྱི་དགོས་མཁོར་བསྟུན་ནས་བགྲོད་ལམ་ལའང་སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་ལམ་དང་། སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བགྲོད་ལམ། མི་འགྲོ་འཕྲེད་ལམ་བཅས་ཁག་གསུམ་དུ་དབྱེ་བ་ལ། སྒུལ་སྐྱོད་རླངས་འཁོར་དང་། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ། ལམ་འགྲོ་པ་བཅས་ཚང་མ་ཁག་བགོས་ནས་རང་ལམ་དུ་རང་བགྲོད་དགོས། སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་དང་། སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བགྲོད་ལམ། མི་འགྲོ་འཕྲེད་ལམ་བཅས་ཕྱེ་མེད་པའི་བགྲོད་ལམ་དུ་སྒུལ་སྐྱོད་རླངས་འཁོར་ལམ་དཀྱིལ་ནས་བགྲོད་པ་དང་། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དང་ལམ་འགྲོ་པ་ལམ་གྱི་ཟུར་གཉིས་ནས་བགྲོད་དགོས།
དོན་ཚན་སོ་བདུན་པ། བགྲོད་ལམ་དུ་ཆེད་སྤྱོད་རླངས་འཁོར་ལམ་ལོགས་སུ་ཕྱེས་ཡོད་པ་ལ། ཆེད་སྤྱོད་རླངས་འཁོར་ལམ་དུ་གཏན་ཁེལ་བྱས་པའི་རླངས་འཁོར་ཁོ་ན་ཤར་བགྲོད་བྱེད་ཆོག་པ་ལས། རླངས་འཁོར་གཞན་དག་ཆེད་སྤྱོད་རླངས་འཁོར་ལམ་དུ་བགྲོད་མི་ཆོག།
དོན་ཚན་སོ་བརྒྱད་པ། སྒུལ་སྐྱོད་རླངས་འཁོར་དང་ལམ་འགྲོ་པ་འགྲིམ་འགྲུལ་གྱི་བརྡ་རྟགས་ལྟར་བགྲོད་དགོས་པ་དང་། འགྲིམ་འགྲུལ་ཉེན་རྟོག་པས་ཡུལ་དངོས་སུ་བཀོད་འདོམས་བྱེད་པ་དང་འཕྲད་དུས། འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་བསྐྱོད་དགོས།འགྲིམ་འགྲུལ་བརྡ་རྟགས་མེད་པའི་བགྲོད་ལམ་སྟེང་བདེ་འཇགས་དང་ཤར་བགྲོད་ཁག་ཐེག་གི་རྩ་དོན་འོག་ཤར་བགྲོད་བྱ་དགོས།
དོན་ཚན་སོ་དགུ་བ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བགྲོད་ལམ་དང་འགྲིམ་འགྲུལ་གྱི་གནས་ཚུལ་དངོས་གཞིར་བཟུང་ནས་སྒུལ་སྐྱོད་རླངས་འཁོར་དང་། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ། ལམ་འགྲོ་པ་བཅས་ལ་ལམ་སྟོན་དང་། བགྲོད་སྐྱོད་ཚོད་འཛིན་དང་བཀག་སྡོམ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས། མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་སྤེལ་བ་དང་། གཞི་རྒྱ་ཆེ་བིའ་ལས་བཟོ་སོགས་ཀྱི་གནས་ཚུལ་བྱུང་དུས། འགྲིམ་འགྲུལ་ལ་ཚོད་འཛིན་བྱེད་ཐབས་སྤྱོད་པའམ་ཡང་ན་མང་ཚོགས་ཀྱི་འགྲིམ་འགྲུལ་བྱ་འགུལ་ལ་དངོས་སུ་འབྲེལ་བ་ཡོད་པའི་གཏན་ཁེལ་གང་ཞིག་བྱ་དགོས་ན། སྔོན་ནས་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས།
དོན་ཚན་བཞི་བཅུ་བ། རང་བྱུང་གནོད་འཚེ་དང་། ནམ་ཟླ་མི་ལེགས་པ། ཡང་ན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་སོགས་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་སྣང་ཚུལ་བྱུང་བར། བྱེད་ཐབས་གཞན་དག་སྤྱད་ཀྱང་འགྲིམ་འགྲུལ་བདེ་འཇགས་ཡོང་བར་འགན་ལེན་བྱ་དཀའ་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་བཀག་རྒྱ་བྱ་དགོས།
དོན་ཚན་ཞེ་གཅིག་པ། བགྲོད་ལམ་ཤར་བགྲོད་དང་འབྲེལ་བའི་གཞན་པའི་བྱེ་བྲག་གི་གཏན་ཁེལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱ་དགོས།
དོན་ཚན་ཞེ་གཉིས་པ། བགྲོད་ལམ་དུ་སྒུལ་སྐྱོད་རླངས་འཁོར་གཏོང་སྐབས། མྱུར་ཚད་ཚོད་འཛིན་རྟགས་མཚན་བཙུགས་མེད་པའི་ལམ་ཚུགས་སུ། བདེ་འཇགས་ཀྱི་རླངས་འཁོར་མྱུར་ཚད་རྒྱུན་སྲུང་བྱ་དགོས། མཚན་མོའམ་ཡང་ན་ཉེན་ཁ་འབྱུང་སླ་བའི་ལམ་ཚིགས་སུ་སྐྱོད་པ་དང་། དེ་བཞིན་རྡུལ་འཚུབས་པ། སེར་བ་འབབ་པ། ཁ་བ་འབབ་པ། སྨུག་པ་འཐིབས་པ། དར་ཆགས་པ་སོགས་ཀྱི་ནམ་ཟླར་འཕྲད་དུས་རླངས་འཁོར་ཀྱི་མྱུར་ཚད་ཇེ་དལ་དུ་གཏོང་དགོས།
དོན་ཚན་ཞེ་གསུམ་པ། བགྲོད་ལམ་ཁ་ཕྱོགས་གཅིག་པའི་རླངས་འཁོར་ཚང་མས། རླངས་འཁོར་ཕྱི་མ་དེས་རླངས་འཁོར་སྔོན་མའི་བར་དུ་བསྒགས་ཟྭ་གནོན་པའི་བྱེད་ཐབས་སྤྱོད་པར་འདང་བའི་བར་ཐག་འཇོག་དགོས། གཤམ་གསལ་གྱི་སྣང་ཚུལ་རིགས་གཅིག་མཆིས་ན་རླངས་འཁོར་སྔོན་མ་ལས་བརྒལ་མི་ཆོག་སྟེ།
གཅིག རླངས་འཁོར་སྔོན་མ་གཡོན་དུ་དཀྱོག་པ་དང་ཁ་ཕྱིར་ལྡོག་པ། རླངས་འཁོར་སྔོན་མ་ལས་བརྒལ་བ་བཅས་བྱེད་སྐབས།
གཉིས། མདུན་ཕྱོགས་ནས་ཡོང་བའི་རླངས་འཁོར་དང་གདོང་གཏུག་ཡོང་ཤས་ཆེ་བ།
གསུམ། རླངས་འཁོར་སྔོན་མ་ནི་བྲེལ་མྱུར་ལས་འགན་སྒྲུབ་པའི་ཉེན་རྟོག་རླངས་འཁོར་དང་མེ་གསོད་རླངས་འཁོར། སྨན་བཅོས་སྲོག་སྐྱོབ་རླངས་འཁོར། ལས་བཟོའི་ཉེན་སྐྱོབ་རླངས་འཁོར་བཅས་ཡིན་པ།
བཞི། ལྕགས་ལམ་འཕྲད་དུ་གཅོད་པའི་མདོ་ཁ་དང་། བཞི་མདོ། ཟམ་པ་དོག་པོ། ལམ་ཀྱག་ཀྱོག། ལ་གཟར་བའི་ལམ་ཚིགས། ཕུག་ལམ། མི་འགྲོ་འཕྲེད་ལམ། གྲོང་ཁྱེར་གྱི་འགྲིམ་འགྲུལ་བྲེལ་ཟིང་ཆེ་བའི་ལམ་ཚིགས་སོགས་སུ་རླངས་འཁོར་སྔོན་མ་ལས་བརྒལ་བའི་ཆ་རྐྱེན་མི་ལྡན་པ།
དོན་ཚན་ཞེ་བཞི་པ། སྒུལ་སྐྱོད་རླངས་འཁོར་བཞི་མདོར་བསྐྱོད་ན་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་། འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་གམ། ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་། འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་གམ། ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་བཞི་མདོར་བསྐྱོད་ན། རླངས་འཁོར་ཇེ་དལ་དུ་གཏོང་བ་དང་། ལམ་འགྲོ་པ་དང་སྔོན་དུ་བསྐྱོད་ཆོག་པའི་རླངས་འཁོར་སྔོན་དུ་འགྲོ་རུ་འཇུག་དགོས།
དོན་ཚན་ཞེ་ལྔ་བ། སྒུལ་སྐྱོད་རླངས་འཁོར་མདུན་དུ་གྲལ་བསྒྲིགས་ནས་སྒུག་སྡོད་པའམ་ཡང་ན་དལ་བུར་སྐྱོད་པ་དང་འཕྲད་དུས། རླངས་འཁོར་བགྲོད་ལམ་གཞན་གྱིས་བཟུང་སྟེ་རླངས་འཁོར་སྔོན་མ་ལས་བརྒལ་བའམ་ཡང་ན་ཕ་རོལ་ཕྱོགས་ཀྱི་ལམ་བཟུང་མི་ཆོག་པ་དང་།སྒུག་ནས་སྡོད་པའི་རླངས་འཁོར་གྱི་བར་གསེང་དུའང་འཛུལ་མི་ཆོག།
དོན་ཚན་ཞེ་དྲུག་པ། སྒུལ་སྐྱོད་རླངས་འཁོར་ལྕགས་ལམ་མདོ་ཁར་བསླེབས་སྐབས། འགྲིམ་འགྲུལ་བརྡ་རྟགས་སམ་ཡང་ན་དོ་དམ་པའི་བཀོད་འདོམས་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་སམ་དོ་དམ་པ་མེད་ན་རླངས་འཁོར་ཇེ་དལ་བུ་གཏོང་བའམ། ཡང་ན་རླངས་འཁོར་གཏོང་མཚམས་འཇོག་པ་དང་། ཉེན་ཁ་མེད་པར་ཐག་གཅོད་བྱས་རྗེས་བསྐྱོད་དགོས།
དོན་ཚན་ཞེ་བདུན་པ། སྒུལ་སྐྱོད་རླངས་འཁོར་མི་འགྲོ་འཕྲེད་ལམ་དུ་སྐྱོད་དུས་ཇེ་དལ་དུ་གཏོང་དགོས་པ་དང་། ལམ་འགྲོ་པ་མི་འགྲོ་འཕྲེད་ལམ་དུ་སྐྱོད་པ་དང་ཐུག་དུས། རླངས་འཁོར་སྐྱོད་མཚམས་བཞག་ནས་ལམ་འགྲོ་པར་ལམ་ཕྱེ་དགོས།
སྒུལ་སྐྱོད་རླངས་འཁོར་འགྲིམ་འགྲུལ་བརྡ་རྟགས་མེད་པའི་བགྲོད་ལམ་དུ་སྐྱོད་དུས། ལམ་འགྲོ་པ་མི་འགྲོ་འཕྲེད་ལམ་དུ་འགྲོ་བའི་གནས་ཚུལ་དང་འཕྲད་ཚེ། རླངས་འཁོར་བསྡད་དེ་ལམ་ཕྱེ་དགོས།
དོན་ཚན་ཞེ་བརྒྱད་པ། སྒུལ་སྐྱོད་རླངས་འཁོར་དུ་དངོས་ཟོང་སྐྱེལ་འདྲེན་བྱས་ན་ཞིབ་བཤེར་གཏན་ཁེལ་བྱས་པའི་ཐེག་ཚད་དང་མཐུན་པར་བྱ་དགོས་པ་ལས། ཐེག་ཚད་ལས་བརྒལ་མི་ཆོག་པ་དང་། སྐྱེལ་འདྲེན་བྱ་རྒྱུའི་དངོས་ཟོང་ཆེ་ཆུང་དང་མཐོ་ཚད་ཀྱང་ཚད་གཞི་ལས་བརྒལ་མི་ཆོག་ལ། སྐྱེལ་འདྲེན་བྱ་རྒྱུའི་དངོས་ཟོང་གཡེང་བ་དང་འགྲེམ་སྟོར་ཡང་བྱས་མི་ཆོག།
སྒུལ་སྐྱོད་རླངས་འཁོར་དུ་ཚད་ལས་བརྒལ་ཞིང་ལྷུ་ཕྲལ་བྱ་མི་ཐུབ་པའི་དངོས་ཟོང་སྐྱེལ་འདྲེན་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ་ཡིན་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དམིགས་གཏད་བྱས་པའི་དུས་ཚོད་དང་། བགྲོད་ལམ། མྱུར་ཚད་ལྟར་རླངས་འཁོར་གཏོང་བ་དང་། མངོན་གསལ་གྱི་མཚོན་རྟགས་ཀྱང་འགེལ་དགོས། བགྲོད་ལམ་དུ་ཚད་ལས་བརྒལ་ཞིང་ལྷུ་གཏོར་མི་ཐུབ་པའི་དངོས་ཟོར་སྐྱེལ་འདྲེན་བྱེད་པ་ཡིན་ན། བགྲོད་ལམ་བཅའ་ཁྲིམས་སུ་འཁོད་པའི་གཏན་ཁེལ་ལྟར་བྱ་དགོས།
དོན་ཚན་ཞེ་དགུ་བ། སྒུལ་སྐྱོད་རླངས་འཁོར་དུ་མི་སྡོད་སྐབས་གཏན་ཁེལ་བྱས་པའི་མི་གྲངས་ལས་བརྒལ་མི་ཆོག་པ་དང་། འགྲུལ་སྐྱེལ་རླངས་འཁོར་གྱི་གཏན་ཁེལ་དང་འགལ་ནས་དངོས་ཟོང་ཡང་སྐྱེལ་འདྲེན་བྱ་མི་ཆོག།
དོན་ཚན་ལྔ་བཅུ་བ། དངོས་འདྲེན་སྒུལ་སྐྱོད་རླངས་འཁོར་དུ་འགྲུལ་པ་བསྡད་མི་ཆོག་ལ། དངོས་འདྲེན་སྒུལ་སྐྱོད་རླངས་འཁོར་གྱིས་ལས་སྒྲུབ་པ་ཞོར་དུ་བསྐྱལ་དགོས་བྱུང་ཚེ། ལས་སྒྲུབ་པར་བདེ་སྲུང་བྱེད་ཐབས་སྤྱོད་དགོས།
དོན་ཚན་ང་གཅིག་པ། སྒུལ་སྐྱོད་རླངས་འཁོར་སྐྱོད་སྐབས། ཁ་ལོ་པ་དང་འགྲུལ་པས་སྐྱོབ་ཐག་བསྡམས་དགོས་པ་དང་། འཕྲུལ་རྟར་ཞོན་མཁན་གྱིས་གཏན་ཁེལ་ལྟར་ཉེན་སྲུང་རྨོག་ཞྭ་གྱོན་དགོས།
དོན་ཚན་ང་གཉིས་པ། སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་དུ་ཆག་སྐྱོན་བྱུང་ནས་རླངས་འཁོར་གཏོང་མཚམས་བཞག་སྟེ་ཞིག་གསོ་བྱ་དགོས་བྱུང་ན། ཁ་ལོ་པས་མགྱོགས་མྱུར་ངང་ཉེན་བརྡའི་འོད་འཚེར་གློག་སྒྲོན་བཀར་ནས་རླངས་འཁོར་འགྲིམ་འགྲུལ་ལ་བཀག་འགོག་མི་ཐེབས་པའི་སར་གནས་སྤོར་བྱ་རྒྱུ་དང་། གནས་སྤོར་བྱེད་དཀའ་བ་ཡིན་ན་ཉེན་བརྡ་གཏོང་བའི་འོད་འཚེར་གློག་སྒྲོན་མུ་མཐུད་དུ་བཀར་བ་དང་སྦྲགས། ད་དུང་རླངས་འཁོར་ཡོང་སར་ཉེན་ཟོན་མཚོན་རྟགས་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཉེན་བརྡ་གཏོང་བའི་བར་ཐག་ཇེ་རིང་དུ་གཏོང་དགོས་པ་དང་། དགོས་གལ་བྱུང་ཚེ་མགྱོགས་མྱུར་ངང་ཉེན་ཞུ་ཡང་བྱ་དགོས།
དོན་ཚན་ང་གསུམ་པ། ཉེན་རྟོག་རླངས་འཁོར་དང་། མེ་གསོད་རླངས་འཁོར། སྲོག་སྐྱོབ་རླངས་འཁོར། ལས་བཟོའི་ཉེན་སྐྱོབ་རླངས་འཁོར་བཅས་ཀྱིས་ཛ་དྲག་ཆེ་བའི་ལས་འགན་སྒྲུབ་དུས་ཉེན་བརྡ་གཏོང་བའི་ཡོ་ཆས་དང་བརྡ་རྟགས་གློག་སྒྲོན་སྤྱད་ཆོག་ལ། བདེ་འཇགས་ཁག་ཐེག་གི་ཆ་རྐྱེན་འོག་བགྲོད་སྐྱོད་བགྲོད་ལམ་དང་། ཁ་ཕྱོགས། མྱུར་ཚད། བརྡ་གཏོང་གློག་སྒྲོན་བཅས་ཀྱི་ཚོད་འཛིན་མི་ཐེབས་པར་བྱས་ནས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་དང་ལམ་འགྲོ་པ་སྔོན་དུ་འགྲོ་རུ་འཇུག་དགོས།
ཉེན་རྟོག་རླངས་འཁོར་དང་། མེ་གསོད་རླངས་འཁོར། སྲོག་སྐྱོབ་རླངས་འཁོར། ལས་བཟོའི་ཉེན་སྐྱོབ་རླངས་འཁོར་བཅས་ཀྱིས་ཛ་དྲག་མིན་པའི་ལས་འགན་སྒྲུབ་དུས་ཉེན་བརྡ་གཏོང་བའི་ཡོ་ཆས་དང་མཚོན་རྟགས་གློག་སྒྲོན་སྤྱད་མི་ཆོག་ལ། གོང་གསལ་གྱི་དོན་ཚན་ནང་གཏན་ཁེལ་བྱས་པའི་སྔོན་བགྲོད་ཀྱི་དབང་ཆའང་ལོངས་སུ་མི་སྤྱོད་པར་བྱ་དགོས།
དོན་ཚན་ང་བཞི་བ། ལམ་གསོ་རླངས་འཁོར་དང་བཟོ་སྐྲུན་ལས་སྒྲུབ་རླངས་འཁོར་གྱིས་ལས་སྒྲུབ་བྱེད་དུས། ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱིས་ལས་སྒྲུབ་བྱེད་དུས། ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཤར་བགྲོད་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག། དེའི་བགྲོད་ལམ་དང་ཁ་ཕྱོགས་ལ་འགྲིམ་འགྲུལ་མཚོན་རྟགས་ལམ་ཐིག་གིས་ཚོད་འཛིན་མི་ཐེབས་པར། ཕར་འགྲོ་ཚུར་འོང་གི་རླངས་འཁོར་དང་མི་སྣས་གཟུར་གཡོལ་བྱ་བར་མཉམ་འཇོག་དགོས།
ཆུ་གཏོར་རླངས་འཁོར་དང་། གཙང་ཕྱགས་རླངས་འཁོར་སོགས་སྒུལ་སྐྱོད་རླངས་འཁོར་གྱིས་བདེ་འཇགས་ཚད་གཞི་ལྟར་ལས་ཀ་བསྒྲུབ་རྒྱུ་དང་། རླངས་འཁོར་གཞན་དག་ཤར་བགྲོད་ལ་འགོག་རྐྱེན་མི་བཟོ་བའི་གནས་ཚུལ་འོག། བགྲོད་ལམ་གྱི་ལམ་ཐིག་དབྱེ་ནས་བསྐྱོད་མི་དགོས་མོད། འོན་ཀྱང་ལྡོག་འགྲོས་སུ་གཏན་ནས་བསྐྱོད་མི་ཆོག།
དོན་ཚན་ང་ལྔ་བ། མྱུར་འགྲོས་གཞུང་ལམ་དང་། གྲོང་ཁྱེར་ཆེ་འབྲིང་ལྟེ་གནས་ཁུལ་གྱི་བགྲོད་ལམ་དུ་འདྲུད་འཐེན་འཁོར་ལོ་སྐྱོད་མི་ཆོག། འདྲུད་འཐེན་འཁོར་ལོ་བསྐྱོད་མི་ཆོག་པའི་བགྲོད་ལམ་གཞན་དག་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ས་ཆ་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་ཕབ་བྱ་རྒྱུ།
འདྲུད་འཐེན་འཁོར་ལོ་བསྐྱོད་ཆོག་པའི་བགྲོད་ལམ་དུ་འདྲུད་འཐེན་འཁོར་ལོས་དངོས་ཟོང་སྐྱེལ་འདྲེན་བྱ་ཆོག་མོད། འོན་ཀྱང་འགྲུལ་པ་བསྐྱལ་མི་རུང་།
དོན་ཚན་ང་དྲུག་པ། སྒུལ་སྐྱོད་རླངས་འཁོར་གཏན་ཁེལ་གྱི་གནས་སུ་འཇོག་དགོས་པ་ལས། མི་འགྲོ་འཕྲེད་ལམ་དུ་རླངས་འཁོར་བཞག་མི་ཆོག། འོན་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་སོ་གསུམ་པའི་ནང་འཁོད་པའི་གཏན་ཁེལ་ལྟར་ལག་བསྟར་དང་བཀོད་སྒྲིག་བྱས་པའི་རླངས་འཁོར་འཇོག་ས་དེ་ལས་ཕུད་པ་ཡིན།
བགྲོད་ལམ་སྟེང་གནས་སྐབས་སུ་རླངས་འཁོར་གཏོང་མཚམས་འཇོག་དགོས་བྱུང་ན། རླངས་འཁོར་གཞན་དང་ལམ་འགྲོ་པའི་འགྲོ་སྐྱོད་ལ་བར་ཆད་གཏོང་མི་ཆོག།
གསུམ། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་ཤར་བགྲོད་ཀྱི་གཏན་ཁེལ།
དོན་ཚན་ང་བདུན་པ། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་བསྐོར་ནས་བགྲོད་ལམ་དུ་སྐྱོད་པར་འགྲིམ་འགྲུལ་བདེ་འཇགས་ཀྱི་འབྲེལ་ཡོད་གཏན་ཁེལ་ལ་བརྩི་སྲུང་བྱ་དགོས། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བགྲོད་ལམ་མེད་ན། བགྲོད་ལམ་གཡས་ངོས་བརྒྱུད་ནས་བསྐྱོད་དགོས།
དོན་ཚན་ང་བརྒྱད་པ། དབང་བོ་སྐྱོན་ཅན་གྱི་སྒུལ་སྐྱོད་ཁྲིའུ་འཁོར་དང་། གློག་སྒུལ་ལྕགས་རྟ་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་བགྲོད་ལམ་དུ་སྐྱོད་སྐབས། དུས་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་བཅོ་ལྔ་ལས་བརྒལ་མི་ཆོག།
དོན་ཚན་ང་དགུ་བ། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་གཏན་ཁེལ་བྱས་པའི་གནས་སུ་འཇོག་དགོས་པ་དང་། འཇོག་གནས་གཏན་ཁེལ་མེད་ན། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་རླངས་འཁོར་གཞན་དག་དང་ལམ་འགྲོ་པ་བགྲོད་པར་བར་ཆད་མི་གཏོང་བའི་གནས་སུ་འཇོག་དགོས།
དོན་ཚན་དྲུག་ཅུ་བ། ཤིང་རྟ་འཁོར་ལོ་གཏོང་དུས་གཡུང་ཕྱུགས་ལ་འཐེན་དུ་འཇུག་དགོས། ཤིང་རྟ་འཁོར་ལོ་བཏང་ནས་བགྲོད་ལམ་འཕྲེད་བརྒལ་བྱེད་དུས་ཁ་ལོ་པ་སར་བབས་ནས་སྒོ་ཕྱུགས་ཁྲིད་དེ་སྐྱོད་པ་དང་། ཁ་ལོ་པ་ཤིང་རྟ་འཁོར་ལོ་དང་ཁ་འབྲལ་ཚེ་སྒོ་ཕྱུགས་འདོག་དགོས།
དོན་ཚན་རེ་གཅིག་པ། ལམ་འགྲོ་པ་ནི་མི་འགྲོ་འཕྲེད་ལམ་དུ་བསྐྱོད་དགོས་པ་དང་། མི་འགྲོ་འཕྲེད་ལམ་མེད་ན་ལམ་ཟུར་ནས་བསྐྱོད་དགོས།
དོན་ཚན་རེ་གཉིས་པ། ལམ་འགྲོ་པ་ལམ་མདོ་རུ་སྐྱོད་པའམ་ཡང་ན་བགྲོད་ལམ་འཕྲེད་བརྒལ་བྱེད་དུས། མི་འགྲོ་འཕྲེད་ལམ་མམ་ཡང་ན་ཁྲོམ་ལམ་བརྒལ་བའི་སྒྲིག་ཆས་སྟེང་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་ཀྱི་གློག་སྒྲོན་ཡོད་པའི་མི་འགྲོ་འཕྲེད་ལམ་དུ་སྐྱོད་དུས།འགྲིམ་འགྲུལ་བརྡ་རྟགས་ཀྱི་གློག་སྒྲོན་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་ཀྱི་གློག་སྒྲོན་དང་མི་འགྲོ་འཕྲེད་ལམ་མེད་པའི་ལམ་མདོར་བསྐྱོད་པའམ། ཡང་ན་ཁྲོད་ལམ་བརྒལ་བའི་སྒྲིག་ཆས་མེད་པའི་ལམ་དུ་འཕྲེད་བརྒལ་བྱེད་དུས་ཉེན་ཁ་མེད་པར་ཐག་གཅོད་བྱེས་རྗེས་བསྐྱོད་དགོས།
དོན་ཚན་རེ་གསུམ་པ། ལམ་འགྲོ་པ་བགྲོད་ལམ་གྱི་བར་གཅོད་བྱེད་ཀྱི་སྒྲིག་ཆས་ལས་བརྒལ་བ་དང་། དེར་བསྙེས་ཏེ་བསྡད་མི་ཆོག་ལ། རླངས་འཁོར་ལ་འཛེག་པ་དང་བཙན་ཤུགས་ཀྱིས་རླངས་འཁོར་འགོག་པ། ཡང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་བྱ་མི་ཆོག།
དོན་ཚན་རེ་བཞི་བ། སློབ་སྔོན་བྱིས་པ་དང་ཡང་ན་བྱ་སྤྱོད་འགྲིག་མིན་གསལ་འབྱེད་དམ་ཚོད་འཛིན་བྱེད་ནུས་མེད་པའི་དབང་ཁམས་ཀྱི་ནད་ཡོད་པ་ཅན་དང་། ཤེས་པ་རྨོངས་རྟུལ་ཅན་་ལམ་དུ་བསྐྱོད་ན། དེའི་ལྟ་སྐྱོང་པ་དང་། ལྟ་སྐྱོང་པས་མངགས་བཅོལ་བྱས་པའི་མིའམ་ཡང་དེར་དོ་དམ་དང་སྲུང་སྐྱོང་བྱེད་པར་འགན་འཁུར་མཁན་གྱིས་ཁྲིད་ནས་བསྐྱོད་དགོས།
ལོང་བ་བགྲོད་ལམ་དུ་བསྐྱོད་ན། ལོང་བས་འཁར་དབྱུག་གམ་ཡང་ན་ལམ་ཁྲིད་བྱེད་ཐབས་གཞན་དག་བེད་སྤྱོད་བྱ་རྒྱུ་དང་། རླངས་འཁོར་གྱིས་ལོང་བར་ལམ་ཕྱེ་དགོས།
དོན་ཚན་རེ་ལྔ། ལམ་འགྲོ་པ་ལྕགས་ལམ་མདོ་ཁར་བསྐྱོད་ན་འགྲིམ་འགྲུལ་བརྡ་རྟགས་སམ། ཡང་ན་དོ་དམ་པའི་བཀོད་འདོམས་ལྟར་བསྐྱོད་དགོས་པ་དང་། འགྲིམ་འགྲུལ་བརྡ་རྟགས་དང་དོ་དམ་པ་མེད་ན། མེ་འཁོར་ཡོང་རྒྱུ་མེད་པར་ཐག་གཅོད་བྱས་རྗེས་མགྱོགས་མྱུར་ངང་བསྐྱོད་དགོས།
དོན་ཚན་རེ་དྲུག་པ། རླངས་འཁོར་ལ་སྡོད་པའི་འགྲུལ་པས་འབར་གས་སླ་བ་སོགས་ཀྱི་དངོས་རྫས་ཉེན་ཁ་ཅན་ཁྱེར་མི་ཆོག་པ་དང་། དངོས་རྫས་རླངས་འཁོར་ཕྱི་རུའང་གཡུགས་མི་ཆོག། ཁ་ལོ་པས་བདེ་འཇགས་ངང་རླངས་འཁོར་གཏོང་བར་ཤུགས་རྐྱེན་ཐེབས་པའི་བྱ་སྤྱོད་ཅི་ཡང་སྤྱད་མི་ཆོག།
དོན་ཚན་རེ་བདུན་པ། ལམ་འགྲོ་པ་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ། འདྲུད་འཐེན་འཁོར་ལོ། འཁོར་ལོ་ཅན་གྱི་ཆེད་སྤྱོད་འཕྲུལ་ཆས། འགྲུལ་སྐྱེལ་རླངས་འཁོར་མཐུད་འབྲེལ་ཅན། འདྲུད་སྒྲོམ་འཁོར་ལོ། དུས་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་༧༠ལས་དལ་བའི་སྒྲིག་སྦྱོར་ཅན་གྱི་སྒུལ་སྐྱོད་རླངས་འཁོར་སོགས་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་མི་ཆོག། མྱུར་བགྲོད་གཞུང་ལམ་གྱི་མྱུར་ཚད་ཚོད་འཛིན་བྱེད་རྟགས་སུ་གསལ་བའི་དུས་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་བརྒྱ་དང་ཉི་ཤུ་ལས་བརྒལ་མི་ཆོག།
དོན་ཚན་རེ་བརྒྱད་པ། སྒུལ་སྐྱོད་རླངས་འཁོར་མྱུར་བགྲོད་གཞུང་ལམ་དུ་ཆག་སྐྱོན་བྱུང་བའི་སྐབས། བཅའ་ཁྲིམས་འདིའི་དོན་ཚན་ང་གཉིས་པའི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས། ཞིག་གསོ་བྱེད་དུས་རླངས་འཁོར་ལ་སྐྱོན་ཤོར་བའི་གནས་དང་བར་ཐག་སྨི་བརྒྱ་དང་ལྔ་བཅུའི་མཚམས་སུ་ཉེན་བརྡའི་རྟགས་མཚན་འཛུགས་དགོས་པ་དང་། རླངས་འཁོར་དུ་སྡོད་མཁན་རྣམས་ལམ་གཡས་ངོས་སམ་ཡང་ན་ཉེན་སེལ་བགྲོད་ལམ་དུ་གནས་སྤོར་བྱ་དགོས་པར་མ་ཟད། མགྱོགས་མྱུར་ངང་ཉེན་ཞུའང་བྱ་དགོས།
སྒུལ་སྐྱོད་རླངས་འཁོར་ལ་མྱུར་བགྲོད་གཞུང་ལམ་དུ་ཆག་སྐྱོན་བྱང་བའམ། ཡང་ན་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་རྒྱུན་ལྡན་ངང་སྐྱོད་ཐབས་བྲལ་བ་ལ། རོགས་སྐྱོར་རླངས་འཁོར་དང་འགོག་རྐྱེན་སེལ་བའི་རླངས་འཁོར་གྱིས་འདྲུད་དགོས།
དོན་ཚན་རེ་དགུ་བ། སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཛ་དྲག་ཆེ་བའི་གཞུང་དོན་སྒྲུབ་པ་ཕུད། ལས་ཁུངས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་མྱུར་བགྲོད་གཞུང་ལམ་དུ་སྐྱོད་པའི་རླངས་འཁོར་ལ་བཀག་འགོག་དང་ཞིབ་བཤེར་བྱ་མི་ཆོག།
དོན་ཚན་བདུན་བཅུ་བ། བགྲོད་ལམ་སྟེང་འགྲིམ་འགྲུལ་དོན་རྐྱེན་བྱུང་ན། ཁ་ལོ་པས་འཕྲལ་མར་རླངས་འཁོར་གཏོང་མཚམས་བཞག་སྟེ། དོན་རྐྱེན་བྱུང་བའི་ཡུལ་དངོས་རང་འཇགས་སུ་འཇོག་དགོས་པ་དང་། མི་ལ་ཤི་རྨས་བྱུང་བ་ཡིན་ན། ཁ་ལོ་པས་རྨས་སྐྱོན་ཕོག་མཁན་ལ་མྱུར་སྐྱོབ་བྱ་དགོས་པར་མ་ཟད། ད་དུང་ལས་འགན་སྒྲུབ་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པའམ། ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་མགྱོགས་མྱུར་ངང་གནས་ཚུལ་ཡར་ཞུ་བྱ་དགོས། རྨས་སྐྱོན་ཕོག་པ་མྱུར་སྐྱོབ་བྱེད་ཆེད་དོན་རྐྱེན་གྱི་ཡུལ་དངོས་ལ་འགྱུར་ལྡོག་གཏོང་དགོས་བྱུང་ན་གནས་དེར་རྟགས་གསལ་བོ་འགོད་དགོས། རླངས་འཁོར་དུ་སྡོད་པའི་འགྲུལ་པ་དང་། ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་ཁ་ལོ་པ། ལམ་འགྲོ་པ་བཅས་ཀྱིས་དེར་རོགས་རམ་བྱ་དགོས།
བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ལ་ཤི་རྨས་མ་བྱུང་བ་དང་། དོ་བདག་ལའང་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྩོད་གཞི་མེད་ན། དོན་རྐྱེན་བྱུང་ས་ནས་འཕྲལ་མར་ཐོན་ནས་འགྲིམ་འགྲུལ་སྔར་ལྟར་མི་ཁེགས་པར་བྱས་རྗེས། རང་འགུལ་གྱིས་སྐྱིན་ཚབ་འཇལ་བའི་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས་པ་དང་། དོན་རྐྱེན་བྱུང་ས་ནས་འཕྲལ་མར་གནས་སྤོར་བྱེད་མི་ཐུབ་ན། ལས་འགན་སྒྲུབ་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པའམ། ཡང་ན་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་མགྱོགས་མྱུར་ངང་ཡར་ཞུ་བྱ་དགོས།
བགྲོད་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནའང་རྒྱུར་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་མེད་པ་དང་། གཞི་རྩའི་དོན་དངོས་ཀྱང་གསལ་བོ་ཤེས་ན། དོ་བདག་དོན་རྐྱེན་བྱུང་ས་ནས་ཐོན་རྗེས་གྲོས་མོལ་གྱིས་ཐག་གཅོད་བྱ་དགོས།
དོན་ཚན་དོན་གཅིག་པ། རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་བྲོས་བྱོལ་ཕྱིན་པ་ཡིན་ན། དོན་རྐྱེན་བྱུང་རིམ་མཐོང་མཁན་དང་གནས་ཚུལ་ཤེས་མཁན་གཞན་དག་གིས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གམ། ཡང་ན་འགྲིམ་འགྲུལ་ཉེན་རྟོག་པར་ཐེར་འདོན་ཡར་ཞུ་བྱ་དགོས། ཐེར་འདོན་ཡར་ཞུ་བྱས་པ་གནས་ཚུལ་ངོ་མ་ཡིན་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེར་བྱ་དགའ་སྤྲོད་དགོས།
དོན་ཚན་དོན་གཉིས་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་ཉེན་བརྡ་འབྱོར་རྗེས། འགྲིམ་འགྲུལ་ཉེན་རྟོག་པ་དོན་རྐྱེན་བྱུང་སར་འཕྲལ་མར་མངག་གཏོང་བྱ་དགོས་པ་དང་། སྔོན་ལ་རྨས་སྐྱོན་ཕོག་པ་མྱུར་སྐྱོབ་བྱ་རྒྱུ་དང་། དུས་མཚུངས་སུ་བྱ་ཐབས་སྤྱད་དེ་འགྲིམ་འགྲུལ་སྔར་བཞིན་སླར་གསོ་གང་མགྱོགས་ཡོང་བ་བྱ་དགོས།
འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་དོན་རྐྱེན་བྱུང་སར་རྩད་ཞིབ་དང་ཞིབ་བཤེར། བདེན་དཔང་འཚོལ་སྡུད་བཅས་བྱ་རྒྱུ་དང་། བདེན་དཔང་འཚོལ་སྡུད་བྱེད་པར་དགོས་མཁོའི་དབང་གིས་དོན་རྐྱེན་བཟོས་པའི་རླངས་འཁོར་བཀག་ཉར་བྱེད་ཆོག་མོད། འོན་ཀྱང་ཞིབ་བཤེར་བྱེད་པའི་ཆེད་དུ་ཉར་ཚགས་ཡག་པོ་བྱ་དགོས།
དོ་བདག་གི་ལུས་ཁམས་དང་དབང་ཁམས་གནས་ཚུལ་ལ་ཆེད་ལས་རང་བཞིན་ཅུང་ཆེ་བའི་ཞིབ་བཤེར་ཚད་ལེན་བྱེད་པ་ཡིན་ན།སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཆེད་དུ་ལས་བཅོལ་བྱས་ནས་གསལ་འབྱེད་བྱེད་དུ་འཇུག་དགོས། གསལ་འབྱེད་བྱས་པའི་སྡོམ་ཚིག་སྟེང་གསལ་འབྱེད་བྱེད་མཁན་གྱི་མིང་རྟགས་ཀྱང་འགོད་དགོས།
དོན་ཚན་དོན་གསུམ་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་དོན་རྐྱེན་ཡུལ་དངོས་ལ་རྟོག་ཞིབ་དང་ཞིབ་བཤེར། བརྟག་དཔྱད་བཅས་ཀྱི་གནས་ཚུལ་དང་། འབྲེལ་ཡོད་ཀྱི་ཞིབ་བཤེར་དང་གསལ་འབྱེད་སྡོམ་ཚིག་སོགས་ལ་གཞིགས་ཏེ། དུས་ཐོག་ཏུ་འགྲིམ་འགྲུལ་དོན་རྐྱེན་གྱི་ངོས་འཛིན་ཡི་གེ་དེའི་ནང་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་གཞི་རྩའི་དོན་དངོས་དང་། དེའི་འབྱུང་རྐྱེན། དོ་བདག་གི་འགན་འཁུར་བཅས་གསལ་བོར་འགོད་དགོས་པར་མ་ཟད། དོ་བདག་ལའང་བརྒྱུད་སྤྲོད་བྱ་དགོས།
དོན་ཚན་དོན་བཞི་བ། འགྲིམ་འགྲུལ་དོན་རྐྱེན་ལ་སྐྱིན་ཚབ་འཇལ་བར་རྩོད་གཞི་བྱུང་ན། དོ་བདག་གིས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་འདུམ་འགྲིག་བྱེད་པར་རེ་བ་ཞུ་ཆོག་ལ། མི་དམངས་ཁྲིམས་ཁང་ལ་ཐད་ཀར་དམངས་དོན་གཏུག་བཤེར་ཡང་བྱ་ཆོག
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འདུམ་འགྲིག་བྱས་ཀྱང་དོ་བདག་གིས་གྲོས་མཐུན་བཞག་མེད་པའམ། ཡང་ན་འདུམ་འགྲིག་ཡེ་གེར་ནུས་པ་ཐོན་རྗེས་ཀྱང་ལག་བསྟར་མ་བྱས་ན། དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏག་བཤེར་བྱ་ཆོག
དོན་ཚན་དོན་ལྔ་བ། འགྲིམ་འགྲུལ་དོན་རྐྱེན་བྱུང་དུས་སྨན་ལས་ལས་ཁུངས་ཀྱིས་རྨས་སྐྱོན་ཕོག་མཁན་ལ་དུས་ཐོག་ཏུ་སྲོག་སྐྱོབ་བྱ་དགོས་པ་ལས། དུས་ཐོད་ཏུ་སྨན་བཅོས་འགྲོ་གྲོན་མེད་པར་སྲོག་སྐྱོབ་ཕྱིར་འགྱངས་བྱ་མི་ཆོག། དོན་རྐྱེན་བཟོ་མཁན་གྱི་རླངས་འཁོར་དེ་རླངས་འཁོར་གྱི་གནོད་འཚེ་ཕོག་མཁན་གྱི་བཙན་ཤེད་ཉེན་སྲུང་གི་འགན་འཁུར་དུ་ཞུགས་པ་ཡིན་ན། ཉེན་སྲུང་ཀུང་ཟིས་འགན་འཁྲི་སྒྲུབ་པའི་བཅད་ཁོངས་ནས་མྱུར་སྐྱོབ་འགྲོ་གྲོན་འཇལ་རྒྱུ་དང་། མྱུར་སྐྱོབ་འགྲོ་གྲོན་དེ་འགན་འཁྲི་སྒྲུབ་པའི་བཅད་གྲངས་ལས་མང་བ་དང་། རླངས་འཁོར་གྱི་གནོད་འཚེ་ཕོག་མཁན་བཙན་ཤེད་ཀྱི་འགན་འཁུར་ཉེན་སྲུང་ལ་ཞུགས་མེད་པའམ། ཡང་ན་དོན་རྐྱེན་བཟོས་ནས་བྲོས་བྱོལ་བྱས་པ་ཡིན་ན། མྱུར་སྐྱོབ་ཀྱི་འགྲོ་གྲོན་ཆ་ཤས་སམ་ཆ་ཚང་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩའི་ནང་ནས་སྔོན་དུ་གཏོང་རྒྱུ་དང་། བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩའི་དོ་དམ་ལ་འགྲིམ་འགྲུལ་དོན་རྐྱེན་གྱི་ཁག་འགན་འཁུར་པའི་སྐྱིན་ཚབ་འཇལ་བར་བདའ་འདེད་བྱེད་པའི་དབང་ཆ་ཡོད།
དོན་ཚན་དོན་དྲུག་པ། སྒུལ་སྐྱོད་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ཤི་རྨས་བྱུང་བ་དང་། རྒྱུ་ནོར་ལ་གྱོང་གུད་ཐེབས་པ་ཡིན་ན། འགན་སྲུང་ཀུང་ཟིས་སྒུལ་སྐྱོད་རླངས་འཁོར་གྱི་མི་སྣ་གསུམ་པའི་བཙན་ཤེད་འགན་འཁུར་ཉེན་སྲུང་བྱས་པའི་བཅད་གྲངས་ནས་སྐྱིན་ཚབ་འཇལ་དགོས། མི་འདང་བའི་ཆ་ཤས་དེ་གཤམ་གསལ་གྱི་གཏན་ཁེལ་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་ཏེ།
གཅིག རླངས་འཁོར་བར་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ལ། ནོར་འཛོལ་ཡོད་མཁན་གྱིས་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་པ་དང་། ཕྱོགས་གཉིས་ཀར་ནོར་འཛོལ་ཡོད་ན་སོ་སོས་ནོར་འཛོལ་གྱི་ཆེ་ཆུང་ལྟར་ཁག་འགན་འཁུར་དགོས།
གཉིས། སྒུལ་སྐྱོད་རླངས་འཁོར་དང་། ལྕགས་རྟར་ཞོན་མཁན། ལམ་འགྲོ་པའི་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ལ། ལྕགས་རྟར་ཞོན་མཁན་དང་ལམ་འགྲོ་པར་ནོར་འཁྲུལ་མེད་ན། རླངས་འཁོར་ཕྱོགས་ཀྱིས་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས། ལྕགས་རྟར་ཞོན་མཁན་དང་ལམ་འགྲོ་པར་ནོར་འཁྲུལ་ཡོད་པ་བདེན་དབང་ར་སྤྲོད་བྱེད་ཐུབ་ན། ནོར་འཁྲུལ་བྱུང་ཚད་ལྟར་རླངས་འཁོར་ཕྱོགས་ཀྱིས་སྐྱིན་ཚབ་སྤྲོད་པའི་འགན་འོས་མཚམ་གྱིས་ཇེ་ཡང་དུ་གཏོང་བ་དང་། རླངས་འཁོར་ཕྱོགས་སུ་ནོར་འཁྲུལ་མེད་ན། བརྒྱ་ཆའི་བཅུ་ལས་མི་བརྒལ་བའི་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།
འགྲིམ་འགྲུལ་དོན་རྐྱེན་གྱི་གྱོང་གུད་དེ་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དང་ལམ་འགྲོ་པས་རླངས་འཁོར་ལ་བསམ་གཟས་ནས་གདོང་ཐུག་བྱས་ནས་བཟོས་པ་ཡིན་ན། རླངས་འཁོར་ཕྱོགས་ཀྱིས་སྐྱིན་ཚབ་ཀྱི་འགན་འཁུར་མི་དགོས།
དོན་ཚན་དོན་བདུན་པ། བགྲོད་ལམ་ཕྱི་རུ་རླངས་འཁོར་བསྐོར་ཏེ་དོན་རྐྱེན་བྱུང་བ་དང་། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་གྱོད་དོན་སྙན་ཞུ་འབྱོར་བ་ལ། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་ལ་ཟུར་བལྟ་བྱས་ནས་ཐག་གཅོད་བྱ་དགོས།
དོན་ཚན་དོན་བརྒྱད་པ། སྤྱི་བདེ་ལས་ཁུངས་་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པའི་སྤུས་ཚད་དང་བགྲོད་ལམ་འགྲིམ་འགྲུལ་དོ་དམ་གྱི་ཆུ་ཚད་ཇེ་མཐོ་རུ་གཏོང་དགོས།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པར་ཁྲིམས་ལུགས་དང་། འགྲིམ་འགྲུལ་བདེ་འཇགས་དོ་དམ་སྐོར་གྱི་ལས་སྒོ་གསོ་སྦྱོང་དང་དཔྱད་ཞིབ་བྱ་དགོས། དཔྱད་ཞིབ་བྱས་རྗེས་རྒྱུགས་མ་འཕྲོད་པའི་འགྲིམ་འགྲུལ་ཉེན་རྟོག་པ་ལས་གནས་ཐོག་ལས་འགན་བསྒྲུབ་ཏུ་བཅུག་མི་ཆོག།
དོན་ཚན་དོན་དགུ་བ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་། འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱེད་དུ་ཁྲིམས་བཀོད་འགན་དབང་དང་། གོ་རིམ་གཞིར་བཟུང་ནས་འགྲོ་ལུགས་སྒྲུབ་སྟངས་སྟབས་བདེ་བཟོ་བ་དང་། དྲང་བཞག ནན་ཏན། ཚུལ་ལྡན། ལས་ཆོད་ཆེ་བ་བཅས་ཀྱིས་སྒོ་ནས་བསྒྲུབ་དགོས།
དོན་ཚན་བརྒྱད་ཅུ་བ། འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་སྒྲུབ་དུས་གཏན་ཁེལ་ལྟར་ལས་གོས་གྱོན་རྒྱུ་དང་། མི་དམངས་ཉེན་རྟོག་པའི་མཚོན་རྟགས་འདོགས་པ། མི་དམངས་ཉེན་རྟོག་པའི་འཛིན་ཡིག་འཛིན་དགོས་པ་དང་། ཉེན་རྟོག་པའི་ཉམས་དང་ལྡན་ལ། བྱ་སྤྱོད་ཚུལ་ལྡན་དང་བཀོད་འདོམས་ཚད་ལྡན་ཡོང་བ་བྱ་དགོས།
དོན་ཚན་གྱ་གཅིག་པ། བཅའ་ཁྲིམས་འདི་བཞིན་དུ་འཛིན་ཡིག་སྟེར་བ་དང་། ལས་གླའི་འགྲོ་གྲོན་སྡུད་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིན་གོང་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་ཕབ་ཀྱི་དངུལ་སྡུད་ཚད་གཞི་ལག་བསྟར་ནན་མོ་བྱ་དགོས་པར་མ་ཟད། ད་དུང་བསྡུས་དངུལ་ཚང་མ་རྒྱལ་མཛོད་ལ་སྤྲོད་དགོས།
དོན་ཚན་གྱ་གཉིས་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་དངུལ་ཆད་གཅོད་པའི་སྲིད་འཛིན་གྱི་ཆད་པ་གཅོད་དུས། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར། དངུལ་ཆད་ལག་བསྟར་དང་རྩིས་ལེན་ཁག་བགོ་བྱ་རྒྱུ་དང་། རྩིས་ལེན་བྱས་པའི་དངུལ་ཆད་དང་ཁྲིམས་ལྟར་གཞུང་བཞེས་བཏང་བའི་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་རྒྱལ་མཛོད་ལ་སྤྲོད་དགོས།
དོན་ཚན་གྱ་གསུམ་བ། འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་དང་། འགྲིམ་འགྲུལ་དོན་རྐྱེན་བརྟག་དཔྱད་ཐག་གཅོད་བྱེད་སྐབས། གཤམ་གསལ་གྱི་སྣང་ཚུལ་རིགས་གཅིག་མཆིས་ན། ཟུར་གཡོལ་བྱ་དགོས་ཏེ།
གཅིག གྱོད་གཞི་དེའི་དོ་བདག་གམ་ཡང་ན་དོ་བདག་གི་གཉེན་ཉེ་ཡིན་པ།
གཉིས། རང་ཉིད་དམ་ཡང་ན་རང་གི་གཉེན་ཉེ་གྱོད་གཞི་འདི་དང་ཁེ་གནོད་ཀྱི་འབྲེལ་བ་ཡོད་པ།
གསུམ། གྱོད་གཞི་འདིའི་དོ་བདག་ལ་འབྲེལ་བ་གཞན་དག་ཡོད་པས། གྱོད་གཞི་ཐག་གཅོད་དྲང་བོ་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པ་བཅས་ཡིན།
དོན་ཚན་གྱ་བཞི་བ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་།འགྲིམ་འགྲུལ་ཉེན་རྟོག་པས་སྲིད་འཛིན་ཁྲིམས་བསྟར་བྱེད་སྒོ་སྤེལ་བར། སྲིད་འཛིན་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་ལེན་བྱ་དགོས།
སྤྱི་བདེ་ལས་ཁུངས་ལྟ་ཞིབ་སྡེ་ཁག་གིས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་། འགྲིམ་འགྲུལ་ཉེན་རྟོག་པས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་སྟངས་དང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་སྟངས་ལ་ཁྲིམས་ལྟར་ལྟ་སྐུལ་བྱ་དགོས།
གོང་རིམ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འོག་རིམ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་ལག་བསྟར་བྱེད་སྟངས་ལ་ལྟ་སྐུལ་བྱ་དགོས།
དོན་ཚན་གྱ་ལྔ་བ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་། འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་སྒྲུབ་དུས། རང་རྟོགས་ཀྱིས་སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།
ལས་ཁུངས་གང་ཞིག་དང་མི་སྒེར་སུ་ཡིན་རུང་ཚང་མར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་། འགྲིམ་འགྲུལ་ཉེན་རྟོག་པས་བཅའ་ཁྲིམས་ལག་བསྟར་གཟབ་ནན་མི་བྱེད་པ་དང་ཁྲིམས་འགལ་ལུགས་འགལ་ལ་ཐེར་འདོན་དང་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། ཐེར་འདོན་དང་ཞུ་གཏུག་བྱས་པའི་ལས་ཁུངས་ལ་འགན་འཁྲིར་གཞིགས་ཏེ་དུས་ཐོག་ཏུ་རྩོད་ཞིབ་དང་ཐག་གཅོད་བྱ་དགོས།
དོན་ཚན་གྱ་དྲུག་པ། ལས་ཁུངས་གང་ཞིག་གིས་ཀྱང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་དངུལ་ཆད་གཅོད་པའི་དམིགས་ཚད་སྤྲོད་པའམ། ཡང་ན་རྣམ་པ་འགྱུར་བའི་དམིགས་ཚད་སྤྲད་མི་ཆོག། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དངུལ་ཆད་གཅོད་གྲངས་དེ་འགྲིམ་འགྲུལ་ཉེན་རྟོག་པར་དཔྱད་ཞིབ་བྱེད་པའི་ཚད་གཞིར་བཟུང་མི་ཆོག།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འགྲིམ་འགྲུལ་ཉེན་རྟོག་པས་བཅའ་ཁྲིམས་དང་། ཁྲིམས་སྲོལ་གྱི་གཏན་ཁེལ་ལས་བརྒལ་བའི་བཀའ་རྒྱ་ལག་ལེན་དུ་མི་བསྟར་བའི་དབང་ཆ་ཡོད་པར་མ་ཟད། དུས་མཚུངས་སུ་གོང་རིམ་ལས་ཁུངས་ལ་སྙན་སེང་ཞུ་བའི་དབང་ཆ་ཡང་ཡོད།
དོན་ཚན་གྱ་བདུན་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱ་དགོས།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འགྲིམ་འགྲུལ་ཉེན་རྟོག་པས་དོན་དངོས་དང་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་ལྟར། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་དགོས། ཉེས་ཚབས་ཆུང་བས་བགྲོད་ལམ་བགྲོད་སྐྱོད་ལ་བཀག་འགོག་བཟོས་མེད་པར་ཁྲིམས་འགལ་བྱ་སྤྱོད་སྟོན་པ་དང་ངག་ཐོག་ནས་ཐ་ཚིག་བསྒྲགས་རྗེས་གཏོང་དགོས།
དོན་ཚན་གྱ་བརྒྱད་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་པའི་རིགས་ལ་ཐ་ཚིག་སྒྲོག་པ་དང་།དངུལ་ཆད་གཅོད་པ། ཁ་ལོ་པའི་འཛིན་ཡིག་གནས་སྐབས་སུ་བཀག་ཉར་བྱེད་པའམ་ཡང་ཕྱིར་བསྡུ་བ། བཀག་སྐྱིལ་བྱེད་པ་བཅས་འདུས་ཡོད།
དོན་ཚན་གྱ་དགུ་བ། ལམ་འགྲོ་བ་དང་། རླངས་འཁོར་ལ་སྡོད་མཁན། སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་ཁ་ལོ་པ་བཅས་ཀྱིས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། བགྲོད་ལམ་ཤར་བགྲོད་ཀྱི་གཏན་ཁེལ་བཅས་དང་འགལ་བ་ལ། དེར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ལྔ་བཅུ་མན་གྱི་ཆད་པ་གཅོད་རྒྱུ་དང་། སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་ཁ་ལོ་པས་དངུལ་ཆད་བཅད་པ་དང་ལེན་མ་བྱས་ན། དེའི་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དེ་བཀག་ཉར་བྱ་ཆོག།
དོན་ཚན་དགུ་བཅུ་བ། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། བགྲོད་ལམ་ཤར་བགྲོད་ཀྱི་གཏན་ཁེལ་བཅས་དང་འགལ་བ་ལ། དེར་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། བཅའ་ཁྲིམས་འདིའི་ཟུར་དུ་གཏན་ཁེལ་གཞན་ཡོད་ན། གཏན་ཁེལ་ལྟར་ཆད་པ་གཅོད་དགོས།
དོན་ཚན་གོ་གཅིག་པ། ཆང་འཐུང་རྗེས་སྒུལ་སྐྱོད་རླངས་འཁོར་བསྐོར་ན། ཁ་ལོ་པའི་འཛིན་ཡིག་གནས་སྐབས་སུ་ཟླ་བ་དྲུག་ལ་བཀག་ཉར་བྱ་རྒྱུ་དང་། ད་དུང་སྒོར་ཆིག་སྟོང་ཡན་ནས་སྒོར་ཉིས་སྟོང་མན་གྱི་ཆད་པ་གཅོད་དགོས་པ་དང་། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཀྱང་རྩིས་མེད་དུ་གཏོང་དགོས། ཆང་གིས་བཟི་རྗེས་སྒུལ་སྐྱོད་རླངས་འཁོར་བསྐོར་བ་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཟི་དྭངས་རག་བར་དུ་བཀག་ཉར་བྱ་རྒྱུ་དང་། སྒུལ་སྐྱོར་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་གཏོང་བ། ཁྲིམས་ལ་བརྟེན་ནས་ཉེས་དོན་འགན་འཁུར་རྩད་གཅོད་དང་། ལོ་ལྔའི་ནང་ཡང་བསྐྱར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླང་མི་ཆོག།
ཆང་འཐུང་རྗེས་སྐྱེལ་འདྲེན་རླངས་འཁོར་བསྐོར་བ་ལ། ཉིན་བཅོ་ལྔར་བཀག་སྐྱིལ་བྱེད་པའི་ཆད་པ་གཅོད་དགོས་པར་མ་ཟད། ད་དུང་སྒོར་ལྔ་སྟོང་གི་ཆད་པ་གཅོད་དགོས་པ་དང་། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་བཏང་ནས། ལོ་ལྔའི་ནང་ཡང་བསྐྱར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླང་མི་ཆོག།
ཆང་གི་བཟི་ནས་སྐྱེལ་འདྲེན་རླངས་འཁོར་བསྐོར་བ་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཆང་གིས་དྭངས་རག་བར་དུ་བཀག་ཉར་བྱེད་པ་དང་། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་གཏོང་བ། ལོ་བཅུའི་ནང་ཡང་བསྐྱར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླང་མི་ཆོག་ལ། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླང་རྗེས་ཀྱང་། སྐྱེལ་འདྲེན་རླངས་འཁོར་བསྐོར་མི་ཆོག།
ཆང་འཐུང་བ་དང་ཆང་གིས་བཟི་རྗེས་སྒུལ་སྐྱོད་རླངས་འཁོར་བསྐོར་ཏེ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་ཉེས་དོན་བསགས་པར། ཁྲིམས་ལྟར་ཉེས་དོན་འགན་འཁུར་རྩད་གཅོད་བྱེད་དགོས་པར་མ་ཟད། ད་དུང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་གཏོང་བར་མ་ཟད། མི་ཚེ་ཧྲིལ་བོར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླང་མི་ཆོག།
དོན་ཚན་གོ་གཉིས་པ། གཞུང་ལམ་སྟེང་གི་འགྲུལ་སྐྱེལ་རླངས་འཁོར་གྱིས་འགྲུལ་པ་སྡོད་པ་གཏན་ཁེལ་གྱི་ཚད་ལས་བརྒལ་བ་ལ། སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། གཏན་ཁེལ་གྱི་འགྲུལ་པ་འདུག་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་ལས་བརྒལ་བའམ་ཡང་ན་གཏན་ཁེལ་དང་འགལ་ནས་དངོས་ཟོང་བཀལ་བ་ཡིན་ན། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ།
དོས་འདྲེན་རླངས་འཁོར་གྱིས་ཞིབ་བཤེར་གཏན་ཁེལ་བྱས་པའི་ཐེག་ཚད་ལས་བརྒལ་ན། དེར་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཞིབ་བཤེར་གཏན་ཁེལ་བྱས་པའི་ཐེག་ཚད་ཀྱི་བརྒྱ་ཆའི་སུམ་ཅུ་ལས་བརྒལ་བའམ་ཡང་ན་གཏན་ཁེལ་དང་འགལ་ནས་འགྲུལ་པ་སྐྱེལ་འདྲེན་བྱས་ན། དེར་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ།
གོང་གི་དོན་ཚན་གཉིས་ཀྱི་བྱ་སྤྱོད་ཡོད་མཁན་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་དེ་ཁྲིམས་འགལ་གནས་ཚུལ་མ་བསལ་བར་བཀག་ཉར་བྱ་རྒྱུ།
སྐྱེལ་འདྲེན་རླངས་འཁོར་ལ་འདིའི་དོན་ཚན་དང་པོ་དང་གཉིས་པའི་ནང་འཁོད་པའི་གཏན་ཁེལ་སྣང་ཚུལ་ཡོད་ཀྱང་ཆད་པ་བཅད་ཀྱང་ཡོ་བསྲང་མ་བྱས་ན། དེའི་འགན་དངོས་སུ་འཁུར་བའི་མི་སྣ་གཙོ་བོར་སྒོར་ཉིས་སྟོང་ཡན་ནས་ལྔ་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་གོ་གསུམ་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་རླངས་འཁོར་འཇོག་གནས་དང་།གནས་སྐབས་སུ་རླངས་འཁོར་འཇོག་གནས་སྐོར་གྱི་གཏན་ཁེལ་དང་འགལ་ན། དེར་ཁྲིམས་འགལ་གྱི་བྱ་སྤྱོད་སྟོན་པ་དང་། ངག་ཐོག་ནས་ཐ་ཚིག་བསྒྲགས་ཏེ་རླངས་འཁོར་དེ་མྱུར་དུ་བགྲོད་དུ་འཇུག་དགོས།
སྒུལ་སྐྱོད་རླངས་འཁོར་བསྐོར་མཐན་དོན་རྐྱེན་གྱི་ཡུལ་དངོས་སུ་མེད་པའམ། ཡང་ན་ཡོད་ཀྱང་མྱུར་དུ་རླངས་འཁོར་བསྐོར་བར་དང་ལེན་མ་བྱས་པར། རླངས་འཁོར་གཞན་དང་ལམ་འགྲོ་པ་བགྲོད་སྐྱོད་ལ་འགོག་རྐྱེན་བཟོས་པ་ཡིན་ན། དེར་སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས་པར་མ་ཟད། ད་དུང་སྒུལ་སྐྱོད་རླངས་འཁོར་དེ་འགྲིམ་འགྲུལ་ལ་འགོག་རྐྱེན་མི་བཟོ་བའི་གནས་སམ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དམིགས་གཏད་བྱས་པའི་གནས་སུ་འཇོག་དགོས། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དོ་བདག་ལ་རླངས་འཁོར་འདྲུད་དངུལ་སྡུད་ལེན་བྱ་མི་ཆོག་པར་མ་ཟད། དུས་ཐོག་ཏུ་དོ་བདག་ལ་རླངས་འཁོར་འཇོག་སའང་སྟོན་དགོས།
རླངས་འཁོར་འདྲུད་ཐབས་མི་འགྲིག་པ་སྤྱད་པའི་རྐྱེན་གྱིས་རླངས་འཁོར་ལ་ཆག་སྐྱོན་་བཟོས་ན། ཁྲིམས་ལྟར་དེར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།
དོན་ཚན་གོ་བཞི་བ། སྒུལ་སྐྱོད་རླངས་འཁོར་བདེ་སྲུང་ལག་རྩལ་ཞིབ་བཤེར་ཚད་ལེན་ལས་ཁུངས་ཀྱིས་སྒུལ་སྐྱོད་རླངས་འཁོར་ལ། བདེ་སྲུང་ལག་རྩལ་ཞིབ་བཤེར་གྱི་དངུལ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་རིན་གོང་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་ཁེལ་བྱས་པའི་དངུལ་ལེན་ཚད་གཞི་ལས་བརྒལ་བ་བསྡུས་ཡོད་ན། མང་སྡུད་ཀྱི་གྲོན་དངུལ་ཕྱིར་སློག་དགོས་པ་དང་། ད་དུང་རིན་གོང་གཙོ་གཉེར་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་དེར་ཆད་པ་གཅོད་དགོས།
སྒུལ་སྐྱོད་རླངས་འཁོར་བདེ་སྲུང་ལག་རྩལ་ཞིབ་བཤེར་ཚད་ལེན་ལས་ཁུངས་ཀྱིས། སྒུལ་སྐྱོད་རླངས་འཁོར་ལ་རྒྱལ་ཁབ་བདེ་སྲུང་ལག་རྩལ་གྱི་ཚད་གཞི་ལྟར་ཞིབ་བཤེར་མ་བྱས་པ་དང་ཞིབ་བཤེར་འབྲས་བུ་རྫུན་མ་བཏོན་ན།སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེར་ཞིབ་བཤེར་གྲོན་དངུལ་སྡུད་ཚད་ཀྱི་ལྡབ་ལྔ་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་གཅོད་དགོས་པར་མ་ཟད། ཁྲིམས་ལྟར་དེའི་ཞིབ་བཤེར་ཐོབ་ཐང་མེད་པར་བཟོ་རྒྱུ་དང་། ཉེས་དོན་བསགས་ན། ཁྲིམས་ལྟར་ཉེས་འགན་འཁུར་བར་རྩད་གཅོད་བྱ་རྒྱུ།
དོན་ཚན་གོ་ལྔ་བ། བགྲོད་ལམ་དུ་སྐྱོད་པའི་སྒུལ་སྐྱོད་རླངས་འཁོར་གྱིས་ཨང་རྟགས་བཀལ་མེད་པ་དང་། ཞིབ་བཤེར་ཚད་ལེན་མཚོན་རྟགས་དང་། ཉེན་སྲུང་མཚོན་རྟགས་སྦྱར་མེད་པའམ། ཡང་ན་རླངས་འཁོར་བསྐོར་དུས་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་དང་ཁ་ལོ་པའི་འཛིན་ཡིག་བཟུང་མེད་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་དེ་བཀག་ཉར་བྱས་ནས། དོ་བདག་ལ་འོས་བབ་ཀྱི་ཨང་རྟགས་འཛིན་ཡིག་དང་མཚོན་རྟགས་འདོན་སྤྲོད་བྱ་རུ་འཇུག་པའམ། ཡང་ན་འགྲོ་ལུགས་རྗེས་སྒྲུབ་བྱ་རྒྱུའི་བརྡ་གཏོང་དགོས་པར་མ་ཟད། བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་བའི་གཏན་ཁེལ་ལྟར་ཆད་པ་ཡང་བཅད་ཆོག། དོ་བདག་གིས་འོས་བབ་ཀྱི་ཨང་རྟགས་དང་འཛིན་ཡིག་མཚོན་རྟགས་བཅས་འདོན་སྤྲོད་བྱས་པའམ་འགྲོ་ལུགས་རྗེས་སྒྲུབ་བྱས་པ་ལ། དུས་ཐོག་ཏུ་སྒུལ་སྐྱོད་རླངས་འཁོར་ཕྱིར་སྤྲོད་དགོས།
བསམ་གཟས་ནས་སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་བཀབ་པ་དང་། ཆག་སྐྱོན་བཏང་བའམ་ཡང་ན་གཏན་ཁེལ་ལྟར་ཨང་རྟགས་མ་བཀལ་བར་བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་བའི་གཏན་ཁེལ་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་གོ་དྲུག་པ། སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་དང་ཨང་རྟགས། བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག ཞིབ་བཤེར་ཚད་ལེན་གྱི་མཚོན་རྟགས། ཉེན་སྲུང་མཚོན་རྟགས། ཁ་ལོ་པའི་འཛིན་ཡིག་སོགས་རྫུན་བཟོ་དང་བསྒྱུར་བཟོ་བྱས་པ་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་དེ་རྩིས་ལེན་དང་བཀག་ཉར་བྱ་དགོས་ལ། ཉིན་བཅོ་ལྔ་་མན་དུ་བཀག་སྐྱིལ་བྱེད་པའི་ཆད་པའང་གཅོད་དགོས་པར་མ་ཟད། ད་དུང་སྒོར་ཉིས་སྟོང་ཡན་ནས་ལྔ་སྟོང་མན་གྱི་ཆད་པ་གཅོད་དགོས། ཉེས་དོན་བསགས་པ་ལ། ཁྲིམས་ལྟར་ཉེས་དོན་འགན་འཁུར་རྩད་གཅོད་བྱ་དགོས།
ཞིབ་བཤེར་ཚད་ལེན་ཚད་མཐུན་རྟགས་མཚན་དང་། ཉེན་སྲུང་རྟགས་མཚན་རྫུན་བཟོ་དང་། བསྒྱུར་བཟོ་བྱས་པའམ་ཡང་ན་བེད་སྤྱོད་བྱས་པར། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་དེ་རྩིས་ཞེན་དང་བཀག་ཉར་བྱ་དགོས་ལ། ཉིན་བཅུ་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་དགོས་པར་མ་ཟད། ད་དུང་སྒོར་ཆིག་སྟོང་ཡན་ནས་སུམ་སྟོང་མན་གྱི་ཆད་པ་གཅོད་དགོས། ཉེས་དོན་བསགས་པ་ལ། ཁྲིམས་ལྟར་ཉེན་དོན་རྩད་གཅོད་བྱ་དགོས།
རླངས་འཁོར་གཞན་གྱི་ཐོ་འགོད་འཛིན་ཡིག་དང་། ཨང་རྟགས། བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག། ཞབ་བཤེར་ཚད་ལེན་མཚོན་རྟགས། ཉེན་སྲུང་མཚོན་རྟགས་བཅས་བེད་སྤྱོད་བྱས་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་དེ་རྩིས་ལེན་དང་བཀག་ཉར་བྱ་དགོས་པར་མ་ཟད། སྒོར་ཉིས་སྟོང་ཡན་ནས་ལྔ་སྟོང་མན་གྱི་ཆད་པ་གཅོད་དགོས།
དོ་བདག་གིས་བབ་མཐུན་གྱི་ཁྲིམས་མཐུན་དཔང་ཡིག་འདོན་སྤྲོད་བྱས་པའམ། ཡང་ན་འགྲོ་ལུགས་རྗེས་སྒྲུབ་བྱས་ན། དུས་ཐོག་ཏུ་རླངས་འཁོར་ཕྱིར་སློག་བྱ་དགོས།
དོན་ཚན་གོ་བདུན་པ། ཁྲིམས་དང་འགལ་ནས་ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་གློག་ཆས་སྒྲིག་སྦྱོར་བྱས་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེ་བཙན་ཤེད་ཀྱིས་ལེན་པ་དང་རྩིས་ལེན་བྱ་དགོས་པར་མ་ཟད། ད་དུང་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་དགོས།
དོན་ཚན་གོ་བརྒྱད་པ། སྒུལ་སྐྱོད་རླངས་འཁོར་གྱི་བདག་པོ་དང་དོ་དམ་པས་རྒྱལ་ཁབ་ཀྱི་གཏན་ཁེལ་ལྟར་རླངས་འཁོར་གྱི་མི་སྣ་གསུམ་པའི་བཙན་ཤེད་འགན་འཁུར་ཉེན་སྲུང་དུ་མ་ཞུགས་པ་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས། དེའི་རླངས་འཁོར་གཏན་ཁེལ་ལྟར་ཉེན་སྲུང་དུ་ཞུགས་རག་བར་དུ་བཀག་ཉར་བྱ་དགོས་པར་མ་ཟད། ད་དུང་གཏན་ཁེལ་ལྟར་ཉེན་སྲུང་དུ་ཞུགས་པའི་འགན་འཁུར་ཚད་བཀག་དམའ་ཤོས་ཀྱི་ཉེན་སྲུང་གྲོན་དངུལ་སྤྲོད་གྲངས་ཀྱི་ལྡབ་གཉིས་ཀྱི་དངུལ་ཆད་གཅོད་དགོས།
གོང་གསལ་དོན་ཚན་ལྟར་རྩིས་ལེན་བྱས་པའི་དངུལ་ཆད་བཅད་པ་ཚང་མ་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་རུ་འཇོག་དགོས། བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱ་དགོས།
དོན་ཚན་གོ་དགུ་བ། གཤམ་གསལ་གྱི་སྤྱོད་ཚུལ་ལས་རིགས་གཅིག་མཆིས་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེར་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་གཅོད་དགོས་ཏེ།
གཅིག སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླང་མེད་པ་དང་། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་བཏང་བའམ་གནས་སྐབས་སུ་བཀག་ཉར་བྱེད་སྐབས་སྒུལ་སྐྱོད་རླངས་འཁོར་བསྐོར་བ་ལ།
གཉིས། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླང་མེད་པའམ་ཡང་ན་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་བཏང་བ་དང་། གནས་སྐབས་སུ་བཀག་ཉར་བྱས་པ་ལ་སྒུལ་སྐྱོད་རླངས་འཁོར་བསྐོར་དུ་བཅུག་པ།
གསུམ། འགྲིམ་འགྲུལ་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་བྱས་ཀྱང་ཉེས་དོན་གྱི་ཚད་དུ་སླེབས་མེད་པ་ལ།
བཞི། སྒུལ་སྐྱོད་རླངས་འཁོར་གྱི་མྱུར་ཚད་གཏན་ཁེལ་བྱས་པའི་མྱུར་ཚད་ལས་དུས་ཚོད་རེའི་མྱུར་ཚད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བ་ལ།
ལྔ། བཙན་ཤེད་ཀྱིས་རླངས་འཁོར་བསྐོར་མཁན་ལ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ངང་གཏོང་བའི་བླང་བྱ་དང་འགལ་ཏེ་རླངས་འཁོར་བསྐོར་དུ་བཅུག་སྟེ། འགྲིམ་འགྲུལ་དོན་རྐྱེན་བྱུང་ཡང་ཉེས་དོན་གྱི་ཚད་དུ་སླེབས་མེད་པ།
དྲུག འགྲིམ་འགྲུལ་དོ་དམ་གཏན་ཁེལ་དང་འགལ་ནས་བཙན་ཤེད་ཀྱིས་བགྲོད་སྐྱོད་བྱས་པ་དང་བཀག་་སྡོམ་གྱི་བསླབ་བྱར་མ་ཉན་པ་ལ།
བདུན། བསམ་གཟས་ནས་འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་བཏང་བ་དང་སྤོར་བ། བསུབ་བཅོས་བཅས་བྱས་ནས་ངན་འབྲས་བྱུང་ཡང་ཉེན་དོན་གྱི་ཚད་དུ་སླེབས་མེད་པ་ལ།
བརྒྱད། ཁྲིམས་འགལ་གྱིས་སྒུལ་སྐྱོད་རླངས་འཁོར་ལམ་བར་དུ་བཀག་པ་དང་བཀག་ཉར་བྱས་ཤིང་། བཀག་སྡོམ་བསླབ་བྱར་མ་ཉན་པར་འགྲིམ་འགྲུལ་ལ་བཀག་འགོག་ཚབས་ཆེན་བཟོས་པའམ་རྒྱུ་ནོར་གྱི་གྱོང་གུན་ཆེ་ཙམ་བཟོས་པ་ལ།
ཁྲིམས་འགལ་མཁན་ལ་གོང་གསལ་དོན་ཚན་གྱི་ཚན་པ་གཉིས་པ་དང་བཞི་བའི་གནས་ཚུལ་ལས་རིགས་གཅིག་མཆིས་ན། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་མེད་པར་བཟོས་ཆོག་པ་དང་། ཡང་ན་དོན་ཚན་དང་པོ་དང་གསུམ་པ། ལྔ་བ་ནས་བརྒྱད་པས་བཅས་བར་གྱི་གནས་ཚུལ་ལས་རིགས་གཅིག་མཆིས་ན། དེར་ཉིན་བཅོ་ལྔའི་མན་ལ་བཀག་སྐྱིལ་བྱེད་པའི་ཆད་པའང་བཅད་ཆོག།
དོན་ཚན་བརྒྱ་ཐམ་པ། ལྷུ་སྒྲིག་བྱས་པའམ་ཡང་ན་བེད་མེད་དུ་གཏོང་བའི་ཚད་ལ་བསླེབས་པའི་སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་དུ་བགྲོད་པ་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེ་རྩིས་ལེན་བྱས་ནས་བཙན་ཤེད་ཀྱིས་བེད་མེད་དུ་གཏོང་དགོས།
གོང་གསལ་དོན་ཚན་ནང་གསལ་བའི་སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་བསྐོར་མཁན་ལ་སྒོར་ཉིས་བརྒྱ་ཡན་ནས་ཉིས་སྟོང་མན་གྱི་ཆད་པ་གཅོད་དགོས་པར་མ་ཟད། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཀྱང་མེད་པར་བཟོ་དགོས།
བེད་མེད་་དུ་གཏོང་བའི་ཚད་ལ་བསླེབས་པའི་སྒུལ་སྐྱོད་རླངས་འཁོར་བཙོངས་པ་ཡིན་ན། དེའི་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། བཙོངས་པའི་དངུལ་གྲངས་དང་འདྲ་མཚུངས་ཡིན་པའི་དངུལ་གྲངས་ཀྱི་ཆད་པ་གཅོད་དགོས་པར་མ་ཟད། སྒུལ་སྐྱོད་རླངས་འཁོར་དེ་དོན་ཚན་འདིའི་དོན་ཚན་དང་པོའི་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་བརྒྱ་དང་གཅིག བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་ཁེལ་དང་འགལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ། ཉེས་དོན་བསགས་པར་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱ་དགོས་པར་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཀྱང་མེད་པར་བཟོ་དགོས།
འགྲིམ་འགྲུལ་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་བྱེད་མཁན་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་མེད་པར་བཟོ་དགོས་པར་མ་ཟད། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་མི་ཚེ་གང་བོར་བསྐྱར་ལེན་བྱ་མི་ཆོག་པ་བཟོ་དགོས།
དོན་ཚན་བརྒྱ་དང་གཉིས་པ། ཟླ་བ་དྲུག་གི་ནང་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཐེངས་གཉིས་ཡན་བྱུང་བ་དང་།འགན་གཙོ་བོའམ་འགན་ཚང་མ་འཁུར་དགོས་པའི་ཆེད་གཉེར་སྐྱེལ་འདྲེན་ལས་ཁུངས་ལ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བདེ་འཇགས་ཀྱི་འགལ་རྐྱེན་བསལ་མེད་པའི་བཀའ་སྒྲོག་པ་དང་། བདེ་འཇགས་ཀྱི་འགལ་རྐྱེན་བསལ་མེད་པའི་སྒུལ་སྐྱོད་རླངས་འཁོར་བགྲོད་ལམ་སྟེང་བསྐྱོད་མི་ཆོག།
དོན་ཚན་བརྒྱ་དང་གསུམ་པ། རྒྱལ་ཁབ་རླངས་འཁོར་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཁབ་ཀྱི་བདེ་སྲུང་ལག་རྩལ་གྱི་ཚད་གཞི་ལྟར་སྒུལ་སྐྱོད་རླངས་འཁོར་ལ་ཞིབ་བཤེར་ནན་ཏན་མ་བྱས་པ་དང་། ཚད་མཐུན་མིན་པའི་སྒུལ་སྐྱོད་རླངས་འཁོར་གྱི་རིགས་ཐོན་སྐྱེད་བྱེད་དུ་བཅུག་ན། དེའི་འགན་དངོས་སུ་འཁུར་བའི་གཙོ་གཉེར་མི་སྣ་དང་། ཁག་འགན་དངོས་སུ་འཁུར་བའི་མི་གཞན་དག་གི་གོ་ཐོབ་དབབ་པའམ་ཡང་ན་གནས་དབྱུང་གཏོང་བའི་སྲིད་འཛིན་ཆད་པ་གཅོད་དགོས།
སྒུལ་སྐྱོད་རླངས་འཁོར་ཐོན་སྐྱེད་ཁེ་ལས་ཀྱིས་རྒྱལ་ཁབ་སྒུལ་སྐྱོད་རླངས་འཁོར་ཐོན་རྫས་གཙོ་གཉེར་སྡེ་ཁག་ནས་བཀའ་འཁྲོལ་ཏེ། ཐོན་སྐྱེད་བྱས་པའི་སྒུལ་སྐྱོད་རླངས་འཁོར་རྒྱལ་ཁབ་ཀྱི་བདེ་སྲུང་ལག་རྩལ་གྱི་ཚད་གཞི་ལག་ལེན་དུ་མ་བསྟར་བའམ། ཡང་ན་སྒུལ་སྐྱོད་རླངས་འཁོར་ཐོན་རྫས་ཀྱི་སྤུས་ཚད་ལ་ཞིབ་བཤེར་རྩིས་ལེན་ནམ་པོ་མ་བྱས་པས། སྤུས་ཚད་མི་འདང་བའི་སྒུལ་སྐྱོད་རླངས་འཁོར་བཟོ་གྲྭ་ནས་ཐོན་སྐྱེད་བྱས་ཏེ་ཕྱིར་འཚོང་བྱས་ན། སྤུས་ཚད་ལག་རྩལ་ལྟ་ཞིབ་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།
རྒྱལ་ཁབ་སྒུལ་སྐྱོད་རླངས་འཁོར་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་བཀའ་མ་འཁྲོད་པར། སྒུལ་སྐྱོད་རླངས་འཁོར་གང་འདོད་ངང་ཐོན་སྐྱེད་བྱེད་པ་དང་། དེ་རིགས་བཙོངས་པ་ཡིན་ན། རླངས་འཁོར་དང་དེ་བཞིན་ལྷུ་ལག་ཁྲིམས་འགལ་གྱིས་ཐོན་སྐྱེད་བྱས་པ་དང་བཙོངས་པ་དག་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་ཐོན་རྫས་རིན་ཐང་གི་ལྡབ་གསུམ་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་བཅད་ཆོག་པ་དང་། ལས་གཉེར་འཛིན་ཡིག་ཡོད་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་དེའི་ལས་གཉེར་འཛིན་ཡིག་རྩིས་མེད་དུ་གཏོང་རྒྱུ་དང་། ལས་གཉེར་འཛིན་ཡིག་མེད་ན་སྒོ་ཐེལ་རྒྱག་དགོས།
ལྷུ་སྒྲིག་བྱས་པའི་སྒུལ་སྐྱོད་རླངས་འཁོར་དང་། རང་འདོད་ཀྱིས་བཅོས་སྒྲིག་བྱས་པའི་སྒུལ་སྐྱོད་རླངས་འཁོར་ཐོན་སྐྱེད་དང་བཙོངས་པ་ཡིན་ན། དེར་དོན་ཚན་འདིའི་ཚན་པ་གསུམ་པའི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།
དོན་ཚན་འདིའི་དོན་ཚན་གཉིས་པ་དང་གསུམ་པ། བཞི་བ་བཅས་སུ་འཁོད་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་པ་དང་། རྒྱལ་ཁབ་སྒུལ་སྐྱོད་རླངས་འཁོར་བདེ་སྲུང་ལག་རྩལ་གྱི་ཚད་གཞི་ལ་བསླེབས་མེད་པའི་རླངས་འཁོར་ཐོན་སྐྱེད་བྱས་པའམ་བཙོངས་ཏེ་ཉེས་དོན་བཟོས་པ་ཡིན་ན། དེར་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱ་རྒྱུ།
དོན་ཚན་བརྒྱ་དང་བཞི་བ། ཆོག་མཆན་མ་ཐོབ་པར་རང་འདོད་ཀྱིས་བགྲོད་ལམ་སྔོག་པ་དང་། ཡང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་བྱེད་སྒོ་གཞན་དག་སྤེལ་བར། བགྲོད་ལམ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་། དེར་ཁྲིམས་ལྟར་དངུལ་ཆད་ཀྱང་བཅད་ཆོག། འགྲུལ་པ་དང་རླངས་འཁོར། རྒྱུ་ནོར་གཞན་དག་བཅས་ལ་གྱོང་གུད་ཕོག་ཏུ་བཅུག་པ་ལ། ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དུ་འཇུག་དགོས།
གོང་གསལ་དོན་ཚན་གྱི་བྱ་སྤྱོད་ཡོད་པ་དང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བྱ་འགུལ་ལ་ཤུགས་རྐྱེན་བཏང་བ་ཡིན་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དེར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་བཅུག་སྟེ་འགྲིམ་འགྲུལ་མྱུར་གསོ་བྱ་རུ་འཇུག་དགོས།
དོན་ཚན་བརྒྱ་དང་ལྔ་བ། བགྲོད་ལམ་དུ་ལས་སྒྲུབ་བྱེད་པའམ་ཡང་ན་བགྲོད་ལམ་ལ་གནོད་སྐྱོན་བྱུང་ཡང་། དུས་ཐོག་ཏུ་ཉེན་བརྡའི་རྟགས་མཚན་བཙུགས་མེད་པ་དང་། འགོག་སྲུང་བྱེད་ཐབས་སྤྱད་མེད་པ། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་བཅས་སྒྲིག་བཀོད་བྱ་དགོས་ཀྱང་བསྒྲིགས་མེད་པ། ཡང་ན་དུས་ཐོག་ཏུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་མཚོན་རྟགས། འགྲིམ་འགྲུལ་ལམ་ཐིག་བཅས་བསྒྱུར་བཅོས་བྱ་དགོས་ཀྱང་དུས་ཐོག་ཏུ་བསྒྱུར་བཅོས་བྱས་མེད་པར། འགྲུལ་པ་དང་རླངས་འཁོར། རྒྱུ་ནོར་གཞན་དག་བཅས་ལ་གྱོང་གུད་ཕོག་ན། འབྲེལ་ཡོད་ཀྱི་ཁག་འགན་འཁུར་དགོས་པའི་ལས་ཁུངས་ཀྱིས་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས་པའི་ལས་ཁུངས་ཀྱི་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།
དོན་ཚན་བརྒྱ་དང་དྲུག་པ། བགྲོད་ལམ་ལོགས་གཉིས་དང་བར་བཅད་ས་མཚམས་སུ་ཤིང་སྡོང་དང་རྩི་ཤིང་གཞན་དག་འདེབས་འཛུགས་བྱེད་པ་དང་། འཕྲིན་གསར་བརྡ་ཁྱབ་བྱང་བུའི་གློག་སྐུད་སོགས་བསྒྲིགས་ནས་ལམ་སྒྲོན་དང་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན། འགྲིམ་འགྲུལ་རྟགས་མཚན་བཅས་བསྒྲིབས་ཏེ་བདེ་འཇགས་འགོག་རྐྱེན་བཟོས་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་མཁན་ལ་སྒྲིབ་བྱེད་མེད་པར་བཟོ་རུ་འཇུག་དགོས་པ་དང་། ལག་ལེན་དུ་མི་བསྟར་མཁན་ལ་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་ཆད་པ་གཅོད་དགོས་པར་མ་ཟད། ད་དུང་བཙན་ཤེད་ཀྱིས་སྒྲིབ་བྱེད་མེད་པར་བཟོ་རུ་འཇུག་རྒྱུ་དང་། དེར་མཁོ་བའི་གྲོན་དངུལ་ཁྲིམས་འགལ་མཁན་ལ་འཁུར་དུ་འཇུག་དགོས།
དོན་ཚན་བརྒྱ་དང་བདུན་པ། བགྲོད་ལམ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ལ་ཐ་ཚིག་བསྒྲགས་ཏེ་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། འགྲིམ་འགྲུལ་ཉེན་རྟོག་པས་ས་དེ་གར་སྲིད་འཛིན་ཆད་པ་གཅོད་པར་ཐག་གཅོད་བྱ་ཆོག་པར་མ་ཟད། སྲིད་འཛིན་ཆད་པ་གཅོད་ཡིག་ཀྱང་བྲི་ཆོག།
སྲིད་འཛིན་ཆད་པ་གཅོད་ཡིག་ཏུ་དོ་བདག་གི་ཁྲིམས་འགལ་དོན་དངོས་དང་། སྲིད་འཛིན་ཆད་པ་གཅོད་པའི་གཞི་འཛིན་ས། ཆད་པ་གཅོད་པའི་ནང་དོན། དུས་ཚོད། ས་གནས། ཆད་པ་གཅོད་མཁན་ལས་ཁུངས་བཅས་ཀྱི་མིང་གསལ་བོར་འགོད་དགོས་ལ། ཁྲིམས་བསྟར་པའི་མིང་རྟགས་འགོད་པའམ་ཐེལ་ཙེའང་གནོན་དགོས།
དོན་ཚན་བརྒྱ་དང་བརྒྱད་པ། དོ་བདག་གིས་དངུལ་ཆད་བཅད་པའི་སྲིད་འཛིན་ཆད་པ་བཅད་ཡིག་འབྱོར་བའི་ཉིན་ནས་བཟུང་།ཉིན་བཅོ་ལྔའི་ནང་དམིགས་གཏད་ཀྱི་དངུལ་ཁང་དུ་ཆད་དངུལ་སྤྲོད་དགོས།
ལམ་འགྲོ་པ་དང་རླངས་འཁོར་དུ་སྡོད་པའི་འགྲུལ་པ། སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་བསྐོར་མཁན་བཅས་ལ་དངུལ་ཆད་བཅད་པ་དེ་དོ་བདག་ལ་བསམ་འཆར་མི་མཐུན་པ་མེད་ན། ས་དེ་གར་དངུལ་ཆད་བསྡུ་ཆོག།
དངུལ་ཆད་གཅོད་དུས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ནོར་སྲིད་སྡེ་ཁག་གིས་གཅིག་གྱུར་ངང་བཟོས་པའི་དངུལ་ཆད་འཕྲོད་འཛིན་སྟེར་དགོས། ནོར་སྲིད་སྡེ་ཁག་གིས་གཅིག་གྱུར་ངང་བཟོས་པའི་དངུལ་ཆད་འཕྲོད་འཛིན་མ་སྤྲད་ན། དོ་བདག་ལ་དངུལ་ཆད་མི་འཇལ་བའི་དབང་ཆ་ཡོད།
དོན་ཚན་བརྒྱ་དང་དགུ་བ། དོ་བདག་གིས་སྲིད་འཛིན་ཆད་པ་བཅད་པ་དུས་ལས་ཡོལ་ཡང་ད་དུང་ལག་ལེན་དུ་མ་བསྟར་ན། སྲིད་འཛིན་ཆད་པ་གཅོད་མཁན་སྲིད་འཛིན་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་ཆོག་སྟེ།
གཅིག དུས་ཆད་ལོངས་ཀྱང་དངུལ་ཆད་མ་འཇལ་ན། ཉེན་རེར་དངུལ་ཆད་གཅོད་གྲངས་ཀྱི་བརྒྱ་ཆའི་གསུམ་ལྟར་དངུལ་ཆད་ཁ་སྣོན་རྒྱག་རྒྱུ།
གཉིས། མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་བ་ཞུ་རྒྱུ།
དོན་ཚན་བརྒྱ་དང་བཅུ་བ། ལས་འགན་སྒྲུབ་པའི་འགྲིམ་འགྲུལ་ཉེན་རྟོག་པས། བགྲོད་ལམ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་མིར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་གནས་སྐབས་སུ་བཀག་ཉར་བྱ་རྒྱུའམ་རྩིས་མེད་དུ་གཏོང་བའི་ཆད་པ་གཅོད་དགོས་བསམས་ན། སྔོན་ལ་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་གནས་སྐབས་སུ་བཀག་ཉར་བྱ་ཆོག་པ་དང་། ཆུ་ཚོད་ཉེར་བཞིའི་ནང་གྱོད་དོན་དེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་བྱ་རུ་འཇུག་དགོས།
བགྲོད་ལམ་འགྲིམ་འགྲུལ་བྱ་སྤྱོད་སྤེལ་མཁན་དེ་ཉིན་བཅོ་ལྔའི་ནང་བགྲོད་ལམ་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ་ཐག་གཅོད་ངོས་ལེན་བྱེད་དུ་འགྲོ་དགོས། རྒྱུ་མཚན་ལུགས་མཐུན་མེད་པར་དུས་བཅད་ལྟར་ཐག་གཅོད་ངོས་ལེན་མི་བྱ་ན། དེའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་གཏོང་དགོས།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་ཁ་ལོ་པའི་འཛིན་ཡིག་གནས་སྐབས་སུ་བཀག་ཉར་བྱ་པའམ་རྩིས་མེད་དུ་བཏང་ན། སྲིད་འཛིན་ཆད་པ་གཅོད་ཡིག་ཀྱང་བྲི་དགོས།
དོན་ཚན་བརྒྱ་དང་བཅུ་གཅིག་པ། བཅའ་ཁྲིམས་འདིའི་གཏན་ཁེལ་དང་འགལ་བ་ལ་བཀག་སྐྱིལ་བྱ་རྒྱུའི་སྲིད་འཛིན་ཆད་པ་གཅོད་མིན་དེ། རྫོང་དང་གྲོང་ཁྱེར་གྱི་སྤྱི་བདེ་ཅུས་དང་། སྤྱི་བདེ་ཡན་ལག་ཅུས་སམ་རྫོང་རིམ་པ་དང་འདྲ་མཚུངས་ཀྱི་སྤྱི་བདེ་ལས་ཁུངས་བཅས་ཀྱིས་ཐག་གཅོད་དགོས།
དོན་ཚན་བརྒྱ་དང་བཅུ་གཉིས་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒུལ་སྐྱོད་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་བཀག་ཉར་བྱེད་སྐབས། ས་དེ་གར་དཔང་ཡིག་བྲི་དགོས་པར་མ་ཟད། ད་དུང་དོ་བདག་ལ་གཏན་ཁེལ་དུས་བཅད་ནང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཐག་གཅོད་དང་ལེན་བྱ་དགོས་དོན་ཡང་བཤད་དགོས།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀག་ཉར་བྱས་པའི་སྒུལ་སྐྱོད་རླངས་འཁོར་ལ་ཉར་ཚགས་དང་དོ་དམ་ཡག་པོ་བྱ་དགོས་པ་ལས། བེད་སྤྱོད་བྱ་མི་ཆོག།
དུས་ལས་ཡོལ་ཡང་ཐག་གཅོད་དང་ལེན་མི་བྱེད་པར་མ་ཟད། ད་དུང་སྤྱི་བསྒྲགས་བྱས་ནས་ཟླ་བ་གསུམ་འགོར་ཡང་སྔར་བཞིན་ཐག་གཅོད་དང་ལེན་མི་བྱེད་ན། བཀག་ཉར་བྱས་པའི་རླངས་འཁོར་ཁྲིམས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་བརྒྱ་དང་བཅུ་གསུམ་པ། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་གནས་སྐབས་སུ་བཀག་ཉར་བྱས་པའི་དུས་བཅད་དེ། ཆད་པ་བཅད་ནས་ནུས་པ་ཐོན་པའི་ཉིན་ནས་བཟུང་བརྩི་རྒྱུ། ཆད་པ་བཅད་པའི་ནུས་བ་མ་ཐོན་གོང་ལ་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བཀག་ཉར་བྱས་ན། བཀག་ཉར་ཉིན་རེ་བྱས་པ་དེས་གནས་སྐབས་སུ་བཀག་ཉར་དུས་བཅད་ཉིན་གཅིག་ཇེ་ཉུང་དུ་གཏོང་རྒྱུ།
སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་བཏང་རྗེས། བསྐྱར་དུ་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པར་རེ་བ་ཞུ་བའི་དུས་བཅད་ནི། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་དོ་དམ་བྱ་བའི་སྐོར་གྱི་གཏན་ཁེལ་ལྟར་བྱ་དགོས།
དོན་ཚད་བརྒྱ་དང་བཅུ་བཞི་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ལྟ་སྐུལ་ཚོད་འཛིན་ཟིན་ཐོའི་དཔྱད་ཡིག་ལ་གཞིགས་ནས། ཁྲིམས་འགལ་རླངས་འཁོར་གྱི་བདག་པོའམ་དོ་དམ་པར་ཁྲིམས་ལྟར་ཆད་པ་བཅད་ཆོག། ཁ་ལོ་པ་སུ་ཡིན་པ་ཐག་གཅོད་བྱེད་ཐུབ་ན། དེར་བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་ཁྲིམས་ལྟར་ཆད་པ་བཅད་ཆོག།
དོན་ཚན་བརྒྱ་དང་བཅོ་ལྔ་བ། འགྲིམ་འགྲུལ་ཉེན་རྟོག་པར་གཤམ་གསལ་གྱི་སྤྱོད་ཚུལ་རིགས་གཅིག་མཆིས་ན། དེར་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་དགོས་ཏེ།
གཅིག ཁྲིམས་བཀོད་ཆ་རྐྱེན་དང་མི་མཐུན་པའི་སྒུལ་སྐྱོད་རླངས་འཁོར་ལ། སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་དང་། ཨང་རྟགས། བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག། ཞིབ་བཤེར་ཚད་མཐུན་མཚོན་རྟགས་བཅས་སྤྲད་པ་ལ།
གཉིས། ཁྲིམས་བཀོད་ཆ་རྐྱེན་དང་མི་མཐུན་པའི་སྒུལ་སྐྱོད་རླངས་འཁོར་ལ་ཉེན་རྟོག་རླངས་འཁོར་དང་། མེ་གསོད་རླངས་འཁོར། སྨན་བཅས་སྲོག་སྐྱོབ་རླངས་འཁོར། ལས་གྲྭའི་ཉེན་སྐྱོབ་རླངས་འཁོར་བཅས་ཀྱི་ཉེན་བརྡའི་ཡོ་ཆས་དང་། རྟགས་མཚན་གློག་སྒྲོན་བཅས་བསྒྲིགས་པ་དང་བེད་སྤྱོད་བྱེད་པ། རྟགས་མཚན་རི་མོའི་ཚོན་རྩི་བྱུགས་པར་བྱས་པ།
གསུམ། ཁ་ལོ་པ་བྱ་ཆོག་པའི་ཆ་རྐྱེན་མི་ལྡན་པ་དང་རྒྱུགས་མ་བླངས་པ། ཡང་རྒྱུགས་མ་འཕྲོད་པའི་མི་སྣར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་སྤྲད་པ།
བཞི། དངུལ་ཆད་གཅོད་པ་དང་དངུལ་ཆད་སྡུད་ལེན་གྱི་ལམ་ལུགས་ཐ་དད་དུ་ལག་ལེན་མི་བསྟར་བའམ། ཡང་ན་གཏན་ཁེལ་ལྟར་ཁྲིམས་ལྟར་སྡུད་ལེན་བྱས་པའི་གྲོན་དངུལ་དང་སྡུད་ལེན་བྱས་པའི་ཆད་དངུལ་བཅས་གཞུང་བཞེས་བཏང་བའི་ཁྲིམས་འགལ་ཐོབ་ཆ་ཚང་མ་རྒྱལ་མཛོད་དུ་མ་ཕུལ་བ་ལ།
ལྔ། ཁ་ལོ་པའི་སློབ་གྲྭའམ་ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭ་དང་། སྒུལ་སྐྱོད་རླངས་འཁོར་གྱི་བཟོ་གྲྭའམ་དངུལ་ལེན་པའི་རླངས་འཁོར་འཇོག་ས་སོགས་གཉེར་བའི་བྱ་འགུལ་སྤེལ་བའམ་བྱ་འགུལ་སྤེལ་བར་ཞུགས་པ་ལ།
དྲུག ལས་གནས་ཀྱི་སྟབས་བདེ་དང་བསྟུན་ཏེ་མི་གཞན་གྱི་རྒྱུ་ནོར་ལེན་པའམ་ཁེ་ཕན་གཞན་དག་རག་ཐབས་བྱས་པ་ལ།
བདུན། རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་དང་། ཁ་ལོ་པའི་འཛིན་ཡིག། ཨང་རྟགས་བཅས་ཁྲིམས་འགལ་གྱིས་བཀག་བཉར་བྱས་པ།
བརྒྱད། ཁྲིམས་ལྟར་བཀག་ཉར་བྱས་པའི་རླངས་འཁོར་བེད་སྤྱོད་བཏང་བ་ལ།
དགུ། ས་དེ་གར་དངུལ་ཆད་བླངས་ནས་དངུལ་ཆད་བཅད་པའི་འཛིན་ཡིག་མ་སྤྲད་པའམ་དངུལ་ཆད་བཅད་གྲངས་ཇི་མ་ཇི་བཞིན་མ་བྲིས་པ་ལ།
བཅུ། གཡོ་ཟོལ་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་ལ་ཐག་གཅོད་དྲང་གཞག་མ་བྱས་པ་ལ།
བཅུ་གཅིག བསམ་གཟས་ནས་སྒུལ་སྐྱོད་རླངས་འཁོར་ཨང་རྟགས་ནར་འགྱངས་བྱས་ཏེ་མ་བྱིན་པ་ལ།
བཅུ་གཉིས། ལས་འགན་ཛ་དྲག་ཅན་སྒྲུབ་པའི་དུས་མིན་པའི་སྐབས་སུའང་ཉེན་བརྡའི་ཡོ་ཆས་དང་རྟགས་མཚན་གློག་སྒྲོན་བེད་སྤྱོད་པ་ལ།
བཅུ་གསུམ། གཏན་ཁེལ་དང་འགལ་ནས་རྒྱུན་ལྡན་ངང་སྐྱོད་བཞིན་པའི་རླངས་འཁོར་ལམ་བར་དུ་བཀག་པ་དང་ཞིབ་བཤེར་བྱེད་པ་ལ།
བཅུ་བཞི། བྲལ་མྱུར་ཆེ་བའི་གཞུང་དོན་མིན་པའི་སྐབས་སུ་སྒུལ་སྐྱོད་རླངས་འཁོར་གྱི་རིགས་ལམ་བར་དུ་བཀག་ནས་བསྡད་པ།
བཅོ་ལྔ། ཁྲིམས་བཀོད་འགན་འཁྲི་མི་བསྒྲུབས་པ་བཅས་ལ།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་གོང་གསལ་དོན་ཚན་ནང་འཁོད་པའི་སྤྱོད་ཚུལ་ལས་རིགས་གཅིག་མཆིས་ན། དེའི་འགན་དངོས་སུ་འཁུར་བའི་གཙོ་གཉེར་མི་སྣ་དང་ཁག་འགན་དངོས་སུ་འཁུར་དགོས་པའི་མི་གཞན་དག་འོས་བབ་ཀྱིས་སྲིད་འཛིན་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཅུ་དྲུག་པ། བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་བཅོ་ལྔ་བའི་གཏན་ཁེལ་ལྟར། འགྲིམ་འགྲུལ་ཉེན་རྟོག་པར་སྲིད་འཛིན་ཆད་པ་གཅོད་ན། སྲིད་འཛིན་ཆད་པ་མ་བཅད་གོང་ཉེན་རྟོག་པ་དེར་ལས་འགན་སྒྲུབ་མཚམས་འཇོག་ཏུ་བཅུག་ཆོག་དགོས་གལ་བྱུང་ཚེ་དེ་བཙན་འགོག་ཀྱང་བྱ་ཆོག།
བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་བཅོ་ལྔ་བའི་གཏན་ཁེལ་ལྟར་འགྲིམ་འགྲུལ་ཉེན་རྟོག་པར་གོ་ཐོབ་དབབ་པའམ་གནས་འབྱུང་གཏོང་བའི་སྲིད་འཛིན་ཆད་པ་བཅད་པ་ཡིན་ན། དེ་ལས་གནས་ནས་འཐེན་པར་ཡང་བྱ་ཆོག།
འགྲིམ་འགྲུལ་ཉེན་རྟོག་པར་ལས་གནས་ལས་ཕྱིར་ཕུད་པའི་ཆད་པ་བཅད་པའམ་ཡང་ན་ལས་གནས་ལས་ཕྱིར་འཐེན་པ་ཡིན་ན། དེར་ཉེན་རྟོག་པའི་གོ་ཐོབ་མེད་པར་བཟོ་བ་དང་། གནས་དབྱུང་གཏོང་རྒྱུ་མན་གྱི་སྲིད་འཛིན་ཆད་པ་བཅད་པ་ཡིན་ན། ཉེན་རྟོག་པའི་གོ་ཐོབ་དབབ་དགོས།
དོན་ཚན་བརྒྱད་དང་བཅུ་བདུན་པ། འགྲིམ་འགྲུལ་ཉེན་རྟོག་པས་འགན་དབང་སྤྱད་དེ་ཐུན་མོང་གི་རྒྱུ་དངོས་ཁྲིམས་དང་མི་མཐུན་པར་བདག་འཛིན་དང་། ལྐོག་རྔན་བླངས་པ། འགན་དབང་གང་བྱུང་དུ་སྤྱད་པ། ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་ནས་བྱས་ཉེས་བསགས་པ་ཡིན་ན། དེར་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱ་རྒྱུ།
དོན་ཚན་བརྒྱ་དང་བཅོ་བརྒྱད་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འགྲིམ་འགྲུལ་ཉེན་རྟོག་པ་བཅས་ལ་བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་བཅོ་བརྒྱ་དང་བཅོ་ལྔ་བའི་ནང་གསལ་བའི་བྱ་སྤྱོད་ལས་རིགས་གཅིག་མཆིས་པ་དང་། དོ་བདག་ལ་གྱོང་གུད་བཟོས་པ་ཡིན་ན། དེས་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།
དོན་ཚན་བརྒྱ་དང་བཅུ་དགུ་པ། བཅའ་ཁྲིམས་འདིའི་ནང་འཁོད་པའི་གཤམ་གསལ་གྱི་ཐ་སྙད་དག་གི་གོ་དོན་ནི་འདི་ལྟ་སྟེ།
གཅིག “བགྲོད་ལམ”ཞེས་པ་ནི་བགྲོད་ལམ་དང་གྲོང་ཁྱེར་གྱི་བགྲོད་ལམ། ལས་ཁུངས་ཤིག་གིས་བདག་སྐྱོང་བྱེད་པའི་ཁོངས་སུ་གཏོགས་ནའང་། སྤྱི་ཚོགས་ཐོག་གི་རླངས་འཁོར་བགྲོད་ཆོག་པའི་གནས་བཅས་ལ་ཟེར་བ་དང་། དེའི་ནང་དུ་ཐང་ཆེན་དང་། ཐུན་མོང་གི་རླངས་འཁོར་འཇོགས་ས་སོགས་མང་ཚོགས་འགྲོ་སའང་འདུས་ཡོད།
གཉིས། “རླངས་འཁོར”ཞེས་པ་ནི་སྒུལ་སྐྱོད་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་ལ་ཟེར།
གསུམ། “སྒུལ་སྐྱོད་རླངས་འཁོར”ཞེས་པ་ནི་སྒུལ་ཤུགས་འཕྲུལ་ཆས་ཀྱིས་འདེད་སྒུལ་ལམ་འདྲུད་འཐེན་བྱས་ཏེ་བསྐྱོད་པའི་མི་སྡོད་པའམ། ཡང་ན་དངོས་རྫོས་དབོར་བར་བྱེད་པ་བཅས་བཟོ་སྐྲུན་ལས་སྒྲུབ་ཏུ་སྤྱོད་པའི་འཁོར་ལོ་ཅན་གྱི་རླངས་འཁོར་ལ་ཟེར།
བཞི། “སྒུལ་སྐྱོད་རླངས་འཁོར་མ་ཡིན་པ”ཞེས་པ་དེ་མི་ཤུགས་སམ་ཕྱུག་ཤུགས་ཀྱིས་འདེད་སྒུལ་ལམ་འདྲུད་འཐེན་བྱས་ཏེ་བགྲོད་ལམ་སྟེང་བསྐྱོད་པའི་འགྲིམ་འགྲུལ་ཡོ་བྱད་ལ་སྟོན་པ་དང་། སྒུལ་ཤུགས་འཕྲུལ་ཆས་ཀྱིས་འདེད་སྒུལ་བྱེད་པ་ཞིག་ཡིན་ནའང་། ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་དང་། རླངས་འཁོར་གྱི་སྤུས་ཀ ཕྱི་དབྱིབས་ཀྱི་ཆེ་ཆུང་བཅས་ཇུས་འགོད་རིགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་མཐུན་པའི་དབང་བོ་སྐྱོན་ཅན་གྱི་ཁྲིའུ་འཁོར་དང་གློག་སྒུལ་ལྕགས་རྟ་སོགས་འགྲིམ་འགྲུལ་ཡོ་བྱད་ལ་ཟེར།
ལྔ། “འགྲིམ་འགྲུལ་དོན་རྐྱེན”ཞེས་པ་ནི་རླངས་འཁོར་བགྲོད་ལམ་སྟེང་ནོར་འཛོལ་བྱུང་བའམ། ཡང་ན་བསམ་ཡུལ་ལས་འདས་པའི་མི་ཤི་རྨས་སམ་རྒྱུ་ནོར་ལ་གྱོང་གུད་ཕོག་པའི་དོན་རྐྱེན་བྱུང་བ་ལ་ཟེར།
དོན་ཚན་བརྒྱ་དང་ཉི་ཤུ་བ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་དང་འཛིན་ཡིག་སྒུལ་སྐྱོད་རླངས་འཁོར་ལ་ཞིབ་བཤེར་ཚད་ལེན་བྱེད་པ། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པར་དཔྱད་ཞིབ་བྱེད་པ་བཅས་ཀྱི་བྱ་བ་དེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་གོ་མི་དམངས་ཉེན་རྟོག་དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁུར་དགོས།
དོན་ཚན་བརྒྱ་དང་ཉེར་གཅིག་པ། བགྲོད་ལམ་སྟེང་སྐྱོད་པའི་འདྲུད་འཐེན་འཁོར་ལོ་ལ། ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་གིས་བཅའ་ཁྲིམས་འདིའི་དོན་ཚན་བརྒྱད་པ་དང་དགུ་བ། བཅུ་གསུམ་པ། བཅུ་དགུ་པ། ཉེར་གསུམ་པ་བཅས་སུ་གཏན་ཁེལ་བྱས་པའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་དོ་དམ་བྱེད་པའི་འགན་དབང་སྤྱོད་དགོས།
ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་གིས་གོང་གསལ་དོན་ཚན་གྱི་གཏན་ཁེལ་ལྟར། འགན་དབང་སྤྱོད་པར་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་ལ་བརྩི་སྲུང་བྱ་དགོས་པར་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ལྟ་སྐུལ་ཡང་དང་ལེན་བྱ་དགོས་པ་དང་། གཏན་ཁེལ་དང་འགལ་བ་ལ་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་ལྟར་བཅའ་ཁྲིམས་ཀྱི་ཁག་འགན་རྩད་གཅོད་བྱ་དགོས།
བཅའ་ཁྲིམས་འདི་ལག་བསྟར་མ་བྱས་གོང་ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་གིས་བྱིན་པའི་སྒུལ་སྐྱོད་རླངས་འཁོར་གྱི་ཨང་རྟགས་ལ་བཅའ་ཁྲིམས་འདི་ལག་བསྟར་བྱས་རྗེས་ཀྱང་མུ་མཐུད་དུ་ཕན་ནུས་ཡོད།
དོན་ཚན་བརྒྱ་དང་ཉེར་གསུམ་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས། ས་ཁུལ་རང་གི་གནས་ཚུལ་དངོས་ལ་གཞིགས་ཏེ་བཅའ་ཁྲིམས་འདིའི་ནང་གཏན་ཁེལ་བྱས་པའི་དངུལ་ཆད་གཅོད་རིམ་ཁྲོད་ལག་བསྟར་བྱེད་པའི་ཞིབ་ཕྲའི་ཚད་གཞི་གཏན་ཁེལ་བྱ་ཆོག
དོན་ཚན་བརྒྱ་དང་ཉེར་བཞི་པ། བཅའ་ཁྲིམས་འདི2004ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:3 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-09-26
གསར་སྤེལ་མཁན། :བདྨ880578