གྱུར་དུག་གི་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྱུར་བའི་དུག་ལ་མི་འཕྲོད་པའི་དུག་དང་ཤ་དུག་གཉིས་ཡོད་པ་ལས། དང་བོ་མི་འཕྲོད་པའི་དུག་ལ་རྒྱུ་དང་རྟགས་དང་། བཅོས་ཐབས་དང་གསུམ་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
转化毒
རིགས་དབྱེ།
དུག་ནད།
1 རྒྱུ།

མི་འཕྲོད་དུག་གི་རྒྱུ་ལ་གཉིས་ཡོད་ཏེ། ངོ་བོ་མི་འཕྲོད་པ་དང་། དྭངས་མ་ཞུ་བར་ཟུངས་སུ་མ་སྨིན་པའོ། ། དེ་ཡང་ངོ་བོ་མི་འཕྲོད་པ་ནི་ཆང་གསར་ཏེ་ཆང་ལངས་འཕྲལ་དང་ཞོ་མ་ལངས་པ་གཉིས་མི་འཕྲོད། སེར་ཤ་ནི་སྤང་ནང་གི་ཤ་མོ་ཡུངས་དཀར་གྱི་མར་ལ་བརྔོས་བ་མི་འཕྲོད་པ་དང་། ཁྱིམ་བྱའི་ཤའམ་སྒོང་ང་ཞོ་འོ་རློན་གྱི་རིགས་རྣམས་ལ་ཕུག་དང་མཉམ་དུ་ཟ་བ་དང་། དེ་བཞིན་དུ་འོ་མ་སྒོག་སྐྱ། འོ་མ་དང་ཡུངས་ཀར་ལོ་མ་མཉམ་དུ་ཟས་པ་རྣམས་མཛེ་དུག་དང་། འོ་མ་དང་ཉ་ཤ་མཉམ་དུ་ཟ་བ་དང་ཉ་ཤ་དང་སྒོང་ང་གཉིས། ཉ་ཤ་དང་འབྲུ་མར་སོ་མ། ཉ་ཤ་དང་ལ་ཕུག་རྣམས་མཉམ་དུ་ཟ་བ་མི་འཕྲོད་པའི་དུག་དུ་འགྱུར་པ་ལ། གོང་དུ་བསྟན་པ་དེ་དག་རྣམས་ཀྱང་སྔ་མ་མ་ཞུ་བར་ཕྱི་མ་ཟོས་བ་འམ་དེ་དག་བསྲེས་ཏེ་ཟོས་སམ་ལྡན་གཅིག་ཏུ་ཟོས་པས་ངོ་བོ་མི་འཕྲོད་པ་དེ་དག་ནུས་པ་ལ་བསྟེན་ནས། རྒྱུ་འབྱུང་བའི་མཚན་ཉིད་དགྲ་གཤེར་གྱུར་བས་འཐབས་ནས་ཉེས་བ་གསུམ་འཁྲུགས་པས་ལུས་ལ་གནོད་པས་མི་འཕྲོད་པ་དང་། ཡང་ན་གོང་གི་མི་འཕྲོད་པའི་ཁ་ཟས་དེ་རྣམས་མི་ཡིན་ཀྱང་སྔར་ཟ་མ་མྱོང་བའི་མ་གོམས་པས་ཟས་འདྲིས་གོམས་མེད་པ་དང་། དུས་མིན་པ་མཚན་ཕྱེ་ལྟ་བུ་ལ་ཟ་བ་དང་། ངོ་བོ་འཇུ་དཀའ་བ་གྱོང་རླན་སྣུམ་པ་སོགས་བསྟེན་པས་མེ་དྲོད་གསུམ་གྱིས་མ་ཞུ་བར་དྭངས་སྙིག་འདྲིས་ཏེ་རྩ་མིག་རྣམས་སུ་བྱེར་བས་དྭངས་མ་ནས་ཁུ་བ་མདངས་ཀྱི་བར་ལུས་ཟུངས་བདུན་མ་སྨིན་པར་འགྲིབས་པར་བྱེར་རོ། །

2 ནད་རྟགས།

ནད་དེ་རྣམས་ངོས་འཛིན་བྱེད་ཀྱི་སྤྱི་རྟགས་ནི་ལྟ་རྩ་ཁ་ཕྲ་ལ་གཏིང་གྲིམས་པ་དང་། ཆུ་མདོག་དམར་བོའམ་ཡང་ན་སྨུག་ལ་ཀུ་ཡ་ཆད་པ་དང་། ཤ་མདོག་སྔོ་ལ་སྐམས་པ་དང་། མིག་འགྲིབ་ལ་མགོ་བོ་ན་བ་དང་། སྐབས་སུ་ལུས་བརྩེ་ཞིང་བྲང་རྒྱབ་དང་རྩིབ་མའི་ལོགས་རྣམས་གཟེར་བ་དང་། སྒྲེག་པ་བྱེད་ཅིང་ཁོང་བ་སྦོས་པ་དང་། ཟས་འཇུག་དཀའ་ཞིང་ཟས་རྗེས་ན་བ་དང་། ཚིགས་གཞི་ན་ལ་སྐང་བའི་བོལ་དང་གསུས་པའི་ཤ་སྤོས་པ་དང་། མི་འཕྲོད་པའི་ཟས་ཟོས་ན་འཁྲུ་བའམ་ཡང་ན་སྐྱུག་ཚུལ་སྟོན་པའོ། ། དེ་དག་མདོར་འདྲིལ་བའམ་བྱེ་བྲག་ཏུ་བཤད་ན་མི་འཕྲོད་མ་ཞུ་བ་རྣམས་ཕོ་བར་གནས་ཚེ་བད་ཀན་ཤས་ཆེ་བས་གྲང་ལ། མཆིན་པར་ཁྲག་མཁྲིས་ཤས་ཆེ་བས་ཚ་བ་དང་། ཉིས་གསུམ་ཁྲག་ཆུ་སེར་སོགས་རང་རང་གི་མཚན་ཉིད་དང་མཐུན་པའི་རྟགས་སྟོན་ཏེ། རླུང་དང་ལྡན་ན་སྦོ་སྒྲེག་བྱེད་ཅིང་མགོ་བོ་འཁོར་བ་དང་། མཁྲིས་པ་དང་ལྡན་ན་ཁོང་བ་ཚ་ཞིང་འཁྲུ་བ་དང་། ཁྲག་དང་ལྡན་ན་གཟེར་འཁྲུག་པར་བྱེད་པ་དང་། བད་ཀན་དང་ལྡན་ན་ལུས་ལྕི་ཞིང་མགོ་བོ་ན་བ་དང་། ཟས་འཇུག་དཀའ་ཞིང་ཟ་འདོད་ཆེ་བ་དང་། ཆུ་སེར་དང་ལྡན་ན་སྐྲངས་ལ་ཚིགས་གཞི་ན་བ་དང་། གནས་ཀྱི་འགྱུར་བ་དང་བཅས་པ་ལས་སྣ་ཚོགས་པའི་ནད་རྟགས་གཉིས་ལྡན་དུ་འབྱུང་བས་བརྟག་པར་དཀའ་སྟེ་མ་ཞུ་བ་དང་དུག་གི་རྟགས་གཉིས་ལྡན་པའི་མ་ཞུ་དུག་ཐབས་ཞེས་པ་ལ། འདི་དག་ལ་ངོས་མ་ཟིན་པའི་མ་སྟོབས་པ་དང་། ཚ་གྲང་སོགས་ནོར་བའི་ལོག་པར་སྟོགས་པ་དང་། འོལ་ཅི་ཙམ་པའི་ཕྱོགས་སྟོགས་ཙམ་མ་ཡིན་པར་རྒྱུ་རྐྱེན་མཚན་ཉིད་སོགས་ཕྲ་ཞིང་ཞིབ་མོའི་སྒོ་ནས་བརྟག་ཏེ་ནད་འདིའི་ངོ་བོ་གང་ཡིན་པ་དེ་ཉིད་རྟོགས་པར་གྱིས་ཤིག

3 བཅོས་ཐབས།

ནད་འདི་བཅོས་པའི་ཐབས་ལ། གཞི་བཟུང་བ་དང་། བསྡུ་བ་དང་། བསམ་པ་དང་། སྦྱང་བ་དང་བཅས་བཞིའི་སྒོ་ནས་བཅོས་བ་ལ། དང་བོ་ངོ་བོ་གཞི་བཟུང་བ་ལ། སེ་འབྲུ་བཞི་བའམ། ད་ལིས་བཞི་བ་གང་རུང་ཆུ་བསྐོལ་ཚན་མོས་དབུལ། དེས་ནི་ཕོ་བོའི་མེ་དྲོད་བསྐྱེད་པ་དང་། བད་ཀན་བེ་སྣབས་སྦྱོང་ཞིང་བུ་ག་གསོ་བ་དང། གསོ་བར་བྱེད་པའི་སྨན་དང་ཟས་འཇུ་ཞིང་གསོ་སླ་བའི་གྲོགས་སུ་འགྱུར་བ་ཡིན་ནོ། ། གཉིས་པ་བསྡུ་བ་ལ། འོ་མའི་ནང་དུ་ལན་ཚྭ་བྲོ་བ་ཙམ་བཏབ་ལ་སྲོད་ཀྱི་དུས་དང་སྤོས་དཀར་དང་ཕག་ཁྲག་དང་སྟར་བུ་རྣམས་ཀ་ར་དང་བཅས་སྦྱར་བ་ཐོ་རངས་བཏང་སྟེ་ལྟག་པ་སྤྲད་ལ་བྱེར་པ་བསྡུ། འདུས་རྟགས་ཁོང་སྙམས་ཞིང་ལུས་ལྕི་བ་དང་། མཆིལ་མ་དང་སྣབས་མང་བ་དང་། ཁ་ཟས་ལེན་ན་འདུས་རྟགས་ཐོན་པ་ཡིན་པས་ནད་སྟོབས་ཆུང་ན་འདི་དུས་སྦྱང་བར་བྱ། གསུམ་པ་བསད་པ་ལ། ནད་སྟོབས་ཆེ་བའི་རིགས་ལ་སྡུད་སྨན་བཏང་བས་འདུས་རྟགས་ཐོན་ན་གཉེན་པོ་བསད་སྨན་གཏོང་དགོས་པས་རྒྱུད་ཀྱི་གི་ཝང་བཅོ་ལྔ་བ་དགུང་གཉིས་སུ་ཆུ་བསྐོལ་གྲང་ཆུ་ཡིས་དབུལ་བ་དང་། སྲོད་དང་སྔ་དྲོའི་དུས་སུ་གོང་དུ་བཤད་པའི་གཞི་འཛིན་སྨན་གཉིས་པོ་གང་རུང་ཆུ་བསྐོལ་ཚན་མོས་དབུལ། བཞི་བ་སྦྱང་བ་ལ། སྡུད་སྨན་བཏང་བས་འདུས་རྟགས་ཐོན་རྗེས་སྟོད་སྨད་གང་དང་ཉེ་བའི་ལམ་ནས་སྦྱང་དགོས། དེ་ཡང་ཐུར་དུ་སྦྱང་ན་རྒྱུད་ཆེན་ལས་བྱུང་བཞིན་ངལ་རྒྱུ་སྐྱེར་ཤུན་སོགས་ཀྱི་ཁུར་དུར་བྱི་བཏབ་པའི་བཤལ་གྱིས་སྦྱང་བར་བྱའོ། ། ཞར་བྱུང་ཕྱི་རྗེས་བཅད་པ་ལ། ནད་གཞི་བཅོས་དཀའ་བའི་རིགས་ལ་སྡུད་སྨན་བསྐྱར་ནས་བཏང་བའི་རྗེས་སུ་རྩ་ནས་སྦྱང་བ་དང་། ནད་ལྷག་གཉེན་པའི་བསད་པར་བྱ་དགོས་པས་གོང་གི་སྡུད་སྨན་དང་། ཐང་ཆེན་ཉེར་ལྔ་གང་རུང་བཏང་། འདུས་རྟགས་ཐོན་ན་གོང་གི་བཤལ་གྱི་སྦྱང་། ནད་ལྷག་བསོད་པ་ལ་ཟླ་ཤེལ་ཆེན་མོ། ། མན་ངག་བསིལ་སྦྱོར། གུར་ཀུམ་བཅུ་གསུམ། གཡུ་སྙིང་ཉེར་ལྔ། དབང་རིས་ཉེར་ལྔ། དཔའ་བོ་ཉེར་ལྔ། རིན་ཆེན་མང་སྦྱོར་སོགས་ནད་བབས་དང་ཉེས་པ་གང་ཤས་ཆེ་བའི་གཉེན་པོའི་སྨན་གྱི་སྦྱོར་བ་རྣམས་གཏོང་དགོས་སོ། ། ནད་དེ་ཉིད་རྩར་འགྲམས་ཤས་ཆེ་ན་གོང་གི་ལྟོ་སྦྱོང་གི་སྟེང་དུ་བྱང་བ་དང་སྡིག་སྲིན་དང་སྤོས་དཀར་བཅས་བསྡེབས་པའི་རྩ་སྟེ་སྦྲག་མས་སྦྱང་བར་བྱ། མཇུག་བསྡུ་བ་ནི་མི་འཕྲོད་པ་དང་། དྭངས་མ་གནས་སུ་མ་སྨིན་པ་དང་མ་ཞུ་དུག་ཐབས་དང་། སྨུག་པོ་བྱེར་བ་དང་ཚད་པ་འགྲམས་པ་དང་ཚད་པ་རྙིང་བ་དང་འཁྲུགས་ཚད་རྙིང་བ་དང་རིམས་ཚད་རྙིང་བ་རྣམས་ས་ནི་སྦྱར་བའི་དུག་དང་ཆ་མཐུན་པས་གསོ་ཐབས་ཀྱང་དེའི་རིགས་པའི་འཕྲུལ་གྱིས་བཅོས་དགོས་པ་ཡིན་ནོ། ། ཁ་ཟས་ཉུང་ངུ་བསྟེན་པ་དང་། སྤྱོད་ལམ་དྲོད་ལ་ལོངས་སྤྱོད་པར་བྱའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-29

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།