རླུང་ནད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རླུང་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསོ་རིག)

སྤྱིར་ནད་ཀྱི་གྲངས་དང་མིང་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་ཤིང་སྨན་གཞུང་ཕལ་ཆེར་དུ་ནད་བཞི་བརྒྱ་རྩ་བཞིར་གསུངས་པའི་ནང་ནས་ཡུལ་དུས་དང་ཟས་སྤྱོད་ཀྱི་དབང་གིས་འབྱུང་བ་ཆེས་མང་བའི་རྒྱུན་མཐོང་གི་ནད་གལ་ཆེ་བ་ཁ་ཤས་ཀྱི་བཅོས་ཐབས་ཉམས་མྱོང་དང་འབྲེལ་བར་རགས་ཙམ་བརྗོད་པ་ལ། རླུང་གིས་ནད་ཐམས་ཅད་འཁྲུགས་པར་བྱེད་པའི་རྒྱུ་དང་དང་བོ་སྣ་འདྲེན་པ་དང་བར་དུ་ཐོར་བ་དང་ཁྱབ་པར་བྱེད་པ་དང་མཐའ་མར་མཇུག་སྡུད་བར་བྱེད་པས་ན། ཐོག་མར་རླུང་གི་བཅོས་ཐབས་བཤད་པར་བྱའོ། ། དེ་ལ་བསྐྱེད་བྱེད་ཀྱི་རྒྱུ་དང་། སློང་བྱེད་ཀྱི་རྐྱེན་དང་། རྣམ་གྲངས་སོ་སོའི་དབྱེ་བ་དང་། བརྟག་པའི་ཐབས་དང་། བཅོས་ཐབས་དང་ལྔའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
风疾
རིགས་དབྱེ།
ཉེས་པ་རྐྱང་འདུས་ཀྱི་ནད།
1 རྒྱུ།

རླུང་ནད་ཀྱི་རྒྱུ་ནི། སྤྱི་རྒྱུ་མ་རིག་པ་ལས་བྱུང་། ཁྱད་པར་གྱི་རྒྱུ་འདོད་ཆགས་ཀྱིས་བསྐྱེད། ཉེ་རྒྱུ་རླུང་མཚན་ཉིད་དྲུག་ལྡན་རྣམ་པར་མ་གྱུར་བ་ཐ་མལ་དུ་གནས་པ་དེ་ཡིན་ནོ། །

2 རྐྱེན།

སློང་རྐྱེན་ནི། ཁ་ཟས་རོ་ཁ་བ་དང་ནུས་པ་ཡང་ལ་རྩུབ་པ་བསྟེན་དྲགས་པ་དང་། ཆགས་པ་སྤྱད་པའི་ལས་ཀྱིས་དུབ་པ་དང་། ལྟོ་དང་གཉིད་ཆག་པ་དང་། བཀྲེས་ཤིང་སྐོམ་པའི་དུས་སུ་ངལ་རྩོམ་ཤུགས་དྲག་བྱེད་པ་དང་། སྣ་ཁྲག་སོགས་མང་དུ་ཟགས་པ་དང་། འཁྲུ་སྐྱུགས་དྲག་པོས་བཏབ་པ་དང་། འཁྱགས་སར་བསེར་བུས་བུས་པ་དང་། ཡང་དང་ཡང་དུ་མང་བོ་ངུས་པ་དང་། སེམས་མྱ་ངན་གྱིས་གནོན་པ་དང་། སེམས་ལས་དང་ཁ་ལས་ཆེ་བ་དང་། བཅུད་མེད་པའི་ཟས་ལ་རྒྱུན་རིང་བོར་བསྟེན་པ་དང་། བཤང་གཅིན་སོགས་འབྱུང་བའི་ཚེ་ཤུགས་བཀག་པ་དང་ནན་ཏན་གྱིས་བཙིར་བའི་རྐྱེན་དེ་རྣམས་ཀྱིས་རླུང་ནད་སློང་ཞིང་བསྐྱེད་པར་བྱེད་དོ། །

3 དབྱེ་བ།                      

དབྱེ་བ་ལ་བཤད་རྒྱུད་དུ་དབྱེ་བ་བཞི་བཅུ་རྩ་གཉིས་དང་མན་ངག་རྒྱུད་དུ་ཉི་ཤུ་ལ་སོགས་པ་གསུངས་ཀྱང་འདིར་མདོར་བསྡུས་ན། མགོ་རླུང་དང་། སྙིང་རླུང་དང་། གླི་རླུང་དང་། མཆིན་རླུང་དང་། ཕོ་རླུང་དང་། ལོང་རླུང་དང་། མཁལ་རླུང་དང་། རུས་རླུང་དང་། མཁྲིས་ལྡན་གྱི་རླུང་དང་། བད་ལྡན་གྱི་རླུང་དང་བཅུའོ། །

4 རྟགས་ཐབས།                       

བརྟག་པའི་ཐབས་ལ། ཕྱི་སློང་བ་རྒྱུའི་སྒོ་ནས་བརྟག་པ་དང་། ནང་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང་། གསང་བ་ཟས་སྤྱོད་ཕན་གནོད་ཀྱི་སྒོ་ནས་བརྟག་པ་དང་གསུམ། དང་བོ་ཕྱི་སློང་བ་རྒྱུའི་སྒོ་ནས་བརྟག་པ་ནི། གོང་དུ་བཤད་པའི་ཟས་སྤྱོད་ཀྱི་རྐྱེན་དེ་རྣམས་ཀྱིས་བསླང་ནས་ན་ན་རླུང་གི་ནད་ཡིན་པར་ངེས་པས་སློང་བ་རྒྱུའི་སྒོ་ནས་བརྟག་པ་འདི་ཤིན་ཏུ་གལ་ཆེ་བ་ཡིན་ནོ། ། གཉིས་པ་མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས། དང་བོ་སྤྱི་རྟགས་ནི། ལག་པའི་བལྟ་རྩ་སྟེང་དུ་རྐྱལ་བ་དང་མནན་ན་སྟོང་ཞིང་སྐབས་སྐབས་སུ་འཕར་མི་ནུས་བར་སྡོད་པ་དང་། དྲི་ཆུ་སྔོ་ཞིང་དྭངས་ལ་སླ་བ་ལུ་མའི་ཆུ་འདྲ་བ་དཀྲུགས་ན་ལྦུ་བ་ཆེ་ཞིང་རོ་མངར་བ་དང་། སྡད་མི་ཚུགས་པར་གཞན་དང་གཞན་དུ་འགྲོ་འདོད་པ་དང་། ཐང་ཆད་པའི་སྐབས་ལྟར་ཤུས་འདེབས་པ་དང་། ཤེས་པའམ་སེམས་གཡེང་ལ་འཕྱོ་བ་དང་། མགོ་ཡོམ་འཁོར་ཞིང་དབང་བོ་མི་གསལ་བ་དང་མ་ཟོས་ཀྱང་ཁ་ལ་རོ་བསྐ་བ་བྲོ་བ་དང་། གཟེར་བ་ངེས་མེད་དུ་འཕོ་བ་དང་། ལུས་གྲང་ཞིང་བརྩེ་ལ་འདར་བར་བྱེད་པ་དང་། ལུས་འགུལ་སྐྱོད་བྱེད་པའི་ཚེ་ན་ཟུག་ལུས་ཀུན་ལ་ཁྱབ་པའམ་ཡང་ན་ཀོ་ལེར་ན་ཟུག་འབྱུང་བ་དང་། ལུས་རེངས་པའམ་འཁུམས་པར་བྱེད་པ་དང་། ཤ་ལྤགས་ཕྱེ་བ་དང་རུས་རྐང་ཆག་སྙམ་བྱེད་པ་དང་མིག་སོགས་ཕྱིར་འབྱིན་སྙམ་བྱེད་པ་དང་། ཡན་ལག་གཞན་གྱིས་དཀྲིས་སྙམ་བྱེད་པ་དང་། འགུལ་ན་ཟུག་ལྷག་པར་ཆེ་ཞིང་བ་སྤུ་བརྩེ་ལ་ཕྲུམ་སེར་ཁྱེར་བ་དང་། མཚན་མོ་ཡང་གཉིད་མེད་པ་དང་། གཡལ་ཞིང་འདར་བ་དང་། ལུས་རྐྱོང་བར་འདོད་པ་དང་། ཚིག་པ་ཟ་བ་དང་། དཔྱི་རྐེད་དང་རུས་ཚིགས་སོགས་བརྡུངས་པའི་སྙམ་བྱེད་པ་དང་། ལྟག་པ་དང་བྲང་དང་མུར་འགྲམ་ལྷག་པར་གཟེར་བ་དང་། ཨན་སྟོང་ཚིགས་པ་དང་བོ་སོགས་རླུང་གསང་རྣམས་ཁ་ཕྱེ་ཞིང་མནན་ན་ན་བ་དང་། སྟོང་སྐྱུགས་བྱེད་པ་དང་། ཐོ་རངས་ཀྱི་དུས་སུ་ལྦུ་བ་གསོབ་པ་ལུ་བ་དང་། ཁོང་བ་སྦོ་ཞིང་འུར་འཁྲོག་བྱེད་པ་དང་། དགོང་དང་ཐོ་རངས་ཀྱི་དུས་སུ་ལྷག་པར་ན་བ་དང་། ཁ་ཟས་ཟོས་ནས་ཞུ་བའི་རྗེས་སུ་ལྷག་པར་ན་བ་རྣམས་ནི་རླུང་ནད་སྤྱིའི་རྟགས་ཡིན་ནོ།། བྱེ་བྲག་སོ་སོར་བརྟག་པ་ནི། མགོ་རླུང་གི་རྟགས་ནི་མགོ་ཡོམ་འཁོར་བ་དང་། ཟི་འཐོམ་སྟེ་དབང་བོ་མི་གསལ་བ་དང་། རྣ་བ་འུར་བ་དང་། སྐྱུག་ཅིང་ལངས་ན་འགྱེལ་བུབ་བྱེད་པ་དང་། ཕྱི་ཡུལ་དུ་འཁྱོམས་པ་སོགས་སོ། ། སྙིང་རླུང་གི་རྟགས་ནི་ལུས་འདར་ཞིང་སྟོད་རྒྱངས་བ་དང་། ཤེས་པ་འཁྲུལ་ཞིང་འཆལ་གཏམ་སྨྲ་བ་དང་། གཉིད་ཆུང་ཞིང་མགོ་ཡོམ་འཁོར་བ་དང་། ཐང་ཆད་པ་ལྟར་ཤུས་འདེབས་པ་རྣམས་སོ། ། གློ་རླུང་གི་རྟགས་ནི་ལུད་པ་ཁོགས་དཀའ་ཞིང་ལྦུ་བ་གསོབ་པ་ཅན་ལུ་བ་དང་། ལུས་སྟོད་རྒྱངས་ཤིང་སྐྱུག་པ་དང་། མིག་སྐྲངས་ཤིང་གཉིད་ཆུང་བ་དང་། ནུབ་མོར་གློ་ལུ་མང་བ་བཅས་སོ། ། མཆིན་རླུང་གི་རྟགས་ནི། སྒྲེག་པ་མང་ཞིང་སྟོད་གཟེར་བ་དང་། བཤུལ་ཤ་ན་ཞིང་ཁ་ཟས་ཡི་གར་བྱེད་པ་དང་། མིག་མི་གསལ་ཞིང་དགོང་དང་ཐོ་རངས་ཀྱི་དུས་སུ་མཆིན་པའི་འཕྱོང་ཐག་ཆད་སྙམ་བྱེད་པ། ཕོ་རླུང་གི་རྟགས་ནི། ཕོ་བ་སྦོ་ལ་དབུགས་རྒོད་པ་དང་། སྟོང་སྒྲེག་བྱེད་ཅིང་ཕོ་བ་ལ་ལྕག་སོགས་ཀྱིས་འབྲབ་སྙམ་བྱེད་པ་དང་། ཟས་ཟོས་རྗེས་སུ་ཅུང་ཟད་བདེ་བའོ། ། ལོང་རླུང་གི་རྟགས་ནི། ཁོང་བ་སྦོ་ཞིང་འུར་འཁྲོག་བྱེད་པ་དང་། འོག་རླུང་མང་ཞིང་འཁྲུ་བ་རྣམས་སོ། ། མཁལ་རླུང་གི་རྟགས་ནི། མཁལ་རྐེད་ན་ཞིང་རྣ་བར་འུར་སྒྲ་འབྱུང་བའོ། ། རུས་རླུང་གི་རྟགས་ནི། ན་ཟུག་ཆེ་ཞིང་ཤ་སྐམ་པ་དང་། སྟོབས་ཟད་ཀྱང་འདར་བའོ། ། མཁྲིས་ལྡན་གྱི་རླུང་རྟགས་ནི། ཚ་བ་སྐྱེ་ཞིང་མིག་ཆུ་སེར་བའོ། ། བད་ཀན་ལྡན་པའི་རླུང་རྟགས་ནི། ལུས་སེམས་ལྕི་ལ་བསིལ་བ་དང་། མགོ་རྨོངས་བར་འགྱུར་རོ། ། འདི་དག་ཀུན་ལ་རླུང་གི་རྩ་ཆུ་སོགས་སྤྱི་རྟགས་ཕལ་ཆེར་ལྡན་དགོས་སོ། ། གསུམ་པ་ཟས་སྤྱོད་ཕན་གནོད་ཀྱི་སྒོ་ནས་བརྟག་པ་ནི། ཁ་ཟས་ཤ་དང་མར་དང་བུ་རམ་དང་ཆང་སོགས་བསྟེན་ན་བདེ་བ་དང་། བསྐུ་མཉེ་དང་མེ་དང་ཉི་མས་དྲོས་ཞིང་འགྲངས་ན་བདེ་བ་དང་། ཆུ་གྲང་མོ་དང་ལོ་ཤུར་དང་གཡེར་མ་དང་ཇ་དང་། བཀྲེས་པ་དང་སྐོམ་པ་དང་གྲང་བ་དང་། སྨྲ་བརྗོད་མང་བ་དང་། ཉལ་བོས་དུབ་པ་དང་། གཉིད་ཆག་དང་། སེམས་ལས་ཆེ་བ་སོགས་གནོད་ན་རླུང་དུ་ངེས་སོ། ། མདོར་བསྡུས་ན་དང་བོ་རླུང་གི་ཟས་སྤྱོད་ཀྱི་རྐྱེན་གྱིས་བསླང་། བར་དུ་རྩ་སྟོང་ཞིང་རྐྱལ་བ་དང་། དྲི་ཆུ་སྔོ་ཞིང་དྭངས་པ་དང་། གཡལ་ཞིང་འདར་བ་དང་། བ་སྤུ་བརྩེ་ཞིང་ཕྲུམ་སེར་ཁྱེར་བ་དང་། དགོང་དང་ཐོ་རངས་དང་ཞུ་རྗེས་སུ་ན་བ་དང་། ཐ་མར་བསིལ་བའི་རིགས་གནོད་པ་དང་། དྲོད་བཅུད་ཀྱི་རིགས་ཕན་ན་ནད་དེ་རླུང་གི་ནད་ཡིན་མིན་ལ་དོགས་པ་མེད་དོ། །

5 ​བཅོས་ཐབས།

རླུང་ནད་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས། དང་བོ་སྤྱིར་བཅོས་པའི་ཐབས་ལ་ཟས་དང་སྤྱོད་ལམ་སྨན་དང་དཔྱད་དང་ལོག་གནོན་དང་ལྔ། དང་བོ་ཟས་ཀྱི་སྒོ་ནས་བཅོས་པ་ནི། རླུང་ཟས་བཅུ་བཞི་སོགས་མདོར་ན་དྲོད་ཞིང་སྣུམ་ལ་བཅུད་དང་ལྡན་པའི་ཟས་ཀྱིས་བཅོས་བར་བྱའོ། ། སྤྱོད་ལམ་ཡིད་དང་མཐུན་པའི་དྲོ་བའི་གནས་སུ། གཉིད་ལོག་པ་དང་། སྙན་པའི་ཚིག་སྨྲ་ཞིང་ཡིད་དུ་འོང་བའི་གྲོགས་བསྟེན་པ་སོགས་ཀྱི་སྒོ་ནས་བཅོས་པར་བྱའོ། ། སྨན་ལ་སོག་ཡུ་གཞུག་ཆུང་སྲེ་ལོང་སྟེ་རུས་བཅུད་གསུམ་དང་། ཤ་མར་བུར་རྙིང་ཆང་སྟེ་བཅུད་བཞིའི་ཐང་ལ་ཛཱ་ཏི་དང་ཁ་རུ་ཚྭ་དང་ཤིང་ཀུན་བཏབ་པ་གཏོང་། སྨན་སྒ་དང་གོ་སྙོད་དང་ཛཱ་ཏི་གསུམ་འདུས་པའི་ཐང་གིས་རླུང་ནད་མ་ལུས་པ་སེལ་བར་བྱེད་དོ། ། དཀར་འདོན་དང་། དམར་འདོད་དང་། སྐྱུར་འདོན་དང་། སྒོག་འདོན་ཏེ་འདོན་བཞིའི་སྦྱོར་བའང་རླུང་ནད་ལ་མཆོག་ཏུ་ཕན་ནོ། ། ཕྱེ་མ་ལ་ཛཱ་ཏི་བཅུ་བཞི། ཤིང་ཀུན་ཉེར་ལྔ་སོགས་དང་། སེ་འབྲུ་ལྔ་བའི་སྨན་མར་སོགས་གཏོང་། དཔྱད་ལ་མར་རྙིང་གི་ཞུན་མའི་བསྐུ་མཉེ་དང་འཇམ་རྩི་བཏང་། ཨུ་རུའི་རྩ་བ་དང་སྒོག་ཐལ་དང་རྒྱ་ཚོས་གསུམ་འབྲི་མར་སྦྱར་བའི་རེང་བུའང་བཏང་། སྤྱི་གཙུག་དང་ཨན་སྟོང་ཚིགས་པ་དང་བོ་དང་ཚིགས་པ་དྲུག་བདུན་བཅུ་དྲུག་དཀར་ནག་མཚམས་རྣམས་སུ་མེ་བཙའ་གདབ་པར་བྱའོ། ། བྱེ་བྲག་ཏུ་བཅོས་པའི་ཐབས་ནི། མགོ་རླུང་ལ་ཤིང་ཀུན་ལྔ་བ། བད་རླུང་མགོ་འཁོར་ལ་ཤིང་ཀུན་དགུ་སྦྱོར་རིལ་བུ་དང་། སྙིང་རླུང་ལ་ཨ་གར་བཅོ་ལྔ་དང་། བཙན་དུག་སྨན་མར་སོགས་དང་། གློ་རླུང་ལ་སྟར་བུ་བདུན་པ་དང་། མཆིན་རླུང་ལ་ལྷན་ཐབས་སེ་འབྲུ་བརྒྱད་པ་དང་། ཕོ་བའི་རླུང་ལ་རྒྱ་ཚྭའི་ཆིག་ཐང་དང་ཡང་ན་སེ་འབྲུ་བཞི་སྟེང་ཤིང་ཀུན་བསྣན། ལོང་གི་རླུང་ལ་ལྷན་ཐབས་སེ་འབྲུབ་ཅུ་གཉིས་དང་། མན་རྒྱུད་སྨུག་པོའི་སྐབས་ཀྱི་སེ་འབྲུ་བཅུ་གསུམ་བསྟེན། མཁལ་མའི་རླུང་ལ་རྩ་བ་ལྔའི་སྨན་མར་དང་། སུག་སྨེལ་བཅུ་བའི་སྟེང་དུ་ཛཱ་ཏི་དང་སྲམ་ཤ་བསྣན་པ་གཏོང་། རུས་པའི་རླུང་ལ་སྣུམ་ལྡན་གྱི་དུགས་བྱ། མཁྲིས་པ་དང་འདྲེས་པའི་རླུང་ལ་བསིལ་བཅུད་བསྟེན། བད་ཀན་དང་འདྲེས་པའི་རླུང་ལ་ཟས་སྨན་ཡང་ལ་དྲོ་བས་བཅོས། སྲོག་རླུང་ལ་སྲོག་འཛིན་བཅུ་གཅིག་དང་སྲོག་རླུང་འཇོམས་པའི་གྱད་གསུམ་བཏང་། རླུང་ནད་ཅེ་སྤྱང་ལ་ཁོང་སྨན་སྤོས་ཁྱུང་བཅོ་ལྔའི་སྟེང་དུ་ཤིང་ཀུན་ཛཱ་ཏི་གི་ཝང་གུར་ཀུམ་དཀར་བོ་ཆིག་ཐུབ་བསྣན་པ་དང་། དངུལ་ཆུ་བཅོ་བརྒྱད་གཉིས་ལྟག་པ་སྤྲད་ལ་གཏོང་། ཁྲག་རླུང་སྟོད་འཚངས་ལ་ནོར་བུ་བདུན་ཐང་གི་སྟེང་ལ་མིང་ཅན་སེར་བོ་དང་ཀོ་བྱི་ལ་བསྣན་པ་དང་། ཨ་གར་བཅོ་ལྔ་དང་ཨ་གར་བཅུ་དགུ་ཨ་གར་སོ་ལྔ་སོགས་གཏོང་།   དཀར་ནག་མཚམས་དང་ཚིགས་པ་དྲུག་བདུན་སོགས་སུ་མེ་བཙའ་དང་མེ་བུམ་བྱ། མདོར་ན་རྐྱང་བའི་ནད་རྣམས་ལ་སྤྱི་བཅོས་ཀྱི་ཁོག་ཕུག་པར་བྱ་ལ། གཞན་ལ་ནད་རང་རང་གི་གསོ་ཐབས་ཀྱི་མདེ་ཁར་གདགས་ནས་བཅོས་བར་བྱའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-12

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།