སྨན་འབྲོང་ཁྱུང་རྫ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨན་འབྲོང་ཁྱུང་རྫ།
རྫ་འདི་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ30ལྷག་གི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4924ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
满丈琼匝
ལ་ཏིང་གི་མིང་།
sman ‘brong khyung rdza
མིང་གཞན།
ཨ་མྱེས་སྨན་འབྲོང་། མ་འགྲེང་ཁྱུང་རྫ།
རིགས་དབྱེ།
གནས་རི།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ།
མཚོ་འཕགས།
སྨི4924
གནས་ཡུལ།
དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད།
1 ​ངོ་སྤྲོད།

གནས་རི་འདི་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད་པའི་མ་འགྲེང་ཁྱུང་རྫ་ཞེས་པའི་རྫ་རི་དེ་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི4924ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35º53′གྱི་མཚམས་དང་། ཤར་གྱི་གཞུང་ཚད99º59′ཡི་མཚམས་ན་ཡོད།

རི་དྭགས་དང་གཅན་གཟན་གྱི་རིགས་ལ། གླ་བ། ཁ་ཤྭ། རྒོ་དམར། སྤྱང་ཀི། ཝ། བྱི་བ། རི་བོང༌། ཨ་བྲ། བྱི་ལོང༌། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར། ཐང་ནག གླག གོ་བོ། ནེ་ལེ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་ཡོད། སྐྱེ་དངོས་ཀྱི་རིགས་ལ། ཤིང་གླང་མ། སྤེན་མ། ཐང་ཕྲོམ། སྤང་རྒྱན་མེ་ཏོག སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།

2 ངག་རྒྱུན།

བཤད་ཚུལ་གཞན་ཞིག་ལ་འདིའི་མིང་ལ་མ་འགྲེང་ཞེས་ཟེར་ཏེ། མ་འགྲེང་ཞེས་པའི་དོན་ནི་སྔོན་རི་འདིའི་སྟེང་དུ་ཁྱུང་ཞིག་བབས་པས་ཡར་འགྲེང་མ་ཐུབ་པས་མ་འགྲེང་ཟེར། རི་འདིའི་གཞི་བདག་ནི་ཨ་མྱེས་རྨ་ཆེན་གྱི་སྤྲུལ་བ་ཡིན་ཟེར་ཞིང་། མཚན་ཁ་ཚང་ལ་ཁྱུང་སྲས་ནོར་བུ་དགྲ་འདུལ་ཟེར།

3 བསང་ཡིག

སྨན་འབྲོང་ཁྱུང་རྫའི་བསང་མཆོད་དགྲ་ལྷ་དགྱེས་སྐྱེད།

༄༅། ། ཨོཾ་སྭ་སྟི། རྒྱལ་ཀུན་ངོ་བོ་གཅིག་བསྡུས་པདྨ་འབྱུང་། ། དེ་ཉིད་སྤྲུལ་བ་ཇོ་བོ་ཨ་ཏི་ཤ ། ཞྭ་སེར་མཁན་པོ་བློ་བཟང་གྲགས་པའི་དཔལ། ། རྣམ་གསུམ་དབྱེར་མེད་བླ་མས་དགེ་ལེགས་སྩོལ། ། ཕྱི་བལྟས་ས་འཛིན་མཐོན་པོ་རྔམ་ཞིང་བརྗིད། ། ནང་བལྟས་རིན་ཆེན་ཕོ་བྲང་ཡངས་པོའི་དབུས། ། སྟོབས་ལྡན་མཁའ་ལྡིང་རྒྱལ་བོའི་གདན་སྟེང་དུ། ། དགེ་བསྙེན་ཚུལ་འཛིན་ཕྱག་གཡས་རྡོ་རྗེ་འཕྱར། ། གཡོན་པས་གསེར་གྱི་བགྲང་ཕྲེང་ཐུགས་ཀར་འཛིན། ། ནག་ཕྱོགས་རྩད་གཅོད་དཀར་ཕྱོགས་སྐྱོང་བའི་གཉེན། ། རྨ་རྒྱལ་སྤྲུལ་བ་སྨན་འབྲོང་ཁྱུང་གི་སྲས། ། ནོར་བུ་དགྲ་འདུལ་འཁོར་བཅས་གནས་འདིར་བྱོན། ། དངོས་བཤམས་ཡིད་སྤྲུལ་མཆོད་པས་ལྷ་ཁྱོད་མཆོད། ། སྣ་ཚོགས་བསང་རྫས་དུད་པས་ལྷ་ཁྱོད་མཆོད། ། ཞལ་ཟས་རི་ལྟར་སྤུངས་ནས་ལྷ་ཁྱོད་མཆོད། ། བཏུང་བ་མཚོ་ལྟར་བསྐྱིལ་ནས་ལྷ་ཁྱོད་མཆོད། ། སྤྱན་གཟིགས་མ་ཚང་མེད་པས་ལྷ་ཁྱོད་མཆོད། ། དྲི་མེད་མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། ། དགྲ་དཔུང་ཚར་ཆོད་བགེགས་དཔུང་ཕྱེ་མར་འཐོགས། ། ནག་ཕྱོགས་ཀུན་ཆོམས་དཀར་ཕྱོགས་དབུ་འཕང་བསྟོད། ། སངས་རྒྱས་བསྟན་སྲུང་འགྲོ་བའི་བདེ་སྐྱིད་སྤེལ། ། མི་མཐུན་ཀུན་ཞི་མཐུན་པའི་དངོས་གྲུབ་སྩོལ། ། ཁྱད་པར་བདག་གི་དགྲ་ལྷ་གཉན་པོ་མཛོད། ། ཁ་རྗེ་དབང་ཐང་ནམ་མཁའི་མཐའ་ལ་གཏུགས། ། སྙན་པའི་གྲགས་པ་འབྲུག་སྒྲའི་དཔལ་ལ་སྙོམས། ། རྒྱུ་ནོར་ལོངས་སྤྱོད་དབྱར་གྱི་ཆར་ལྟར་ཕོབས། ། དགྲ་བགེགས་འབྱུང་བོ་ཐམས་ཅད་དམ་ལ་ཐོགས། ། བར་ཆད་འདྲེ་གདོན་ཀུན་གྱི་སྲོག་རྩ་ཕྲོགས། ། ཇག་རྐུན་ཆོམ་པོའི་ལག་ཟུང་རྩ་ནས་ཆོད། ། མི་འདོད་ཡོངས་ཞི་བསམ་དོན་མྱུར་འགྲུབ་མཛོད། ། སྨན་འབྲོང་ཁྱུང་རྫའི་བསང་མཆོད་དགྲ་ལྷ་དགྱེས་སྐྱེད་ཅེས་པ་འདི་འཇའ་མོ་ཏཱ་བླ་མའི་སྐྱེ་མིང་འཇམས་དབྱངས་བློ་བཟང་བསྟན་འཛིན་རྒྱ་མཚོས། དད་ལྡན་དུ་མས་བསྐུལ་ངོར་རང་གི་གདན་ས་ཁྲི་ཀའི་འཇའ་མོ་དགོན་བདེ་ལེགས་ཆོས་འཕེལ་གླིང་གི་ཕོ་བྲང་སྟོང་གསུམ་ཟིལ་གནོན་དུ་སྤྱི་ལོ2011ལོའི་ས་ག་ཟླ་བའི་ཚེས15ཉིན་བྲིས་པ་དགེ་ལེགས་འཕེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།