སེང་གེ་རབ་བརྟན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེང་གེ་རབ་བརྟན།
གནས་རི་ཞིག་སྟེ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4100ཡས་མས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桑给热丹
ལ་ཏིང་གི་མིང་།
seng ge rab brtan
རིགས་དབྱེ།
གནས་རི།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ།
མཚོ་འཕགས།
སྨི4100
གནས་ཡུལ།
དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

གནས་རི་ཞིག་སྟེ། དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད་ཅིང་།མཐོ་ཚད་ལ་མཚོ་ངོས་ལས་སྨི4100ཡས་མས་ཡོད།  སའི་གོ་ལའི་བྱང་གི་འཕྲེད་ཚད35°53′གྱི་མཚམས་དང་། ཤར་གྱི་གཞུང་ཚད99°59′ཡི་མཚམས་ན་ཡོད།  གནས་འདིར་རི་དྭགས་དང་གཅན་གཟན་གྱི་རིགས་ལ་དྲེད་མོང་དང་།  གནའ་བ།  ཤྭ་བ།  སྤྱང་ཀི།  ཝ་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་།  ཐང་ནག  གླག་རྒོད།  ཁྲ།  རྫ་ཁའི་གོའུ་ཡག་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གླང་མ་དང་།  སྤེན་མ།  ཁོ་ཚེ་སོགས་དང་།  དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་སྣ་ཚོགས་ཡོད། 

2 ཆ་བྱད།

གཞི་བདག་འདིས་ཆིབས་སུ་ཁམ་པ་གཡུ་རྔོག་བཅིབས་ཤིང་སྒ་སྲུང་ཡོབ་གོང་ཉི་ཟེར་རབ་ཏུ་འབར་བ། ཞལ་རས་དཀར་གསལ་འཛུམ་བག་སྤྲོ་ཞིང་མཁུར་ཚོས་མཚམས་སྤྲིན་འོད་ཀྱིས་འཁྱིལ། སྤྱན་ཟུང་ཉི་ཟླ་ཟུར་མིག་གཡོ་ཞིང་དབུ་སྐྲ་ནག་སྣུམ་རྒྱབ་ཏུ་འཕྱང་བ། དབུ་ལ་ཕྱིང་ཞྭ་ཚོན་དམར་ཅན་མནབས་ཤིང་ཞབས་སུ་སག་ལྷམ་འཇའ་རིས་འཁྱིལ་བ་བསྣམས། དར་དཀར་གྱི་ན་བཟར་དར་དམར་གྱི་སྐ་རགས་བཅིངས་ཤིང་གཞོན་ནུའི་ཚུལ་འཆང་བ། ཞལ་ནས་ཧ་ཧོའི་སྒྲ་བཅས་དགོད་ཅིང་། ཕྱག་གཉིས་ལ་དར་མདུང་ནོར་བུ་འཛིན་པ། འཁོར་གསུམ་སྤྲས་ཤིང་སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར་བ། གཡས་སུ་ཡུམ་ཆེན་དཀར་མོ་མཛེས་སྡུག་ལང་ཚོ་རབ་ཏུ་རྒྱས་པ། གཡོན་དུ་སྲིང་གཅིག་འོད་འཕྲོ་མ་དང་བརྩེ་ལྡན་སྲས་དང་སྲས་མོས་བསྐོར་ཡོད་པར་བཤད།

3 ངག་རྒྱུན།

ངག་རྒྱུན་ལ། གནས་རི་འདིའི་སྟེང་གི་ལབ་ཙེ་ནི། རབ་བྱུང14བའི(སྤྱི་ལོ1807ལོ་ནས་སྤྱི་ལོ1866ལོའི་བར)ནང་ཞིག་ལ། གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ(སྤྱི་ལོ1793ལོ-སྤྱི་ལོ1855ལོ)ཞུ་བས་སྒོ་མེ་གོང་སྟོད་སོགས་སུ་འགྲོ་དོན་མཛད་པའི་སྐབས་ཤིག་ཏུ། ཡུལ་འདི་གར་སྔ་ཕྱིར་ལབ་ཙེ་གསུམ་བསྟད(མགོན་པོ་བྲག་ནག་ལབ་ཙེ་དང་། སེང་གེ་རབ་བརྟན་ལབ་ཙེ། བཀྲ་ཤིས་འོད་དཀར་ལབ་ཙེ་བཅས)པའི་ནང་གི་གཅིག་ཡིན་པར་བཤད། གནས་རི་འདིའི་སྟོད་ཀྱི་ཆ་རུ་གཞོལ་བའི་མདུན་ངོས་སུ་ཕ་བོང་ཞིག་ཡོད་པའི་ཚུགས་ཀ་ནི། སེང་གེ་ཞིག་གིས་རབ་ཏུ་བརྟན་ཞིང་བརྗིད་པའི་ངང་ནས་ཁོག་སྟོད་ཡར་བཀྱགས་ཏེ་མདུན་ཕྱོགས་སུ་བལྟས་ནས་བསྡད་ཡོད་པའི་དབྱིབས་དང་མཚུངས་པས་ན་མིང་ཡང་དེ་སྐད་དུ་ཐོགས།

རི་འདི་ནི་རླུང་རྟ་སྡེ་བཞིའམ་སྟག་སེང་ཁྱུང་འབྲུག་བཞི་ལས་སེང་གེ་མཚོན་བྱེད་ཀྱི་རི་གནས་པ་ཅན་ཞིག་ཡིན་པ་ནི་སྔོན་བྱོན་དམ་པ་དུ་མས་གསུངས་མྱོང་ཞིང་། ས་འདིའི་ཡུལ་མི་རྣམས་ཀྱིས་རི་འདིའི་སྟེང་དུ་དར་ལྕོག་འཐེན་པ་དང་གཏེར་སྦ་བའི་སྲོལ་ད་ལྟའི་བར་དུ་མ་ཉམས་པར་ཡོད།

སྤྱི་ལོ2007ལོའི་བོད་ཟླ6པའི་ཚེས10ཉིན། ཏིང་ཀྱཱ་སྐུ་ཕྲེང་བཅུ་གཅིག་པ་ཀུན་བཟང་པདྨ་རྣམ་རྒྱལ་ཞུ་བས་སེང་གེ་རབ་བརྟན་གྱི་མདུན་ཕྱོགས་སེང་ཐང་དུ་དུས་འཁོར་དབང་ཆེན་གནངས།

4 བསང་ཡིག་གི་སྐོར།
4_1 བསང་ཡིག་ཁག་དང་པོ།

སེང་གེ་རབ་བརྟན་དགྱེས་པའི་རོལ་མོ་བཞུགས་སོ། །

༄༅།།རྒྱལ་བས་ལུང་དུ་བསྟན་པའི་ཡུལ། །ལྷུན་པོ་གངས་ཀྱི་འཕྲེང་མཛེས་པ། །སྣོད་དང་བཅུད་ཀྱི་འགྲོ་རྣམས་ལ། །གྲུ་འཛིན་བདག་པོས་ཤིས་པ་སྒྲུབས། །ཉི་གཞོན་གསར་བའི་འོད་སྟོང་ཅན། །ཐོར་ཅོག་ཨུཏྤལ་དཔལ་གཉིས་པ། །ཡེ་ཤེས་རྨོངས་མུན་མཐར་སེལ་བའི། །དམར་སེར་ལྷ་ཡིས་བདག་སྐྱོངས་ཤིག །མཐུ་དང་ནུས་པའི་བདག་ཉིད་ཆེ། །མཐིང་ནག་གཡས་བསྐུམས་གཡོན་བརྐྱངས་བཞུགས། །དྲག་ཞལ་དབུ་སྐྲ་རབ་འབར་བ། །རྡོ་རྗེའི་བསྣམས་བགེགས་འཇོམས་མཛོད། །འཇིག་རྟེན་སྐྱོང་བའི་མཐུ་བོ་ཆེ། །ཆིབས་སུ་ཁམ་པ་གཡུ་རྔོག་བཅིབ། །སྒ་སྲུང་ཡོབ་གོང་ཉི་ཟེར་འབར། །ཞལ་རས་དཀར་གསལ་འཛུམ་བག་སྤྲོ། །མཁུར་ཚོས་མཚམས་སྤྲིན་འོད་ཀྱིས་འཁྱིལ། །སྤྱན་ཟུང་ཉི་ཟླ་ཟུར་མིག་གཡོ། །དབུ་སྐྲ་ནག་སྣུམ་རྒྱབ་ཏུ་འཕྱང་། །དབུ་ལ་ཕྱིང་ཞུ་ཚོན་དམར་བརྒྱན། །སག་ལྷམ་འཇའ་རིས་འཁྱིལ་བ་བསྣམས། །དར་དཀར་ནབ་བཟའ་ལྷབས་སེ་ལྷབས། །དར་དམར་སྐ་རགས་ཤིགས་སེ་ཤིགས། །གཞོན་ནུའི་ཚུལ་འཆང་ལང་ཚོ་དར། །ཞལ་ནས་ཧ་ཧོས་དགོད་པ་ཅན། །ཕྱག་གཉིས་དར་མདུང་ནོར་བུ་འཛིན། །འཁོར་གསུམ་ཆས་འཆང་ཤུགས་ཀྱིས་འཕྱོ།།སྐད་ཅིག་ཉིད་ལ་སྟོང་བསྐོར། །མཆོད་པའི་བུ་ལ་སྡོངས་གྲོགས་བྱེད། །གཡས་སུ་ཡུམ་ཆེན་དཀར་མོ་ནི། །མཛེས་སྡུག་ལང་ཚོ་རབ་ཏུ་རྒྱས། །གཡོན་དུ་སྲང་གཅིག་འོད་འཕྲོ་མ། །བརྩེ་ལྡན་བུ་དང་བུ་མོས་བསྐོར། །འཁོར་བཅས་སྤྱན་འདྲེན་མགྲོན་དུ་བྱོན། །འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་པའི། །ཕྱི་ནང་བསང་མཆོད་བསམ་མི་ཁྱབ། །གོ་མཚོན་བཟའ་བཏུང་མཐུན་པའི་རྫས། །དགྱེས་རོལ་སྡེ་བཞིའི་དཔལ་སྩོལ་ཅིག།དགེ་ལྡན་བསྟན་པའི་སྲོག་སྙིང་གི།ཟབ་རྒྱས་ཆུ་བོ་གཉིས་འདྲེས་རྒྱུན། །གསེར་ལྡན་འཛིན་མའི་ལྟོ་བ་རུ། །སྲིད་པའི་ཁྱོན་ལ་མཐར་འཁྱིལ་ཤོག།ཅེས2006མེ་ཁྱི་ལོའི་ཟླ7པའི་ཚེས་བརྒྱད་ཉིན་ཧོལ་ཁའི་བླ་རི་གཉན་པོ་སེང་གེ་རབ་བརྟན་ལ་གཏེར་བུམ་འབུལ་ཉིན་བྱང་ཆུབ་དཔལ་འབྱོར་གྱིས་བསྐུལ་ངོར་ཁ་སྒང་རྡོ་རམས་པའི་སྤྲུལ་མིང་འཛིན་པ་ཚུལ་ཁྲིམས་བཟང་བོས་བྲིས་པའོ། །

4_2 བསང་ཡིག་ཁག་གཉིས་པ།

ལྷ་གཉན་སེང་གེ་རབ་བརྟན་གྱི་བསང་མཆོད་བཞུགས་སོ། །

༄༅། །རཾ་ཡཾ་ཁཾ་ཨོཾ་ཨཱ་ཧཱུཾ༔ ལན་གསུམ་བརྗོད།ཀྱེེ། རང་སྣང་ཁང་ཆེན་ཁང་བཟང་ནང་། །ལྷ་གཉན་སེང་གེ་རབ་བརྟན་ནི། །སྐུ་མདོག་དམར་ནག་ཟབ་པར་གསོལ། །ཁྲབ་རྨོག་གོ་མཚོན་འཁོར་གསུམ་འཆང་། །ཕྱག་གཡས་དར་དམར་རུ་མཚོན་ཕྱར། །གཡོན་པས་སྦྲུལ་གྱི་ཞགས་པ་འཛིན། །བཅིབས་སུ་བཙན་རྟ་དམར་པོ་ཆིབས། །ཡུམ་སྲས་བདུད་བཙན་ཀླུ་ཡིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །མ་ཐོགས་རྫུ་འཕྲུལ་ཤུགས་ཀྱིས་བྱོན། །བསང་གསུར་མངར་གསུམ་མཐུན་པའི་རྫས། །མཆོད་གཏོར་སྤྱན་གཟིགས་དཀོན་ནོར་བཅས། །འབུལ་ལོ་བཞེས་ལ་བདག་ཅག་གི །བསམ་པའི་དོན་ཀུན་མ་ལུས་པ། །ཐོགས་པ་མེད་པར་བསྒྲུབ་ཏུ་གསོལ། །སྔོན་ཚེ་ཤིནྡྷ་རཀྴི་ཏ། །བྱོན་ནས་བྱིན་གྱིས་བརླབས་པའི་ཚེ། །ཁས་བླངས་དམ་བཅའ་དེ་བཞིན་དུ། །ད་ལྟ་བདག་གི་སྡོང་གྲོགས་མཛོད། །ཅེས་ཤར་ཚང་ཨ་ཁུ་དགོན་གནས་རྒྱལ་གྱིས་སྦྱར་བ་དགེའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།