དལ་འབྱོར་རྙེད་དཀའ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ནི་ཆོས་སྒྲུབ་པ་ལ་མཆོག་ཏུ་བསྔགས་པའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་པོ་འདི་ཉིད་རྙེད་པར་དཀའ་བའི་ཚུལ་བསམ་པ་སྟེ། འདི་ལ་གེགས་མང་བའི་སྒོ་ནས་རྙེད་དཀའ་བའི་ཚུལ་བསམ་པ་དང་། ངོ་བོའི་སྒོ་ནས་རྙེད་དཀའ་ཚུལ་བསམ་པ། རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་བསམ་པ། འབྲས་བུའི་སྒོ་ནས་རྙེད་དཀའ་ཚུལ་བསམ་པ་དང་དཔེའི་སྒོ་ནས་རྙེད་དཀའ་ཚུལ་བསམ་པ་བཅས་ཡོད་དོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
暇满难得
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ​གེགས་མང་བའི་སྒོ་ནས་རྙེད་དཀའ་ཚུལ།

གེགས་མང་བའམ་དལ་འབྱོར་ཐོབ་པའི་རྒྱུའི་མི་མཐུན་ཕྱོགས་ལ་སྤྱོད་པ་ཤས་ཆེ་བའི་དབང་གིས་རྙེད་དཀའ་བ་བསམ་པ་ནི། ལམ་རིམ་ཚིགས་བཅད་མ་ལས། མི་སོགས་སྐྱེ་པོ་ཕལ་མོ་ཆེ།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ཁོན་འཛིན་དང་།། སེར་སྣ་ལ་སོགས་ཉོན་མོངས་དང་།། མི་དགེ་བཅུ་བོ་ཆེར་སྤྱོད་པས།། ངན་འགྲོ་བདེ་འགྲོ་གཉིས་ཀ་ནས།། དལ་འབྱོར་ཤིན་ཏུ་རྙེད་དཀའ་སྟེ།། འཕགས་པ་ལྷ་ཡིས་བཞི་བརྒྱ་བར།། ཕལ་མོ་ཆེ་ན་མི་རྣམས་ནི།། དམ་པ་མ་ཡིན་ཕྱོགས་ཡོངས་འཛིན།། དེས་ནས་སོ་སོར་སྐྱེ་བོ་རྣམས།། ཕལ་ཆེར་ངེས་པར་ངན་འགྲོར་འགྲོ།། ཞེས་མི་ལ་སོགས་པའི་སྐྱེ་བོ་ཐ་མལ་བ་ཕལ་མོ་ཆེ་རྣམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ཏེ། རྩ་བའི་ཉོན་མོངས་པ་རྣམས་དང་། ཕྲག་དོག་དང་། ཁོན་འཛིན་དང་། སེར་སྣ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་དང་། མི་དགེ་བ་བཅུ་བོ་ཕལ་ཆེར་རྒྱུན་དུ་སྤྱོད་པས། བདེ་འགྲོ་དང་ངན་འགྲོ་གཉིས་ཀ་ནས་དལ་འབྱོར་འདི་ཤིན་ཏུ་རྙེད་པར་དཀའ་སྟེ། འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་བ་ལས། ཕལ་མོ་ཆེ་ན་སྟེ་ཕལ་ཆེར་འཇིག་རྟེན་གྱི་མི་རྣམས་ནི། དམ་པ་མ་ཡིན་པ་མི་དགེ་བ་བཅུ་ལ་ཆེས་ཆེར་སྤྱོད་པ་དེ་བས་ན། སོ་སོ་སྐྱེ་བོ་རྣམས་ཕལ་ཆེར་ཤི་འཕོས་བའི་ཚེ་ངེས་པར་ངན་འགྲོར་སྐྱེས་ཏེ། དམྱལ་བ་དང་། ཡི་དྭགས། དུད་འགྲོའི་སྐྱེ་གནས་རྣམས་སུ་སྐྱེས་པའམ་འགྲོ་བར་འགྱུར་རོ།། ཞེས་གསུངས་སོ།། ཞེས་པའོ།།

2 ངོ་བོའི་སྒོ་ནས་རྙེད་དཀའ་ཚུལ།

དེར་མ་ཟད་དལ་འབྱོར་འདི་ཉིད་ངོ་བོའི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། ལམ་རིམ་ཚིགས་བཅད་མ་ལས། ཞེས་པ་ངོ་བོའི་སྒོ་ནས་རྙེད་དཀའ་སྟེ།། གོང་དུ་བཤད་པའི་དལ་བ་བརྒྱད་པོ་དང་།། འབྱོར་བ་བཅུ་དང་ལྡན་པའི་རྟེན་ཐོབ་པ།། འཇིག་རྟེན་འདི་ན་སྲིད་མཐར་སྣང་བས་སོ།། ཞེས་དལ་བ་བརྒྱད་དང་། འབྱོར་བ་བཅུ་ལྡན་པའི་ལུས་རྟེན་འདི་ལྟ་བུ་ཐོབ་པ། འཇིག་རྟེན་འདི་ན་ངན་འགྲོ་དང་བདེ་འགྲོའི་རྟེན་ཙམ་ལ་ལྟོས་ན་སྲིད་མཐའ་ཙམ་དུ་སྣང་བས་སོ།།

3 རྒྱུའི་སྒོ་ནས་རྙེད་དཀའ་ཚུལ།

གོང་དུ་བཤད་པ་དེ་ཙམ་དུ་མ་ཟད་གསུམ་པ་རྒྱུའི་སྒོ་ནས་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། ལམ་རིམ་ཚིགས་བཅད་མ་ལས། གསུམ་པ་རྒྱུ་ཡི་སྒོ་ནས་རྙེད་དཀའ་སྟེ།། མངོན་མཐོ་ཙམ་ལའང་ཚུལ་ཁྲིམས་ལ་སོགས་པའི།། རྣམ་དག་དགེ་བ་སྣ་རེ་རྒྱུ་དགོས་ལ།། ཁྱད་པར་དལ་འབྱོར་ཚང་བ་ཐོབ་པ་ལ།། རྣམ་དག་ཁྲིམས་ཀྱིས་གཞི་བཟུང་སྦྱིན་སོགས་ཀྱིས།། གྲོགས་བྱས་སྨོན་ལམ་དག་པས་མཚམས་སྦྱོར་སོགས།། དགོས་ནས་དེ་དག་བསྒྲུབ་པ་ཉུང་བས་སོ།། དེ་སྐད་དུ་ཡང་རྒྱལ་སྲས་ཞི་བ་ལྷས།། སྐྱེས་བུའི་དོན་སྒྲུབ་ཐོབ་པར་འགྱུར་བ་ལ།། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན།། ཕྱིས་ནས་ཡང་དག་འབྱོར་བ་ག་ལ་འགྱུར།། ཞེས་མངོན་མཐོའི་གོ་འཕང་ཙམ་ཐོབ་པ་ལ་ཡང་ཚུལ་ཁྲིམས་ལ་སོགས་པའི་རྣམ་པར་དག་པའི་དགེ་བ་སྣ་རེ་མ་མཐའ་རྟེན་འདིའི་རྒྱུར་བསྒྲུབ་དགོས་པ་ལ། དེ་སྒྲུབ་མཁན་ཤིན་ཏུ་དཀོན་ཞིང་། ཁྱད་པར་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་རྟེན་ཁྱད་པར་ཅན་ཐོབ་པ་ལ། མི་མཐུན་ཕྱོགས་ཀྱིས་མ་གོས་པའི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་གཞི་བཟུང་། སྦྱིན་སོགས་ཀྱིས་ཏེ་སྦྱིན་པ་ལ་དགེ་བ་གཞན་མང་པོས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པའམ་རྣམ་པར་དག་པས་མཚམས་སྦྱོར་བ་སོགས་དགོས་ན། རྒྱུ་དེ་དག་སྒྲུབ་པ་ཤིན་ཏུ་ཉུང་བས་སོ། དེ་སྐད་དུ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ།། སྐྱེས་པའི་དོན་སྒྲུབ་ཐོབ་པར་འགྱུར་བ་ལ།། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན།། ཕྱིས་ནས་ཡང་དག་འབྱོར་བར་ག་ལ་འགྱུར།། ཞེས་གསུངས་པ་བཞིན་ནོ།།

4 འབྲས་བུ་དང་དཔེའི་སྒོ་ནས་རྙེད་དཀའ་ཚུལ།

རྟེན་འདི་ཉིད་འབྲས་བུའི་སྒོ་ནས་དང་དཔེའི་སྒོ་ནས་རྙེད་པར་དཀའ་བ་བསམ་པའི་ཚུལ་ནི་ཡོད་དེ། ལམ་རིམ་ཚིགས་བཅད་མ་ལས། ཞེས་པ་བཞིན་ནོ་འབྲས་བུའི་སྒོ་ནས་དང་།། དཔེ་ཡི་སྒོ་ནས་རྙེད་དཀའ་བསམ་པ་ནི།། རྒྱ་མཚོའི་གཏིང་ན་རུས་སྦལ་མིག་ལོང་བ།། ལོ་བརྒྱ་བརྒྱ་ན་སྟེང་དུ་ལན་རེ་ཙམ།། ས་གཅིག་ཉིད་ནས་འོང་བ་ཞིག་ཡོད་ལ།། རྒྱ་མཚོའི་གཏིང་ན་གཉའ་ཤིང་ཕྱོགས་ཀུན་ཏུ།། རླུང་གིས་བསྐྱོད་ཅིང་བུ་ག་གཅིག་པ་ཞིག། ཡོད་དེ་དེ་ཡི་བུ་གར་རུས་སྦལ་དེའི།། མགྲིན་པ་ཆུད་པ་དཀའ་མོད་དེ་བས་ཀྱང་།། དུད་འགྲོ་ལ་སོགས་ངན་འགྲོའི་འགྲོ་བ་ལ།། ལྟོས་ནས་བདེ་འགྲོ་ཙམ་ཡང་སྲིད་མཐའ་དང་།། བདེ་འགྲོ་ཙམ་ལ་ལྟོས་ཏེའང་དལ་བའི་རྟེན།། སྲིད་མཐའ་ཙམ་དུ་སྣང་བས་དལ་འབྱོར་འདི།། ཤིན་ཏུ་རྙེད་པར་དཀའ་སྟེ། ཞེས་ཇི་ལྟར་རྒྱ་མཚོ་ཆེན་པོའི་གཏིང་ན་གནས་པའི་རུས་སྦལ་མིག་ལོང་བ་ལོ་བརྒྱ་བརྒྱ་ན་སྟེང་དུ་ལན་རེ་ཙམ་འདུག་པ་ས་གཅིག་ཉིད་ནས་མགོ་བོ་ཕྱིར་ལན་གཅིག་འོང་གཅིག་ཡོད་པ་ལ། རྒྱ་མཚོའི་སྟེང་ན་གཉའ་ཤིང་ཕྱོགས་ཀུན་ཏུ་རླུང་གིས་བསྐྱོད་ཅིང་བུ་ག་གཅིག་པ་ཞིག་ཡོད་དེ། གཉའ་ཤིང་དེ་ཡི་བུ་གར་རུས་སྦལ་ལོང་བ་དེའི་མགྲིན་པ་ཆུད་པར་འགྱུར་བ་ཤིན་ཏུ་དཀའ་མོད། དཔེ་དེ་བས་ཀྱང་དུད་འགྲོ་ལ་སོགས་པའི་ངན་འགྲོ་བའི་འགྲོ་བ་ལ་ལྟོས་ཏེ། བདེ་འགྲོའི་ལུས་རྟེན་ཙམ་ཐོབ་པ་ཡང་སྲིད་མཐའ་ཙམ་ཡིན་པ་དང་། བདེ་འགྲོའི་ལུས་རྟེན་ཙམ་ལ་ལྟོས་ཏེའང་དལ་བའི་རྟེན་ཁྱད་པར་ཅན་ཐོབ་པ་སྲིད་མཐའ་ཙམ་དུ་སྣང་བས། དལ་འབྱོར་འདི་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། ཇི་སྐད་དུ། བཤེས་སྤྲིངས་ལས། ཇི་ལྟར་རྒྱ་མཚོ་ཆེར་གནས་གཉའ་ཤིང་བུ་ག་དང་།། རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས།། མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས།། དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད།། ཅེས་གསུངས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།